བོན་རྒྱ་བསྟན་འཛིན་རབ་རྒྱས།
ང་ཡང་ཇུས་མེད་ཇུས་གཏོགས་དང་ཡིན་མིན་ཡིན་མདོག་གིས་ད་ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གསུམ་(སྤྱི་ལོ་ ༢༠༡༢ ཟླ་ ༠༩ ཚེས་ ༢༡.༢༢.༢༣)རིང་སློབ་མ་རྩོམ་དགའ་ཚོར་རྩོམ་རིག་ཟབ་སྦྱོང་སྤྲོད་པར་ཆས་པ་ཡིན། ཅི་ཡིན་མ་ཤེས་ཏེ། ལོ་ཤས་སྔོན་ཞིག་ནས་བཟུང་རྩོམ་པ་པོའི་ཡིན་པའི་སྟེང་ལ་གཏམ་བཤད་པ་རུའང་གྱུར་འདུག དེའི་ཕྱིར། ཐེངས་འདིར་ཡང་ཚོར་སྣང་ཅི་ཡང་མེད་པར་ངོས་ལེན་བྱས་ཤིང་བློ་ཐག་རྦད་བཅད་ཀྱིས་ཝཱ་ཎ་སློབ་གྲྭར་ཆས་པ་ཡིན། ཕྱིར་འཁོར་ནས་འདང་ཞིག་བརྒྱབ་ན། ཐེངས་འདིའི་འགྲུལ་བཞུད་ནི་ཅུང་དོན་ཡོད་དུ་བསམ་པས། དེ་རིང་དེ་དག་ལ་དྲན་གསོ་ཙམ་གྱི་ཕྱིར་རྩོམ་ཡིག་འདི་འབྲི་བར་ཞུགས་པ་ཡིན།
ཝཱ་ར་ཎ་སི་ནི་སྟོན་པ་ཤཱཀྱ་ཐུབ་པས་དཔའ་རྟགས་དང་པོ་བཞག་ས་དེ་ཡིན་པས་ཚང་མར་རྒྱུས་ཡོད་ཡིན་རྒྱུ་རེད་དེ། སློབ་གྲྭ་ཅུང་རྒྱུས་མེད་ཡིན་སྲིད་པ་རེད། ཡིན་ནའང་། དུང་དཀར་ཚིག་མཛོད་ནང་། “ཝཱ་ར་ཎ་སི་ནི། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཆུ་བོ་ཝཱ་ར་དང་ཎ་སི་གཉིས་ཀྱི་བར་དུ་ཡོད་པའི་ཡུལ་སྤྱིའི་མིང་” ཞེས་དང་། “ཉེ་འཁོར་དུ་མགྲོན་ཁང་དང་། གསར་དུ་བཞེངས་པའི་བོད་དགོན། བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གྲྭ་བཅས་ཀྱང་ཡོད་” ཅེས་པའི་སྐབས་ཀྱི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གྲྭ་དེ་ཡིན་ལ། རྒྱ་གར་གཞུང་གིས་འགྲོ་སོང་རིལ་གཏོང་དང་ངོས་ལེན་འོག་ཡོད་པའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་པོའང་རེད། སྔོན་ལ་ཆེས་མཐོའི་སློབ་གཉེར་ཁང་གི་ཐོབ་ཐང་ལས་མེད་ནའང་ཉེ་བའི་ལོ་ཤས་ཡར་སྔོན་ནས་གཙུག་ལག་སློབ་གཉེར་ཁང་གི་གོ་གནས་དངོས་སུ་ཐོབ་ཡོད་པས། དེང་སང་ཐོབ་མིང་གཉིས་ལྡན་གྱི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་ལ་གྱུར་ཡོད། ང་ས་ཆ་འདིར་འབྱོར་བ་དང་དེ་ལྟའི་ལོ་རྒྱུས་དག་དངོས་སུ་གོ་དུས། ཡང་གདན་ས་ཁག་ལ་མཚོན་ན་ཅིག་ཅིག་གི་གཙུག་ལག་སློབ་གཉེར་ཁང་སོགས་ཀྱི་སྒོ་བྱང་གསེར་ཤན་མ་རེ་ཡོད་ནའང་། དོན་དངོས་སུ་རྒྱལ་ཁ་གཅིག་གིས་ཀྱང་སློབ་གྲྭ་ཆེན་མོ་ཞིག་གི་ངོས་ལེན་ཡང་བྱེད་ཀྱིན་ཡོད་པ་མ་རེད་བསམ་སྟེ་སེམས་པ་སྐྱོ་ཤུར་ཤུར་བྱས་ཤིང་། སློབ་གྲྭ་འདིའི་སློབ་མའི་ཆ་རྐྱེན་མང་པོ་ཞིག་ལ་ཡིན་སྨོན་ཤོར། སློབ་གཉེར་ཁང་ཞེས་པ་ནི་དངོས་གནས་འདི་འདྲ་ཞིག་ཡིན་འོས་པ་ལས། ཚོགས་རྐྱང་རྐྱང་གིས་དུས་ཚོད་སྐྱེལ་དགོས་པའི་གདན་ས་ཁག་དང་། དམིགས་ཡུལ་གཅིག་ལ་བཙན་ཐབས་ཀྱིས་འཁྲིད་པའི་གཞིས་ཀྱི་སློབ་ཆེན་ཁག་དང་། སློབ་མ་དང་དགེ་རྒན་གྱི་ཤེས་ཚད་ཨ་མཉམ་ཆ་མཉམ་གྱི་གངས་རིའི་པར་རྒྱབ་ཀྱི་སློབ་ཆེན་མིང་ཅན་ཚོ་ནི་ག་ལ་ཡིན་སྙམ་སྟེ། སློབ་གྲྭ་འདིར་དངོས་གནས་སྨོན་པ་ཤོར་སོང་། སློབ་གྲྭ་འདི་ནས་མ་འཇོན་ན་རང་ཉིད་ཀྱིས་མ་འཇོན་པ་ལས་སློབ་གྲྭས་མཐུན་རྐྱེན་མ་སྤྲད་པ་དང་དགེ་རྒན་གྱི་ཤེས་ཚད་ཀྱི་མ་འདང་བའི་སྐྱོན་ནི་ཕལ་ཆེར་མེད་པའི་ཚོར་སྣང་བྱུང་།
སློབ་གྲྭ་འདིའི་དབྱིན་ཡིག་དང་། ཧིན་རྡུ། སི་སྐྲི་ཏའི་སྐད་སོགས་ཀྱི་དགེ་རྒན་མང་ཆེ་བ་རྒྱ་གར་དང་ཕྱི་རྒྱལ་གྱི་སློབ་གྲྭ་ཚད་ལྡན་དག་ནས་ཐོན་པའི་སློབ་ཐོན་ཚད་ལྡན་བྱས་པ་ཤ་སྟག་རེད་ལ། བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས་ཀྱི་གཞུང་ཁྲིད་མཁན་དང་། རྒྱ་གཞུང་དགེ་རྒན་ཚང་མའང་ཆོས་བརྒྱུད་སོ་སོའི་ནང་གི་དགེ་བཤེས་རྩེ་གྲས་ཤ་སྟག་རེད། སློབ་གྲྭ་འདི་ནི་དེ་ལྟའི་དགེ་རྒན་གྱི་མཐུན་རྐྱེན་འཛོམས་པ་མ་ཟད་ཆོས་བརྒྱུད་ཁག་གི་གཞུང་དང་རྒྱ་ཧིན་དབྱིན་གསུམ་གྱི་སྐད་ཡིག་དང་། རྩོམ་རིག ལོ་རྒྱུས་སོགས་ཀྱི་དཔེ་ཆའི་མཐུན་རྐྱེན་ཐད་ནས་ཀྱང་ངོ་མཚར་བ་ཞིག་རེད། དཔེར་ན། བཀའ་བསྟན་གཉིས་ལའང་དཔར་རྩ་མི་འདྲ་བ་བཞི་ལྔ་རེ་འདུག་པ་མ་ཟད། བོན་གྱི་བཀའ་བརྟེན་དང་ཆོས་བརྒྱུད་གཞན་གྱི་གསུང་འབུམ་སོགས་ཀྱི་མཐུན་རྐྱེན་ཡང་དེ་བཞིན་རེད། དཔེ་ཆ་གང་ཞིག་ཀློག་དགོས་ན་ཀློག་ཆོག་ཆོག་དང་དེ་བཞིན་འཆད་འཁྲིད་སོགས་ཀྱི་སྒྲ་ལ་ཉན་ནའང་ཉན་ཆོག་ཆོག་གི་མཐུན་རྐྱེན་འཛོམས་པོ་རེད།
ཆུ་ཚོད་ཀྱི་ཐད་ནས་ཀྱང་སྔ་དྲོ་ཆུ་ཚོད་བརྒྱད་པ་ནས་ཉིན་གུང་ཆུ་ཚོད་དང་པོ་དང་ཕྱེད་ཀའི་བར་དུ་དཔེ་ཁྲིད་ཡོད་པ་ལས། ཕྱི་དྲོ་ཆ་ཚང་བར་སློབ་མ་རང་ཉིད་ཀྱི་དཔེ་ཀློག་དང་བློ་འཛིན་གྱི་དུས་ཚོད་ལ་ནར་འཇོག་བྱས་འདུས་པས་སློབ་སྦྱོང་གི་ཆུ་ཚོད་ཀྱང་ཧ་ཅང་རིང་བོ་དང་ཀུ་ཡངས་པོ་རེད། གདན་ས་ཁག་ལ་མཚོན་ན་ཉིན་རེ་རེ་བཞིན་བླ་སྤྱིའི་ཚོགས་མེད་ན་གྲྭ་ཚང་གི་ཚོགས། གྲྭ་ཚང་གི་ཚོགས་མེད་ན་ཁམས་ཚན་གྱི་ཚོགས། ཁམས་ཚན་གྱི་ཚོགས་མེད་ན་ཤག་ཚང་གི་ཚོགས་མེད་དུས་མེད་ལ། མཚམས་རེར་དེ་ཆ་ཚང་གི་ཚོགས་པང་བསྒྲིགས་ནས་ཉིན་གང་བོར་ཚོགས་ལ་འཚོགས་ནས་དུས་ཚོད་སྐྱེལ་དགོས་པའི་སྐབས་ཀྱང་ཤིན་ཏུ་མང་བ་མ་ཟད། རྒྱ་གཞུང་རེ་ཟུང་དང་། རང་གི་ཆོས་བརྒྱུད། རང་གི་ཡིག་ཆ་གཅིག་པོ་ལས་ཆོས་བརྒྱུད་གཞན་གྱི་གཞུང་འཆད་འཁྲིད་གནང་མཁན་ལྟ་ཅི། ཐ་ན་དཔེ་མཛོད་ཁང་ནས་དཔེ་ཆ་བཙལ་ནའང་མི་རྙེད་པའི་ཚད་ཡིན་པ་ཚང་མར་གསལ་བས། བོད་ཀྱི་རིག་གཞུང་ལ་སློབ་གཉེར་འཛོམས་པོ་ཞིག་བྱེད་ན་ཝཱ་ཎ་ལྟ་བུ་ཞིག་ཡིན་འོས་པ་ལས། མིང་སྟོང་དོན་སྟོང་གི་འུར་གྱིས་ག་ལ་ཕན། འུ་ཚོས་ཆེ་ཆེ་རྫིག་རྫིག་གི་ཐ་སྙད་སྦྱར་བའི་གདན་ས་ན་རིག་གཞུང་ཕྱོགས་རེ་བ་ཞིག་ལས་སྦྱངས་ས་མེད་པ་དེ་དངོས་ཡོད་གནས་ཚུལ་རེད་ལ། དགེ་ལུགས་ལྟ་བུའི་ཆོས་བརྒྱུད་གཅིག་གི་གཞུང་ལ་རྒྱུས་ཡོད་ཆགས་པས་བོད་ཀྱི་རིག་གཞུང་ལ་རྒྱུས་ཡོད་ཀྱི་ཚད་གཞི་བཟུང་ན་དེ་ནོར་བ་རེད། བོད་ཀྱི་རིག་གཞུང་ལ་རྒྱུས་ཡོད་བྱེད་ན་ཐུན་མོང་རིག་གནས་ཀྱི་རྨང་གཞིའི་སྟེང་བོན་དང་བཅས་པའི་ཆོས་བརྒྱུད་ལྔ་ཀའི་རིག་གཞུང་ལ་ཞིབ་ལྟ་ཞིག་མ་བྱས་ཐབས་མེད་ཡིན་ཙ་ན། དེ་འདྲའི་མཐུན་རྐྱེན་འཛོམས་ས་ཝཱ་ཎ་ལྟ་བུ་ལ་ཆོས་བརྒྱུད་གཞན་དག་གིས་དཔེར་ལྟ་བྱ་རྒྱུ་གལ་ཆེན་དུ་མཐོང་། རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་རྒྱུ་དཀའ་ནའང་དགེ་རྒན་དང་། དཔེ་མཛོད། དུས་ཚོད་བཅས་ནི་དགོན་སྡེ་རང་རང་གི་དབུ་འཛིན་གྱིས་ཐག་གཅོད་འོས་པ་དང་འཇོན་ནུས་པ་ཞིག་རེད།
འོ་ན། ཝཱ་ཎའི་སློབ་མ་སྤྱིའི་ཤེས་ཚད་ནི་སྐྱོ་བོ་ཡིན་ཞིང་སློབ་ཐོན་པ་དག་གི་ནང་དུའང་མཁས་པ་དེ་དང་ཤེས་ཡོན་པ་འདི་ཞེས་མང་པོ་ཞིག་སྟོན་རྒྱུ་མེད་པ་ཅི་རེད་ཅེས་པའི་དྲི་བ་དེ་སུས་ཀྱང་འདྲི་སྲིད་པ་རེད། ཡིན་ནའང་། དེ་ལ་ལན་སྟབས་བདེ་ཞིག་བརྒྱབ་ན་དེ་ནི་སློབ་གྲྭ་འདིས་གཡག་དང་མཛོ་ལ་ཁལ་མ་བཀལ་བར་ར་དང་ལུག་ལ་ཁལ་བཀའ་བའི་ཆ་ནས་བྱང་ལམ་གཅོད་མཁན་ཤིན་ཏུ་ཉུང་སོང་བ་རེད་ཅེས་སུ་སྨྲ་འདོད་བྱུང་། དེ་ལས་ཀྱང་འགྲེལ་བཤད་རྒྱས་ཙམ་བྱས་ན། སློབ་གྲྭ་འདིར་མཛོ་གཡག་ཉུང་ཞིང་བོད་ཁྱིམ་དང་ཧི་མ་ལའི་རི་རྒྱུད་ཀྱི་ར་ལུག་མང་དྲགས་སོང་བས་ཁལ་ལྕི་མོ་འཁུར་ཐུབ་མཁན་མེད་སོང་བ་རེད། སློབ་གྲྭ་འདི་ན་གསེར་དངུལ་ཟངས་ལྕགས་ཀྱི་ལྟ་གྲུབ་སྣ་ཚོགས་ཀྱི་དོ་བོ་ལས་སུམ་རྟགས་དག་གསུམ་ལྟ་བུའི་རྩྭ་དང་བལ་གྱི་དོལ་བོ་མི་འདུག་ལ་དེ་འགེལ་མཁན་ཡང་མི་འདུག་པས་ར་ལུག་དག་གིས་རྒྱུད་པ་ཞ་ཞ་དང་གཉའ་བ་འཁུམ་འཁུམ་གྱིས་ཡིག་ཚད་ཁོ་ན་བློ་སྐྱོར་གྱིས་དུས་ཚོད་སྐྱེལ་གྱིན་འདུག་པས་ཡར་རྒྱས་མེད་སོང་བ་རེད་སྙམ། མདོར་ན། ཝཱ་ཎ་ནི་ལྟ་གྲུབ་སློབ་སྦྱོང་བྱེད་ས་ལས་སུམ་རྟགས་དག་གསུམ་སྦྱངས་ས་མ་རེད། ཝཱ་ཎ་ནས་སློབ་གཉེར་ཚད་ལྡན་ཞིག་བྱེད་འདོད་ན་སཱ་ར་དང་ནོར་གླིང་ལྟ་བུ་སློབ་ཐོན་བྱས་པའི་རྗེས་དང་། གདན་ས་ནས་ཕར་ཕྱིན་རྫོགས་པའམ་མ་མཐའ་ཡང་བསྡུས་གྲྭ་དང་བློ་རྟགས་སྤུས་དག་ཅིག་སྦྱངས་པའི་སྟེང་ཐུན་མོང་རིག་གནས་ཀྱི་རྨང་གཞི་ཆགས་ཚར་རྗེས། ད་གཟོད་ཝཱ་ཎར་སོང་ན་ཝཱ་ཎར་སྦས་པའི་ནོར་བུ་དག་ལེན་ཐུབ་པ་ལས་རྨང་གཞི་ཅི་ཡང་མེད་པའི་སྟེང་ཝཱ་ཎར་ཞུགས་ན་འབྲས་བུ་འབྱུང་ཁེགས་པོ་རེད། ངས་བལྟས་ན་ད་ལྟའི་བར་ཝཱ་ཎའི་སློབ་ཐོན་པ་མང་པོ་ཞིག་ལ་དབུ་ཕར་ཚད་གསུམ་གང་ན་ཡོད། ཐ་ན་སུམ་རྟགས་དག་གསུམ་ཡང་མེད་པའི་ལག་རྡུམ་ཤ་སྟག་ཡིན་མོད། སིང་སྐྲི་ཏའི་སྐད་ཡིག་ཅན་གྱི་ལག་འཁྱེར་འོད་འཚེར་བ་རེ་ཐོང་ཀར་བཏགས་ནས་ཡོང་དོན་ཡང་གནད་འགག་འདི་དག་ལ་ཐུག་ཡོད་པར་སེམས།
ཐེངས་འདིར་ངའི་ཟབ་སྦྱོང་གི་ནང་ལ་ཝཱ་ཎའི་ནང་གི་རིག་གནས་ཀྱི་དུངས་ཀ་ཅན་དག་ཕལ་ཆེ་བ་ཞིག་འཛོམས་འདུག་ལ། སློབ་མ་དེ་དག་གི་སེམས་ཁམས་དྭངས་ཤིང་གཙང་བ་དང་། བརྩོན་སེམས་ཀྱི་འདུ་ཤེས་ཀྱིས་ངའི་ཡིད་འཕྲོག་པ་མ་ཟད། སློབ་མ་མང་ཆེ་བས་དྲི་བ་བཏང་བ་སྤུས་དག་ཅིང་བསམ་ཚུལ་བཤད་པའང་བརྗོད་གཞིར་འབྲེལ་ཆེ་བས་རིགས་ལམ་སྦྱངས་པའི་ཁྱད་ཆོས་རྣལ་མ་ཞིག་མངོན་སོང་། ངས་ “བོད་ཀྱི་སྲོལ་རྒྱུན་སྙན་ངག་དང་བཅད་གསར་གྱི་ཁྱད་པར་” ཟེར་བའི་བརྗོད་གཞི་གཅིག་དང་། “བོད་ཀྱི་མཚན་ཉིད་རིག་པའི་སྒྱུ་རྩལ་རྩོམ་རིག་འབེལ་རྩོམ་” ཞེས་པའི་བརྗོད་གཞི་གཉིས་ཀྱི་སྟེང་ཁ་བརྡ་བྱས་ཤིང་། བརྗོད་གཞི་དང་པོའི་ནང་དུ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་སྙན་ངག་སྤྱི་བཤད་དང་། ཞར་བྱུང་སྙན་ངག་གི་སྡེ་ཚན་ཁ་ཤས་སྟེང་རང་གི་བསམ་ཚུལ་སྤེལ་བ་ཡིན། བརྗོད་གཞི་གཉིས་པའི་ནང་འབེལ་རྩོམ་གྱི་སྐོར་སྤྱི་བཤད་མདོར་བསྡུས་དང་བོད་ཀྱི་སྐད་དང་ཡི་གེར་ཕུལ་བའི་འབེལ་རྩོམ་རིན་པོ་ཆེ་འཆད་འཁྲིད་མདོར་བསྡུས་ཤིག་བྱས་ཁུལ་ཡིན། སློབ་མ་བདུན་ཅུ་བརྒལ་བ་ཚོགས་ཞུགས་བྱས་པ་དང་སློབ་མ་ཚོས་གཟབ་ཉན་དང་དོ་སྣང་བྱེད་སྟངས་ཐད་ནས་ཀྱང་རང་གི་སྨྲ་བ་དོན་ལྡན་ལ་གྱུར་བའི་སྣང་བ་བྱུང་བ་དང་ལྷག་པར་ཚོགས་ཞུགས་སློབ་མ་ཚོས་ཕན་ཐོགས་ངེས་ཅན་བྱུང་བའི་བསམ་ཚུལ་ཡང་བཏོན་སོང་བས་རང་སེམས་བདེ་བོ་བྱུང་། གཅིག་བྱས་ན་ངས་གསེར་དང་དངུལ་མ་བཤད་པར་རྩྭ་དང་རྩྭི་ཤིང་བཤད་པའི་ཆ་ནས་ཀྱང་མིན་ནམ་སྙམ། ཀུ་རེ་ཡིན་ཏེ། སྐབས་འདིར་སློབ་མ་ཚོས་སེམས་ཁམས་དྭངས་ཤིང་གཙང་མའི་སྙན་ངག་གྱེར་འདོན་དང་། དྲི་བ་འདོན་པ། བསམ་ཚུལ་བཤད་པ་སོགས་ཀྱི་རྐྱེན་པས་ཉིན་ཤས་རིང་དགའ་སྐྱིད་དཔེ་མེད་ཅིག་གི་ཚོར་སྣང་ངང་སྐྱེལ་རྒྱུ་བྱུང་མ་ཟད། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་མགོ་ཐོག་ན་གནམ་མེད་པར་རྒྱུ་བའི་ལོ་ཟླ་ལའང་ཕྱིར་དྲན་ཟབ་མོ་ཞིིག་གི་གོ་སྐབས་ཤར་བཅུག་པས། ངས་རིག་བཟང་སློབ་ཕྲུག་རྣམས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
ད་དུང་ལོ་ཙཱ་བ་བསྟན་འཛིན་རིག་བཟང་དང་ལྷན་དུ་ཉིན་ཤས་རིང་རིག་གཞུང་སྣ་ཚོགས་སྐོར་ལ་ཁ་བརྡ་དང་། གློག་བརྙན་ལ་ལྟ་བ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཝཱ་ཎ་གཉིས་ཀྱི་གནའ་གྲོང་དང་དེང་རབས་ཀྱི་ཁྲོམ་ར་ཁ་ཤས་ལ་འཁྱམ་སྐྱོད་ཀྱི་སྐལ་བའང་ལྡན་སོང་བས། ད་ཐེངས་ཀི་འགྲུལ་བཞུད་འདི་ནི་བསམ་བློ་དང་སྤྲོ་སྐྱིད་ཟུང་ལྡན་གྱི་འགྲུལ་བཞུད་ཅིག་ལ་གྱུར། དཔེར་ན། ངས་སྙན་ངག་མེ་ལོང་མ་བརྡ་སྤྲོད་ཀྱི་ཁོངས་སུ་གཏོགས་པར་སྙམ་ཞིང་ཐེངས་འདིའི་ཟབ་སྦྱོང་སྐབས་སུའང་དེ་ལུགས་བཤད་འདོད་ཡོད་པ་དང་། ས་སྐྱ་པན་ཆེན་གྱིས་བརྡ་སྤྲོད་པས་སྒྲ་རིག་པ་ཞེས་གསུངས་མྱོང་བ་དང་མངོན་བརྗོད་བརྡ་སྤྲོད་ལ་ཐེ་བ་དང་། དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་སོགས་ཀྱིས་སྙན་ངག་གི་ཡོན་ཏན་ཡིན་ཞེས་མང་དུ་གསུངས་པ་རྣམས་ཀྱང་བརྡ་སྤྲོད་ཀྱི་ཡོན་ཏན་དུ་སྙམ་བསྡད་པ་ལ་ཁོང་གིས་དབྱིན་ཡིག་གི་དེབ་ཞིག་གི་ནང་དུའང་གཟུགས་རྒྱན་དང་དཔེ་རྒྱན་སོགས། བརྡ་སྤྲོད་ཀྱི་གྲས་སུ་དེད་ཡོད་པའི་བསམ་ཚུལ་བཤད་པ་དང་། ད་དུང་ནུབ་ལུགས་སུའང་ཆོས་ལུགས་ཀྱི་སྐོར་བརྗོད་བྱར་བྱས་པའི་སྙན་ངག་ཡོད་རབས་དང་ནུབ་ཕྱོགས་པས་ཆོས་ཞེན་དང་། དེའི་མཇུག་འབྲས་འཇིགས་སུ་རུང་བ་དག་གི་ཐད་ནས་བསམ་ཚུལ་གསེར་འདྲ་བ་མང་དུ་ཐོས་པས་འགྲུལ་བཞུད་འདི་དོན་ཡོད་དུ་གྱུར་བའི་ཚོར་བ་བདག་ལ་བྱུང་།
ད་དུང་ཝཱ་ཎ་ནས་གྲོགས་བདེ་ཆེན་སྒྲོལ་མ་དང་ལྷན་དུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གནས་པའི་མཆོད་རྟེན་ལ་སྐོར་བ་དང་། དུས་རབས་བཞི་བ་དང་ལྔ་བའི་སྐབས་བཅོམ་གཏོར་བྱས་པའི་སྐུ་གསུང་ཐུགས་རྟེན་དང་། མཛེས་མའི་འདྲ་རིས་སོགས་རིན་བྲལ་གཞལ་མེད་ཀྱི་འགྲེམ་སྟོན་ཁང་ལ་ལྟ་སྐོར་སོགས་བྱེད་རྒྱུ་བྱུང་ཞིང་དེ་དག་གི་སྐབས་སུ་ཞེད་སྣང་དང་བག་ཡངས་ཀྱི་ཚོར་སྣང་སྣ་ཚོགས་ཤིག་བྱུང་བ་སྟེ། དཔེར་ན། ཆོས་ལུགས་ཀྱི་ཞེན་ཁོག་གིས་ཕ་མེས་ཀྱི་རིན་ཐང་གཞལ་བར་དཀའ་བའི་རིགས་དངོས་ཡོད་ཚད་བཅོམ་གཏོར་བཏང་བ་འདི་ནི། ལྷ་དང་བླ་མའི་བྱིན་རླབས་ཞུགས་པ་ཡིན་ནམ་གདོན་དང་རྒྱ་འདྲེ་ཁོག་ཞུགས་བྱས་པ་ཡིན་ནམ་སྙམ་པའི་ཚོར་སྣང་འཇིགས་ཡེར་བ་བྱུང་བ་མ་ཟད། རྩ་ཆེ་བའི་རིགས་དངོས་ཡོད་ཚད་རྩ་གཏོར་ཙམ་མིན་པར་ཟབ་ཅིང་བརླིང་བའི་རིག་གནས་ཀྱང་རྩ་སྟོངས་ལ་གྱུར་ནས་ད་ལྟ་མི་རིགས་གཞན་ཞིག་གིས་ང་ཚོའི་ནང་བའི་ཆོས་ཞེས་འཛམ་གླིང་ལ་ངོམ་བསྡད་པའི་སྣང་ཚུལ་འདི། རྒྱ་གར་གྱི་བློ་ལྡན་མི་རབས་ཕྱི་མ་དག་གིས་མཐོང་ན་ཅི་སྙམ་བཞིན་ཡོད་དམ། དགེ་ཆོས་དང་ལོང་ཤར་བསད་པ་ནི་འདི་ལ་བལྟས་ན་ཧ་ཅང་ཚབས་ཆུང་བའི་ཉེས་པ་ཞིག་རེད་ཨང་སྙམ་པའི་ཚོར་སྣང་བྱུང་།
ད་དུང་དྲང་སོང་ཆེན་པོ་ཏིང་འཛིན་ལས་ཀྱང་གྲོལ་བཅུག་པའི་ཝཱ་ར་ཎ་སིའི་སྐད་གྲགས་ཅན་གྱི་གཞང་ཚོང་བུ་མོ་ཀ་ཤཱིའི་མཛེས་དགའ་མའི་སྣང་བརྙན་ལའང་རྟོག་བཟོ་ཅུང་བྱེད་རྒྱུ་ཤར་བ་སྟེ། འགྲེམ་སྟོན་ཁང་དུ་བཤམས་པའི་རྒྱ་གར་བུ་མོའི་འབག་བརྙན་ཕྱེད་ཀ་ཅན་དང་ཆག་རོ་མང་པོ་ཞིག་གིས་སྙན་ངག་ནང་ཡང་ཡང་གླེང་བའི་མཛེས་དགའ་མའི་སྣང་བརྙན་དང་ཨ་མཉམ་ཆ་མཉམ་གྱི་སྣང་བ་ཞིག་བྱུང་བས། འགྲེམ་སྟོན་ཁང་དེས་ངའི་སེམས་ནང་ལ་བརྗེད་དཀའ་བའི་རྟོག་འཆར་མོད་པོ་ཞིག་བཞག་སོང་། ད་དུང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཚལ་ནས་མཆོན་རྟེན་ཆེན་པོར་ཁ་འཁོར་ནས་སྨོན་ལམ་ཐན་ཐུན་ཞིག་དང་ལྷན་དུ་བྱ་རྒོད་ལྟར་འཕུར་འོང་སྟེ་ཟད་པར་མེ་ཡི་ཏིང་ངེ་འཛིན་ལས་རུས་ཐ་ཐུལ་ཐུལ་འཕུར་སོང་བའི་བསེ་རུ་ལྟ་བུའི་དགྲ་བཅོམ་པ་དག་ལའང་ “ཁྱེད་ཅག་ལ་ཧང་སངས་རྒྱུ་མེད་ཀི་”ཞེས་མིག་ཆུ་བསིལ་མོ་ཞིག་རང་གི་བྲང་གཞུང་ལ་ཟགས་སོང་།
ཝཱ་ཎའི་གྲོང་ཁྱེར་ནི་ཡར་རྒྱས་དལ་ཞིང་རྫོབ་ཆེ་བ་སྟེ། སྲང་ལམ་ཀུན་ན་ཐལ་བ་ལངས་ཤིང་། ཐ་ན་སྲང་ལམ་གྱི་བཞི་མདོ་ཆེན་པོ་དག་ནའང་གློག་འོད་དམར་སེར་ལྗང་གསུམ་གྱི་ལམ་སྒྲིག་སྟོན་མཁན་མེད་པ་མ་ཟད། དམག་མི་གཅིག་རེ་ལངས་མེད་སའང་ཤིན་ཏུ་མང་མོད། གྲོགས་ཚང་ལྟར་བརྡོལ་བའི་རླངས་འཁོར་ཆེ་ཆུང་དང་རྐང་འཁོར་རིགས་ཚང་མས་རང་རང་ས་ནས་གཞན་བཀུར་རང་སྲུང་གིས་དལ་དལ་ཤིག་ཤིག་འགྲོ་བ་ལས་གཅིག་ལ་བརྡབ་བཞག་ས་དང་། ཅིག་ལ་འཛིང་བསྡད་ས་གཅིག་ཀྱང་མེད་པའི་ངང་ཚུལ་དེ་མཐོང་བས་ངས་བྱང་ཕྱོགས་རྡ་ས་དང་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་རྒྱ་གར་ནག་རིལ་ཚོ་སྟེ། མི་འཐད་པའི་སྐད་ཆ་གཅིག་བཤད་ན་ “ས་འདི་ངས་རེད་ཕར་རྒྱུགས་” ཞེས་ངོ་མདང་འགྱུར་འགྲོ་བ་དང་། གཉིས་བཤད་ན་གྲི་བཟུང་རྡོ་བཟུང་གིས་རུབ་ནས་ཡོང་བའི་རྒྱ་གར་ཚོ་དང་ཡེ་ནས་མི་འདྲ་བའི་སྣང་ཚུལ་ཞིག་མཐོང་བས། “དངོས་གནས་དུས་སྙིགས་མར་གནས་ཀྱི་བྱིན་རླབས་མི་ལ་ཞུགས་ཀྱིན་ཡོད་དམ་” ཞེས་ཁུ་སིམ་སིམ་རང་ལ་དྲིས་པ་ཞིག་དྲིས། ཡང་ན་སྟོན་པ་བྱམས་བརྩེ་བདག་ཉིད་ཅན་དེའི་ཀུན་སྤྱོད་ཀྱི་རིགས་རྒྱུན་རེ་མ་ཆད་པར་ཡོད་པའི་རྟགས་མཚན་ལའང་འདི་འདྲ་བཞག་ན་འོས་པ་ལ་སྙམ་པའི་རྟོག་འགྱུ་ཡང་བྱུང་ལ། ཝཱ་ཎ་ནི་རྒྱ་གར་ནང་གི་ཨྱའི་མི་རྒྱུད་དང་ཤེས་རིག་གི་ཞིང་ཁམས་ལ་ངོས་འཛིན་བྱེད་པ་དེའང་བསམ་བློ་གཏོང་རྒྱུ་ཞིག་འདུག་ཨང་སྙམ་སྟེ། ཝཱ་ཎར་བསྡད་པའི་ཉིན་ཤས་ནི་ཞི་བདེ་བག་ཕེབས་ཤ་སྟག་དང་འཆར་སྣང་གི་འགྱུ་བ་སྣ་ཚོགས་ནི་གསེར་མདོག་གཱངྒའི་རླབས་ལས་ཀྱང་འཁྲུག་ཆ་དོད་པར་གྱུར།
ཡིན་ནའང་། ད་ཐེངས་རྩོམ་ལ་དགའ་བའི་སློབ་ཕྲུག་ཚོ་དང་ལྷན་དུ་ཝུ་ཆང་གི་མངར་ཁར་རོལ་ཏེ་སྐད་ཆ་ལྷོད་ལྷོད་ཅིག་མ་བྱུང་བ་ནི་ཝཱ་ཎར་ལུས་སོང་བའི་འཁྲེང་སེམས་ལྕི་མོ་དེ་ལ་གྱུར་ཡོད། ལྷག་པར་སློབ་ཕྲུག་ཁ་ཤས་ཀྱིས་དེ་ལ་རེ་བ་བྱས་པ་མ་ཟད་སྒོར་མོ་བསྡུ་རུབ་ཀྱང་བྱས་འདུག་མོད། དུས་ཚོད་ཀྱི་དཀའ་ངལ་འོག་ནས་ང་ཚོ་ལ་དེ་ཙམ་ལྷོད་ལྷོད་ཀྱི་གོ་སྐབས་མ་བྱུང་། ད་དུང་རྡ་ས་ནས་སེམས་ནང་ལ་འཆར་འགོད་ཀྱིས་གྲོགས་བདེ་ཆེན་སྒྲོལ་མ་(བདེ་ཆེན་སྒྲོལ་མའི་གསེར་མདོག་གི་གཱངྒ་ཞེས་པའི་སྙན་ངག་དྲ་ཐོག་གི་བརྗོད་གཞི་འཁྲུག་པོ་ཞིག་ལ་གྱུར་མྱོང་ཞིང་། ངའི་གྲོགས་སྙན་ངག་པ་ལྷ་ཆབ་དང་རས་པ་སོགས་ཀྱིས་བཔྱད་བརྗོད་ཀྱང་སྤེལ་མྱོང་)དང་ལྷན་དུ་གསེར་མདོག་གི་གཱངྒར་སོང་ནས་སྙན་ངག་ཅིག་འབྲི་དགོས་བསམ་ནས་ཡོད་མོད། དུས་ཚོད་ཀྱི་དབང་གིས་དེའང་མ་བྱུང་བ་བཅས་ནི་ངའི་སེམས་ནང་ན་ད་དུང་རྡོག་རྡོག་ལ་གྱུར་ཡོད་པ་དེ་ཡིན་།
སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་རྫོགས་པར་བྲིས།
རྩོམ་ཆོག་དེས་བཀའ་དྲིན་ལ་ ཝཱ་ཎ་ཐེངས་ཤིག་སླེབས་འདུག འཚམས་འདྲི་ཡོད།
ཝར་ན་གླེང་མཁན་ཚོས་སྐྱོན་ཏག་ཏག་བཤད་བསྡད་ཡོད་པའི་སྐབས་འདི་འདྲ་ཞིག་ལ། སྐུ་ཞབས་བོན་རྒྱ་བསྟན་རབ་ལགས་ནས་གནས་ལུགས་ཀྱི་ཉེ་ས་ཉེ་ས་ཞིག་ནས་ཕྱོགས་བསྡོམས་ཤིག་གནང་འདུག་པ་འདི་རིན་ཐང་ཅན་གྱི་ཚིག་རེད། ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ང་ལ་དེར་ངོ་ཤེས་འགའ་ཡོད་པ་ཁོང་ཚོས། བོན་རྒྱས་རྩོམ་རིག་སྐོར་གྱི་གླེང་བཤད་དགའ་རབ་གནང་སོང་། ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་ཁ་གང་དང་འདོམ་གང་བྱས་ནས་གླེང་གི་འདུག ཅིག་ཤེས་མཁན་ཚོ་སྤྱི་ཚོགས་ཀྱི་ཉེ་སར་བཅར་དགོས་པ་གལ་ཆེ་སྟབས། རང་གིས་གང་ཤེས་པ་དེ་སྤྱི་ཚོགས་ནང་སོང་ནས་ཁྱབ་སྤེལ་བྱེད་མཁན་སུ་བྱུང་ན་དེར་དགའ་བསུ་ཞུ་འོས་པ་ཞིག་རེད།
ངས་རིན་ཐང་ཅན་དུ་ཚིག་ཏུ་མཐོང་བ་ནི་བོན་རྒྱས་བཤད་པའི་གཤམ་གྱི་ཚིག་དུམ་འདི་ཡིན།
༼ཝཱ་ཎའི་སློབ་མ་སྤྱིའི་ཤེས་ཚད་ནི་སྐྱོ་བོ་ཡིན་ཞིང་སློབ་ཐོན་པ་དག་གི་ནང་དུའང་མཁས་པ་དེ་དང་ཤེས་ཡོན་པ་འདི་ཞེས་མང་པོ་ཞིག་སྟོན་རྒྱུ་མེད་པ་ཅི་རེད་ཅེས་པའི་དྲི་བ་དེ་སུས་ཀྱང་འདྲི་སྲིད་པ་རེད། ཡིན་ནའང་། དེ་ལ་ལན་སྟབས་བདེ་ཞིག་བརྒྱབ་ན་དེ་ནི་སློབ་གྲྭ་འདིས་གཡག་དང་མཛོ་ལ་ཁལ་མ་བཀལ་བར་ར་དང་ལུག་ལ་ཁལ་བཀའ་བའི་ཆ་ནས་བྱང་ལམ་གཅོད་མཁན་ཤིན་ཏུ་ཉུང་སོང་བ་རེད་ཅེས་སུ་སྨྲ་འདོད་བྱུང་། དེ་ལས་ཀྱང་འགྲེལ་བཤད་རྒྱས་ཙམ་བྱས་ན། སློབ་གྲྭ་འདིར་མཛོ་གཡག་ཉུང་ཞིང་བོད་ཁྱིམ་དང་ཧི་མ་ལའི་རི་རྒྱུད་ཀྱི་ར་ལུག་མང་དྲགས་སོང་བས་ཁལ་ལྕི་མོ་འཁུར་ཐུབ་མཁན་མེད་སོང་བ་རེད། སློབ་གྲྭ་འདི་ན་གསེར་དངུལ་ཟངས་ལྕགས་ཀྱི་ལྟ་གྲུབ་སྣ་ཚོགས་ཀྱི་དོ་བོ་ལས་སུམ་རྟགས་དག་གསུམ་ལྟ་བུའི་རྩྭ་དང་བལ་གྱི་དོལ་བོ་མི་འདུག་ལ་དེ་འགེལ་མཁན་ཡང་མི་འདུག་པས་ར་ལུག་དག་གིས་རྒྱུད་པ་ཞ་ཞ་དང་གཉའ་བ་འཁུམ་འཁུམ་གྱིས་ཡིག་ཚད་ཁོ་ན་བློ་སྐྱོར་གྱིས་དུས་ཚོད་སྐྱེལ་གྱིན་འདུག་པས་ཡར་རྒྱས་མེད་སོང་བ་རེད་སྙམ། མདོར་ན། ཝཱ་ཎ་ནི་ལྟ་གྲུབ་སློབ་སྦྱོང་བྱེད་ས་ལས་སུམ་རྟགས་དག་གསུམ་སྦྱངས་ས་མ་རེད། ཝཱ་ཎ་ནས་སློབ་གཉེར་ཚད་ལྡན་ཞིག་བྱེད་འདོད་ན་སཱ་ར་དང་ནོར་གླིང་ལྟ་བུ་སློབ་ཐོན་བྱས་པའི་རྗེས་དང་། གདན་ས་ནས་ཕར་ཕྱིན་རྫོགས་པའམ་མ་མཐའ་ཡང་བསྡུས་གྲྭ་དང་བློ་རྟགས་སྤུས་དག་ཅིག་སྦྱངས་པའི་སྟེང་ཐུན་མོང་རིག་གནས་ཀྱི་རྨང་གཞི་ཆགས་ཚར་རྗེས། ད་གཟོད་ཝཱ་ཎར་སོང་ན་ཝཱ་ཎར་སྦས་པའི་ནོར་བུ་དག་ལེན་ཐུབ་པ་ལས་རྨང་གཞི་ཅི་ཡང་མེད་པའི་སྟེང་ཝཱ་ཎར་ཞུགས་ན་འབྲས་བུ་འབྱུང་ཁེགས་པོ་རེད།༽
སློབ་སྤྱོང་ཡོད་ན་དུད་འགྲོ། མེད་ན་ཡང་དུད་འགྲོ། དུད་འགྲོ་ནི་དུད་འགྲོ་རང་རེད། མཛོ་གཡག་ར་ལུགས་དུད་འགྲོ། སྒང་ན་དུད་འགྲོ། འོག་ན་དུད་འགྲོ། དུད་འགྲོ་འདི་ཚོ་ནི་ལང་འགྲོ་ཞིག་བྱེད་ས་མ་རེད། ཨ་གནམ་རྒན་མ། ཁྱོས་ངེད་ཆོ་ཨེ་རིག་གི།
ལུང་ཤར་རེད་དམ་ལོང་ཤར་རེད། །
ཧིན་དུ་ཧིན་དི་ཁྱད་པར་ཆེ། །
རོབ་ཙམ་བཀླགས་པའི་རིན་པ་ཡིན། །
བོན་རྒྱའི་ཐུགས་ལ་དེ་ལྟར་ཞོགས། །
སྐུ་ཞབས་བོན་རྒྱ་ལགས་ཀྱིས་ད་ལན་ཡང་རིན་ཐང་ཅན་གྱི་རྩོམ་ཡིག་དཔེ་མེད་ཅིག་སྤེལ་འདུག ཞིབ་ཀློག་ཐེངས་ཤིག་བྱས་པས་འདོད་པ་ཡོངས་སུ་ཚིམ་སོང་ལ་བློ་བསྐྱེད་ཀྱང་གང་ལེགས་བྱུང་། ཝར་ནར་འཛུལ་མཁན་སློབ་ཕྲུག་ཚོས་རང་ཉིད་ཀྱིས་སློབ་སྦྱོང་བྱེད་མྱོང་སའི་་དགོན་པ་ཁག་ནས་གཞི་རིམ་འཛིན་གྲ་བདུན་པ་བརྒྱད་པ་ཐོན་པའི་ལག་འཁྱེར་རེ་འཁྱེར་ནས་འགྲོ་བཞིན་པ་མང་པོ་མཐོང་མྱོང་། དེ་དུས་ངས་ཀྱང་ལག་འཁྱེར་འདི་འདྲ་ཞིག་བཟུང་ནས་ཝར་ན་གཙུག་ལག་སློབ་གྲར་ཚུད་འགྲོ་བར་ཅུང་ཡ་མཚན་སྐྱེ་མྱོང་། དེ་བཞིན་ད་བར་ཆེས་རྙིང་ཤས་སུ་གྱུར་བའི་སློབ་གྲ་འདི་ནས་ཤེས་ཡོན་པ་འདི་དང་དེ་ཐོན་རེད་ཟེར་ནས་མང་པོ་ཞིག་བགྲང་རྒྱུ་མེད་པར་ཡང་ཡ་མཚན་སྐྱེས་མྱོང་། ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་མཁན་རྨང་གཞིའི་ཤེས་ཚད་ཆེར་མེད་པའི་སློབ་མ་མང་པོ་ཞིག་སློབ་གྲ་འདིར་འཛུལ་བཞིན་པ་ལས་གཞན་འཛུལ་མཁན་དེ་ཙམ་མཐོང་རྒྱུ་མེད་པ་འདིར་ཡང་རྒྱུ་རྐྱེན་ཞིག་ཡོད་ངེས་རེད་འདོད་མོད་ད་བར་དེ་ཙམ་རྒྱུས་ལོན་བྱེད་ཐུབ་མ་སོང་ཡང་བོན་རྒྱལགས་ཀྱིས་དངོས་སུ་བསྐྱོད་ནས་ཉམས་ཞིབ་བྱས་པ་བརྒྱུད་དོན་དངོས་དང་ཧ་ཅང་ཉེ་བའི་དཔྱད་བརྗོད་འདི་སྤེལ་བར་རྗེས་སུ་ཡི་རིང་ཞུ།
བོན་རྒྱ་ཚང་གི་ཤལ་མ་ལིའི་ཁྲག་སྡོང་པོ་ཟེར་བ་ཞིག་ལྟ་མྱོང་། སྐབས་རེར་དགའ་སྐྱོ་ཆགས་སྡང་གི་དབང་དུ་སོང་ནས་ངུ་སྐད་ཤོར་བ་དང་སྐབས་རེར་གནས་ལུགས་ངོ་མ་དང་ཡིད་སྨོན་འཆོར་བ་དེ་འདྲ་བྲིས་འདུག་པས་རྩོམ་པ་པོའི་རང་གཤིས་དེ་ལ་དགའ་ནི་ཟིག་རེད། ཤེད་བུའི་གསོན་ཚུགས་སྐུ་ཚེ་རིང་བར་སྨོན།
ཟབ་སྦྱོང་སྤྲོད་མཁན་ལ་བལྟས་ན་སྤྲོད་ས་དེ་ཚོ་་་་་་་་་་་་་
དྲ་གྲོགས་བོན་རྒྱ་ལགས།
བཀྲ་ཤིས་བདེ་ལེགས། ད་ལན་ཁྱེད་ཀྱིས་ཤར་བྲིས་བགྱིས་པའི་དབང་གིས་ཡིག་ནོར་འགའ་ཞིག་ཤོར་བ་སྟོན་འདོད། རྒྱུ་མཚན་ནི་ཁྱེད་ལྟ་བུ་ཞིག་གིས་ལག་ནས་ཡིག་ནོར་བྱུང་ན་མཛའ་མོ་ཞིག་མི་འདུག་པས་ཡིན་པ་ལས་གཞན་གང་ཡང་མིན། བོན་གྱི་བཀའ་བརྟེན་་་་བསྟན། བློ་འཛིན་གྱི་དུས་ཚོད་ལ་ནར་འཇོག་བྱས་འདུས་་་་་་འདུག ཀུ་ཡངས་པོ་རེད།་་་གུ རྒྱུད་པ་ཞ་ཞ་དང་། གཉའ་བ་མཁུམ་མཁུམ།་་་རྒྱིད་པ། ད་ཐེངས་ཀི་འགྲུལ་བཞུད་འདི་ནི་་་་ཀྱི། གྲོགས་ཚང་ལྟར་བརྡོལ་བའི་རླངས་འཁོར་ཆེ་ཆུང་་་་གྲོག “ས་འདི་ངས་རེད་ཕར་རྒྱུགས་”་་་ངའི། ཝཱ་ཎ་ནི་རྒྱ་གར་ནང་གི་ཨྱའི་མི་རྒྱུད་དང་་་་ཨརྱའི་། འབྲེལ་སྒྲ་འདི་ཁྱེད་ཀྱིས་རྐང་བཙུག་ནས་བྲིས་པ་ཡིན་ན་ཞུ་རྒྱུ་མེད།
བོན་གྱི་བཀའ་བརྟེན་་་་་་་་ནོར་མེད་བོན་པོར་དེ་རང་གྲགས།
ཝཱར་ཎའི་སློབ་མ་ཚོའི་ཤེས་ཚད་ཁྱོད་ཀྱི་བཤད་པ་བཞིན་དམའ་བོ་ཡིན་ན། རང་གི་མཐོ་སློབ་དགེ་རྒན་ཚོའི་ཤེས་ཚད་ཞེ་དྲག་གི་མཐོ་བོ་ཡིན་རབས་བཤད་པ་དོན་ལ་མི་གནས་པ་ཞིག་རེད། རྒྱུ་མཚན་ནི། འཛམ་གླིང་འདིའི་སྒང་མཐོ་སློབ་གང་ཞིག་མིང་དུ་གྲགས་ན། དེ་ནི་སློབ་གྲྭ་དེའི་མཐུན་རྐྱེན་དང་དགེ་རྒན་ལ་རག་མ་ལས་པར་སློབ་མ་ཁོ་ནས་ལྕོགས་པ་ག་ནས་ཡིན། ད་དུང་རང་གིས་མཛོ་གཡག་དང་ར་ལུག་གི་དཔེ་འཇོག་དེ་ནི་མགོ་སྟོང་གི་སྐད་ཆ་བཤད་སྟངས་ཤིག་ཀྱང་མིན་འགྲོ་ཡང་བསམ་གི
བོན་རྒྱས་བཤད་པ་ངོ་མ་བདེན་པ་རེད།སློབ་གྲྭ་འདིར་རང་གི་རིག་གནས་ཀྱི་བག་ཆགས་ཟབ་བའི་སློབ་མ་ཧ་ཅང་ཉུང་བས་རིག་གནས་ཀྱི་ཁོར་ཡུག་རྣལ་མ་ཞིག་སྐྲུན་མ་ཐུབ་པ་དང་།རྩ་བའི་སྐད་ཡིག་གི་རྨང་གཞི་ཞན་པས་སློབ་མ་ཚད་ཅིག་འབྱུང་ཁག་པོར་གྱུར་ཡོད།
ཝར་ཎ་ས་ཆའིའགྲེལ་བཤད་དེ་དུང་དཀར་ཚིགས་མཛོད་ལུང་དྲངས་ན་ལྐུགས་པ་རེད། དུང་དཀར་ཚང་མཁས་པ་ཡིན་ནའང་རྒྱ་གར་ལ་ཕེབས་མ་མྱོང་གི་འགྲེལ་བཤད་ལས། ཁྱེད་རང་དངོས་སུ་སླེབས་པའི་ས་ཁམས་ཀྱི་འགྲེལ་བཤད་རྒྱབ་ན་ལེགས།
གཤམ་ལ་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱི་ཚིག་འདུམ་ཁ་ཤས་ལ་ངས་རང་ཚིག་འགའ་གུག་ཤད་()ནང་བཅུག་ནས་ ‘བསྟན་རབ་པ་’ དཔང་པོར་བཞག་པའི་ ‘བོན་’དང་ ‘རྒྱ་’ ཡི་དབར་བགྲོ་གླེང་ཐུང་ངུ་ཞིག་བྱ་རྒྱུ་ཡིན་པས་ལྷན་རྒྱས་གཟིགས་མོར་སྤྱོན་པར་སྙན་བསྐུལ་ལོ།།
བོན།: (ཆོས་བརྒྱུད་ཁག་གི་སློབ་གཉེར་ཁང་འདི་དག་ནང་)རྒྱ་གཞུང་རེ་ཟུང་དང་། རང་གི་ཆོས་བརྒྱུད། རང་གི་ཡིག་ཆ་གཅིག་པོ་ལས་ཆོས་བརྒྱུད་གཞན་གྱི་གཞུང་འཆད་འཁྲིད་གནང་མཁན་ལྟ་ཅི། ཐ་ན་དཔེ་མཛོད་ཁང་ནས་དཔེ་ཆ་བཙལ་ནའང་མི་རྙེད་པའི་ཚད་ཡིན་པ་ཚང་མར་གསལ་བས། བོད་ཀྱི་རིག་གཞུང་ལ་སློབ་གཉེར་འཛོམས་པོ་ཞིག་བྱེད་ན་ཝཱ་ཎ་ལྟ་བུ་ཞིག་ཡིན་འོས་པ་ལས། མིང་སྟོང་དོན་སྟོང་གི་འུར་གྱིས་ག་ལ་ཕན།་་་་་་་
རྒྱ།: (དེ་འདྲ་མ་གསུངས་མ་གཏོགས་)་་་་་་གདན་ས་ནས་ཕར་ཕྱིན་རྫོགས་པའམ་མ་མཐའ་ཡང་བསྡུས་གྲྭ་དང་བློ་རྟགས་སྤུས་དག་ཅིག་སྦྱངས་(ནས་ཁུག་ཀྱོག་ལ་དགེ་རྒན་བྱེད་མཁན་མང་རབས་འདུག ཝ་ཎ་མཐོ་སློབ་བཙུགས་ནས་ལོ་རབས་གསུམ་བཞི་བརྒལ་ཡང་གཞུང་ཆེན་འཁྲིད་ཐུབ་མཁན་མེད་པས། དགེ་རྒན་ཚང་མ་ཆོས་བརྒྱུད་ཁག་སོ་སོའི་སློབ་གཉེར་ཁང་གཞུང་གི་ངོས་ལེན་མེད་པ་ཤ་སྟག་ནས་ཐོན་པ་རྐྱང་རེད།)
བོན།: (དེ་འདྲ་རང་ལྟ་ཨེ་ཡིན་ན།)
རྒྱ།: (རེད་དངོས་གནས་རེད། ང་ལ་བསྟན་རབ་པས་བཤད་བྱུང་། ཁོང་ངོ་མ་ཝ་ཎར་ཕྱིན་དུས་དངོས་སུ་མཐོང་ནས་བཤད་པ་རེད། ཁོང་གིས་བཤད་པ་ལྟར་ན།)་་་་་་་་་བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས་ཀྱི་གཞུང་ཁྲིད་མཁན་དང་། རྒྱ་གཞུང་དགེ་རྒན་ཚང་མའང་ཆོས་བརྒྱུད་སོ་སོའི་ནང་གི་དགེ་བཤེས་རྩེ་གྲས་ཤ་སྟག་རེད།་་་་་་་
བོན།: (སྐད་ཆ་དེར་ཡིད་ཆེས་བྱེད་ཐུབ་པ་མིན་འདུག ཁོང་གིས་ང་ལ་ནི།)་་་་་་་་ཚོགས་རྐྱང་རྐྱང་གིས་དུས་ཚོད་སྐྱེལ་དགོས་པའི་གདན་ས་ཁག་(ཏུ་)ཉིན་རེ་རེ་བཞིན་བླ་སྤྱིའི་ཚོགས་མེད་ན་གྲྭ་ཚང་གི་ཚོགས། གྲྭ་ཚང་གི་ཚོགས་མེད་ན་ཁམས་ཚན་གྱི་ཚོགས། ཁམས་ཚན་གྱི་ཚོགས་མེད་ན་ཤག་ཚང་གི་ཚོགས་མེད་དུས་མེད་ལ། མཚམས་རེར་དེ་ཆ་ཚང་གི་ཚོགས་པང་བསྒྲིགས་ནས་ཉིན་གང་བོར་ཚོགས་ལ་འཚོགས་ནས་དུས་ཚོད་སྐྱེལ་དགོས་པའི་སྐབས་ཀྱང་ཤིན་ཏུ་མང་(བས་སློབ་སྦྱོང་བྱེད་རྒྱུའི་དུས་ཚོད་ཁྱོན་ནས་མེད་ཟེར། དེ་ལྟ་ན་སློབ་གཉེར་མ་བྱེད་པར་མཁས་པ་ཆགས་རྒྱུ་ཞིག་ཨེ་ཡོད་ན།)
རྒྱ།: (དེ་འདྲ་ཡིན་ན། ཁྱེད་རང་ལྟར་ན་སློབ་གླིང་ཡག་ཤོས་གང་རེད།)
བོན།: (དེ་ལྟ་ཝ་ཎ་མཐོ་སློབ་ལོས་ཡིན།) སློབ་གྲྭ་འདིའི་དབྱིན་ཡིག་དང་། ཧིན་རྡུ། སི་སྐྲི་ཏའི་སྐད་སོགས་ཀྱི་དགེ་རྒན་མང་ཆེ་བ་རྒྱ་གར་དང་ཕྱི་རྒྱལ་གྱི་སློབ་གྲྭ་ཚད་ལྡན་དག་ནས་ཐོན་པའི་སློབ་ཐོན་ཚད་ལྡན་བྱས་པ་ཤ་སྟག་རེད་ལ། བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས་ཀྱི་གཞུང་ཁྲིད་མཁན་དང་། རྒྱ་གཞུང་དགེ་རྒན་ཚང་མའང་ཆོས་བརྒྱུད་སོ་སོའི་ནང་གི་དགེ་བཤེས་རྩེ་གྲས་ཤ་སྟག་རེད། ་་་་་་་་་་་་སློབ་གྲྭ་འདི་ནི་དེ་ལྟའི་དགེ་རྒན་གྱི་མཐུན་རྐྱེན་འཛོམས་པ་མ་ཟད་ཆོས་བརྒྱུད་ཁག་གི་གཞུང་དང་རྒྱ་ཧིན་དབྱིན་གསུམ་གྱི་སྐད་ཡིག་དང་། རྩོམ་རིག ལོ་རྒྱུས་སོགས་ཀྱི་དཔེ་ཆའི་མཐུན་རྐྱེན་ཐད་ནས་ཀྱང་ངོ་མཚར་བ་ཞིག་རེད།་་་་་་་་་་(ད་དུང་བསྟན་རབ་པས་བཤད་པ་ལྟར་ན། ཁོང་གིས་ཟབ་སྦྱོང་གནང་སྐབས་)་་་་་་་་ སློབ་མ་མང་ཆེ་བས་དྲི་བ་བཏང་བ་སྤུས་དག་ཅིང་བསམ་ཚུལ་བཤད་པའང་བརྗོད་གཞིར་འབྲེལ་ཆེ་བས་རིགས་ལམ་སྦྱངས་པའི་ཁྱད་ཆོས་རྣལ་མ་ཞིག་མངོན་སོང་།(ཟེར།་་་་་་་་་་་་་དེར་བརྟེན་)སློབ་གཉེར་ཁང་ཞེས་པ་ནི་དངོས་གནས་འདི་འདྲ་ཞིག་ཡིན་འོས་
རྒྱ།: (ཁུངས་མ་འཁྱོལ་བའི་སྐད་ཆ་རང་རེད།)་་་་་་་་་་་་ངས་བལྟས་ན་ད་ལྟའི་བར་ཝཱ་ཎའི་སློབ་ཐོན་པ་མང་པོ་ཞིག་ལ་དབུ་ཕར་ཚད་གསུམ་གང་ན་ཡོད། ཐ་ན་སུམ་རྟགས་དག་གསུམ་ཡང་མེད་པའི་ལག་རྡུམ་ཤ་སྟག་ཡིན་མོད།་་་་་་(དེ་ཡིན་པའི་ང་ལ་རྒྱུ་མཚན་ཡོད།)་་་་་་་་སློབ་གྲྭ་འདིར་མཛོ་གཡག་ཉུང་ཞིང་བོད་ཁྱིམ་དང་ཧི་མ་ལའི་རི་རྒྱུད་ཀྱི་ར་ལུག་མང་དྲགས་སོང་བས་ཁལ་ལྕི་མོ་འཁུར་ཐུབ་མཁན་མེད་སོང་བ་རེད།་་་་་་་་་་་སློབ་གྲྭ་འདིས་གཡག་དང་མཛོ་ལ་ཁལ་མ་བཀལ་བར་ར་དང་ལུག་ལ་ཁལ་བཀའ་བའི་ཆ་ནས་བྱང་ལམ་གཅོད་མཁན་ཤིན་ཏུ་ཉུང་སོང་བ་རེད་་་་་་་(དེར་བརྟེན་)ར་ལུག་དག་གིས་རྒྱུད་པ་ཞ་ཞ་དང་གཉའ་བ་འཁུམ་འཁུམ་གྱིས་ཡིག་ཚད་ཁོ་ན་བློ་སྐྱོར་གྱིས་དུས་ཚོད་སྐྱེལ་གྱིན་འདུག་པས་ཡར་རྒྱས་མེད་སོང་བ་རེད་སྙམ།་་་་་་་ཡིན་ནའང་ང་ལ་དོགས་པ་ཞིག་འདུག ཆོས་བརྒྱུད་ཀྱི་སློབ་གཉེར་ཁང་དེ་ཚོས་ས་ར་ལུག་རྣམས་གཡག་དང་མཛོ་ག་འདྲ་སེ་བཟོས་ཀྱི་ཡོད་ན། ??????????????????
གཞན་ཡུལ་ཏེ་རང་གི་ཁོར་ཡུག་དང་བྲལ་སོང་ན་རང་གི་སྐད་ཡིག་གི་ཁྱབ་ཁོངས་ལས་བྲལ་སོང་བས་སུམ་རྟགས་ལ་དོ་སྣང་མེད་པ་རང་ཤུགས་ཀྱིས་འོངས་པ་རེད། ཝ་ནར་གཅིག་བུ་མ་རེད། །རྒྱ་གར་ནང་ས་ཆ་ག་བར་ཕྱིན་ན་དེ་ག་རང་རེད། དེང་སང་མང་ཆེ་བས་རང་གི་ཁེ་ཕན་དང་མདུན་ལམ་ལ་ལྟ་བ་མ་གཏོགས་སྐད་ཡིག་གི་སྐྱེ་འཆི་ལ་ལྟ་མཁན་ཧ་ཅང་ཉུང་ཉུང་རེད། འབྱོར་ལྡན་ཞིག་ཡིན་ན་ཡང་རང་གི་སྐད་ཡིག་དང་རིག་གཞུང་སྒང་ལ་ཕན་ཐོགས་བེད་སྤྱོད་བྱེད་མཁན་ཧ་ལམ་ཡོད་པ་མ་རེད། བཙན་བྱོལ་ནང་གི་བོད་མི་བརྒྱ་ཆའི་བརྒྱད་ཅུ་ཙམ་བོད་ཡིག་གི་ཡིག་རྨོངས་བ་ཡིན་པ་བཤད་མ་དགོས་པ་རེད། དེ་ཡང་ཁོར་ཡུག་མ་མཐུན་པའི་དབང་གིས་ཡིན་ན་ཐང་མོད། སྐད་དང་ཡི་གེ་ལོགས་ཀ་ཞིག་ལ་བརྟེན་ནས་འཚོ་བ་བསྐྱལ་དགོས་པ་ཡིན་སྟབས་ཁག་པོ་རེད། བོན་རྒྱ་ལ་སོགས་པའི་བཙན་བྱོལ་ནང་གི་གཞོན་སྐྱེས་མཁས་པ་དེ་དག་གིས་རང་གི་སྐད་ཡིག་ཐོག་ཤུགས་སྣོན་རྒྱག་གི་ཡོད་པ་ཚང་མས་ཤེས་གསལ་རེད།
འདི་གའི་སློབ་བུ་འགའ་རེས་ཁྱེད་ཀྱིས་ཡག་པོ་ལབ་སོང་ཟེར། ད་དུང་སྐད་གཙང་མ་ཆོལ་གསུམ་གྱི་གོ་ནི་ཞིག་བཤད་ཐལ་ཟེར་བས་ཕྲན་ཡང་དགའ་ཡོད། དེ་ཙམ་ཡིན། ཚིག་སྦྱོར་སོགས་ཀུན་ལ་རྒྱུས་ཡོད་ཡིན་པས་བཤད་རྒྱུ་ཅང་མེད།
མཇུག་གི་ཚིག་རྣམས་གུག་ཤད་ནང་འཇོག་ལྷག་འདུག་པས་གཅོས་རོགས།
(ཡིན་ནའང་ང་ལ་དོགས་པ་ཞིག་འདུག ཆོས་བརྒྱུད་ཀྱི་སློབ་གཉེར་ཁང་དེ་ཚོས་ས་ར་ལུག་རྣམས་གཡག་དང་མཛོ་ག་འདྲ་སེ་བཟོས་ཀྱི་ཡོད་ན། ??????????????????)
ཨོ། ཝ་ནར་ལ་བོན་རྒྱས་སློབ་ཁྲིད་བྱེད་དགོས་དུས། ཝ་ནར་ཤེས་སོང་ད།
བྱུས་དང་ཇུས་ཞེས་འབྲི་ཚུལ་གཉིས་ལས་གང་དག་པ་ཡིན་ནམ། གཅོས་ཞེས་པ་བཅོས་ཞེས་འབྲི་མི་དགོས་སམ།
བོན་རྒྱ་བསྟན་འཛིན་ཝཱ་རཱ་ཎ་སཱིར་བསྐྱོད་པའི་ཉམས་མྱོང་། དེར་ཤེས་ཚད་དམན་པར་སྐྱོན་བརྗོད་ཀྱིས་ཡར་རྒྱས་ལ་ཕན་ངེས། དེ་ལྟར་བྲིས་པ་ལ་ཐུགས་རྗེ་ཆེ།
ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭར་སློབ་ཡུན་ལོ་ཚད། སློབ་སྦྱོང་མགོ་ནས་མཇུག དབུས་མའི་ལོ་རིམ་དང་པོ་ནས། སློབ་དཔོན་གྱི་ལོ་རིམ་མཇུག་བར་དུ་ལོ་དགུ་དང་། དམིགས་བསལ། ལྷག་པའི་སློབ་དཔོན་སློབ་སྦྱོང་དང་བྲིས་རྩོམ་ལོ་གསུམ་ཡིན་ནམ་སྙམ་ལོ་སློབ་ཡུན་ལོ་བཅུ་གཉིས་ལས་མེད་པ་དང་། དེའི་སྒང་ལ་ཤེས་བྱའི་རྣམ་གྲངས་མང་པོ་ཞིག་སྦྱང་དགོས་པས། དེར་རྒྱ་གཞུང་ངམ་བོད་གཞུང་ལྟ་བུ་ཞིག་ཁྲིད་དགོས་ན། གདན་ས་ཁག་ཏུ་ལོ་ཉི་ཤུ་ལྷག་སྦྱངས་པ་བསྡུར་ན། གདན་ས་ཁག་ཏུ་ལོ་མང་སྦྱངས་པ་དེ་འདམ་དགོས། ལོ་ཡུན་སྦྱང་ཚད་ཀྱིས་ཀྱིས་ཀྱང་མཐོ་དམན་ཤོར་བ་ཆོས་ཉིད་དུ་མཐོང་། བོད་ཡོངས་ལ་གྲགས་པའི་མཁས་པ་ཞིག་མ་མཐོང་རུང་། སློབ་གྲྭ་དེར་སློབ་སྦྱོང་བྱས་ཤིང་། བོད་སྐད་ནས་ལེགས་སྦྱར་སྐད་དུ་སྐྱར་གསོ་བྱས་པའི་གཞུང་དང་། ལེགས་སྦྱར་སོགས་ནས་བོད་སྐད་དུ་བསྒྱུར་པའི་གཞུང་དཔེ་མང་པོ་ངོ་མཚར་ཅན་མང་པོ་བཏོན་དང་འདོན་བཞིན་པ་དང་། སྐུ་གཤེགས། ཇེ་ ཨེས་ ནེ་གཱི སྤྱི་ལོ་ ༡༩༩༣ ནས་ ༢༠༠༥ བོད་བཅུ་སྤར་པ། བོད་སྐད་དང་ལེགས་སྦྱར་གྱི་ཚིག་མཛོད་ཆེན་མོ། བོད་སྐད་ཐོག་ལེགས་སྦྱར་གྱི་ཚིག་དོན་འཚོལ་དགོས་ན། མེད་དུ་མི་རུང་བ་ཞིག་ཏུ་མཆིས། ཁྱེད་རྣམས་ལས་མང་པོ་ཞིག་ལེགས་སྦྱར་ཚིག་ལྟ་ཅི། བོད་ཀྱི་ཆོས་སྐད་ཀྱི་སྒྲ་དང་ཕྲད་དག་ལ་ཡང་མཐོང་རྩིས་མེད་པ་མཐོང་། དཔེར་ན། རྩོམ་ཡིག་འདི་འབྲི་བ་པོ། བོན་རྒྱ་བསྟན་འཛིན་གྱིས།
མ་ལྡང་བའི་སྐྱོན་ལ། མ་འདང་བའི་སྐྱོན་དང་། འཛོམས་པར་མ་ཟད། འདུག་པར་མ་ཟད། མང་བར་མ་ཟད། ཅེས་པ་སོགས་ལ། འཛོམས་པ་མ་ཟད། འདུག་པ་མ་ཟད། མང་བ་མ་ཟད། ཅེས་སོགས་དང་། རིང་པོ་དང་ གང་པོ། སོགས་ལ། རིང་བོ་ གང་བོ། སོགས་དང་། གཅིག་པུ་ལ། གཅིག་པོ་དང་། རྐྱེན་གྱིས་ཞེས་པ་ལ། རྐྱེན་པས་དང་། གྱུར་པའི་ཞེས་པ་ལ་ གྱུར་བའིདང་། བཞི་པ་ལ། བཞི་བ་ ནང་པ་ལ་ནང་བ་དང་ ལྔ་པ་ལ། ལྔ་བ། ཁུར་ལ་དོལ་ཞེས་ཆོས་སྐད་མིན་པར་ཁ་སྐད་དེ། ལུང་སྐད་ཀྱི་ཚིག་འདྲེས་པ་མང་ངོ་།
རྒན་ལ་དྭགས་པ་ཤིནད་ཏུ་ནས་བདེན། ད་དུང་དེའི་ནང་ནས། གུ་ཡངས་ལ་ཀུ་ཡངས་དང་། ཧིན་རྡི་ལ་ཧིན་རྡུ་བྲིས་པ་ནི། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་རང་གི་ནང་འཁྲོལ་ཆ་ཚང་ཕྱིར་སྟོན་བྱས་མི་འདུག་གམ། ལགས།
ནོར། བཅོས།
སྲིད་བྱུས། སྲིད་ཇུས།
མ་འདང་བའི་སྐྱོན། མ་ལྡང་བའི་སྐྱོན།
འཛོམས་པ་མ་ཟད། འཛོམས་པར་མ་ཟད།
རིང་བོ། རིང་པོ།
གཅིག་པོ། གཅིག་པུ།
རྐྱེན་པས། རྐྱེན་གྱིས།
གྱུར་བའི། གྱུར་པའི།
བཞི་བ། བཞི་པ།
ནང་བ། ནང་པ
ལྔ་བ། ལྔ་པ།
དོལ། ཁུར།
ཀུ་ཡངས། གུ་ཡངས།
ཡང་།
ཧིན་རྡི་ལ་ཧིན་རྡུ་ཞེས་བྲིས་པ་ནི། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་རང་གི་ནང་འཁྲོལ་ཆ་ཚང་ཕྱིར་སྟོན་བྱས་མི་འདུག་གམ། ལགས།
བོན་རྒྱས། (སློབ་གྲྭ་འདིར་མཛོ་གཡག་ཉུང་ཞིང་བོད་ཁྱིམ་དང་ཧི་མ་ལའི་རི་རྒྱུད་ཀྱི་ར་ལུག་མང་དྲགས་སོང་བས་ཁལ་ལྕི་མོ་འཁུར་ཐུབ་མཁན་མེད་སོང་བ་རེད།་་་་་་་་་་་སློབ་གྲྭ་འདིས་གཡག་དང་མཛོ་ལ་ཁལ་མ་བཀལ་བར་ར་དང་ལུག་ལ་ཁལ་བཀའ་བའི་ཆ་ནས་བྱང་ལམ་གཅོད་མཁན་ཤིན་ཏུ་ཉུང་སོང་བ་རེད་་་་་་་(དེར་བརྟེན་)ར་ལུག་དག་གིས་རྒྱུད་པ་ཞ་ཞ་དང་གཉའ་བ་འཁུམ་འཁུམ་གྱིས་ཡིག་ཚད་ཁོ་ན་བློ་སྐྱོར་གྱིས་དུས་ཚོད་སྐྱེལ་གྱིན་འདུག་པས་ཡར་རྒྱས་མེད་སོང་བ་རེད་སྙམ།) ཅེས་བཀོད་འདུག་ཅུང་ཐལ་དྲགས་པ་ཡིན་ཏེ། ༡ གཙུག་ལག་སློབ་གཉེར་ཁང་འདིའི་དམིགས་ཡུལ་བཞི་ཡོད་པ་མ་མཁྱེན་པས་ལེན། ༢ བོད་པ་རྣམས་གཡག་སོགས་དང་ཧི་མ་ལ་ཡའི་རི་རྒྱུད་ར་ལུག་གི་དབྱེན་འབྱེད་གནང་བ་ནི་ཆེས་མ་དྲང་བ་ཞིག་སྣང་། གང་ལ་ཤེ་ན། གཙུག་ལག་སློབ་གཉེར་ཁང་འདིར་ཕེབས་ཏེ་ཤེས་ཚད་མེད་ན་མེད་མཉམ་དང་ཡོད་ན་ཡོད་མཉམ་རེད། དེ་ལ་བོད་པ་དང་ཧི་མ་ལ་ཡ་ཞེས་དབྱེ་འབྱེད་མི་རུང་། ལྷག་པར་དུ་བོན་རྒྱས་གཙོས་རྩོམ་པ་པོ་ཁས་འཆེ་བ་རྣམས་དང་འདི་ག་སློབ་མའི་ཁོརས་སུ་བོད་རིགས་མང་དག་ཅིག་ལ་གོ་སྐབས་བཟང་པོ་འདི་འདྲའི་ཡོད་མོད་ལེགས་སྦྱར་ལྟ་ཅི་ལོ་ཡུན་ ༩ ནང་ཧནྡཱི་ཡང་མི་ཤེས་པ་ཆེས་མང་ʼག་རྒྱར་འཕགས་ཡུལ་དུ་གྲགས་པར་ལོ་མང་ཕེབས་ཟིན་ཡང་ལེགས་སྦྱར་ལྟ་ཧིནྡཱི་ལ་ཧིན་དུ་ཞེས་པའི་དབྱེ་བ་སོགས་མི་མཁྱེན་པ་ག་ལ་ཐུག་གམ། ཞེས་ཞུ་ཐལ་དུ་སོང་ཡང་དངོས་པོའི་གནས་ཚུལ་ཞིག་ཡིན་པས་ཞུ་དགོངས་སུ་མ་སོང་བར་དགོངས་འཇགས་ཞུ།
ངས་བྲིས་པའི་མཆན་བཅུ་གསུམ་པར་ཉམས་ཞིབ་ཅིག་བྱས་ན། རྩོམ་ཡིག་འདི་འགལ་འདུའི་ཕྲེང་བ་བསྟར་ལ་བསྒྲིགས་པར་ཤིན་ཏུ་གསལ་བར་མཐོང་ཐུབ་ངེས་པས།
འགའ་ཞིག་གིས་དོན་ལ་ཡེ་མ་བརྟགས་པར། “སྐུ་ཞབས་བོན་རྒྱ་ལགས་ཀྱིས་ད་ལན་ཡང་རིན་ཐང་ཅན་གྱི་རྩོམ་ཡིག་དཔེ་མེད་ཅིག་སྤེལ་འདུག ཞིབ་ཀློག་ཐེངས་ཤིག་བྱས་པས་འདོད་པ་ཡོངས་སུ་ཚིམ་སོང་ལ་བློ་བསྐྱེད་ཀྱང་གང་ལེགས་བྱུང་།” སོགས་ཀྱིས་འུར་བསྟོད་བྱེད་རྐྱང་བྱས་པར་ཡ་མཚན། རྒྱུན་ལྡན་ཇི་ལྟར་ཡང་ཐད་ཀ་དེར་སྐྱོན་གང་ཡོད་བཙགས་བུ་རྣག་ཐོག་ལ་འབིགས་ན་ཚང་མར་ཡར་རྒྱས་ཡོང་བར་ཕན་པ་ལས། ལས་ཀ་མེད་ནས་འདིར་འཛོམས་ནི་ཨེ་ཡིན།
ཧིན་རྡི་ དང་ ཧིན་རྡུ་ ཞེས་པ་སྔ་མ་སྐད་ཡིག་དང་ཕྱི་མ་ཆོས་ལུགས་ལ་གོ་དགོས་པ་མིན་འགྲོ་སྙམ། དེ་ནས་ཡིག་ནོར་ཡིན་མིན་བརྟག་ན་ཤེས་ངེས། དེ་མིན་ཁ་ཚོན་གཅོད་པར་མ་སྔ།
རྒན་ལ་དྭགས་པས་གསུངས་པ་བདེན་པ་རེད། གདན་ས་དང་ཝ་ནར་མཐོ་སློབ་གཉིས་དོན་གཉེར་གྱི་འདུན་པ་དང་དོ་སྣང་ཆེ་ཆུང་། བློ་འཛིན་སྐྱོར་སྦྱོང་གི་དུས་ཡུན་མང་ཉུང་གང་ཅིའི་ཐད་ནས་གཞན་དག་ཕར་ཞོག་དབུ་ཚད་ལ་སྦྱངས་འབྲས་ནི་བསྡུར་ཐབས་ཡོད་ནི་མ་རེད། དགེ་ལུགས་རྒྱུགས་སྤྲོད་གཅིག་བུས་ཀྱང་ཤེས་ཐུབ། འོན་ཀྱང་བོད་ཀྱི་སུམ་རྟགས་བརྡ་སྤྲོད་རིག་གནས་ལ་དོ་སྣང་བྱེད་མཁན་ནི་ག་བར་ཕྱིན་ཀྱང་ཅུང་དཀོན་པའི་ཚུལ་དུ་སྣང་། ལེགས་སྦྱར་ལ་མཁས་པ་བྱོན་པ་ནི་ཝ་ནར་མ་གཏོགས་རེ་བ་རྒྱག་ས་ཡོད་པ་མ་རེད།
ཝཱ་རཱ་ཎ་སཱིར་བསྐྱོད་པའི་ཉམས་མྱོང་འབྲི་མཁན་ཁོང་གིས་རང་ཉིད་ལ་ཤེས་ཡོན་ཡོད་མདོག་ཀྱིས་ཝཱ་ཎ་མཐོ་སློབ་ལ་བསྟོད་ར་དང་གདན་ས་ཁག་ལ་སྨད་ཁུལ་བྱས་འདུག་ཀྱང་དོན་དངོས་ཐོག་སཾཀྲྀཏ་ཞེས་པ་དེ་ཡང་བྲིས་ཤེས་མི་འདུག རྒྱ་གར་གིྱི་ཡི་གེ་ནང་དག་ཆ་འདི་འདྲ་ཞིག་ཡོད་པས संस्कृतབོད་ཡིག་ནང་སཾཀྲྀཏ་ཞེས་འབྲི་དགོས་པ་ཤེས་མི་འདུག ཁྱེད་ཀྱི་རྩོམ་ནང་དུ་ནང་འགལ་ཆེན་པོ་མང་པོ་ཡོད་པའི་ནང་ནས་གཅིག་འགོད་ན། གདན་ས་ཁག་ལ་སློབ་སྦྱོང་མེད་རབས་བཤད་པ་དང་ཝཱ་ཎ་མཐོ་སློབ་ཀྱི་དགེ་རྒན་མང་ཆེ་བ་གདན་སའི་དགེ་བཤེས་ཤ་སྟག་རེད་ཟེར་བ་གཉིས་ནང་ཡིན་ཏེ་སློབ་སྦྱོང་མེད་ས་ནས་ཐོན་པའི་གང་ཟག་ཞིག་ཡོད་སའི་དགེ་རྒན་ཞིག་བྱེད་ཐཱུབ་པ་ག་ནས་སྲིད་དམ།
མདོར་བསྡུས་ནས་བཤད་ན་ཁྱེད་རང་གིས་ཝཱ་ཎ་ལ་བོན་གྱི་སློབ་སྦྱོང་བྱེད་ས་ཞིག་ཡོད་པ་དེ་མཐོང་བ་དང་གདན་སར་དེ་མེད་པ་ལ་མ་བཟོད་པའི་གཏམ་ཞིག་ལས་ཟུར་གནས་ཀྱི་མྱོང་ཚོར་ངོ་མ་ཞིག་མིན་པའི་རང་རྟགས་འདུག
སིང་སྐྲི་ཏ རྦད་དེ་ནོར།
སཾཀྲྀཏ ས་མགོ་ཆད། संस्कृत
སཾསྐྲྀཏ འགྲིག संस्कृत
ནུབ་ཕྱོགས་གངས་ཕྲུག་ལགས་ཀྱིས་ཝ་ར་ན་སིའི་ལོ་རྒྱུས་དུང་དཀར་ཚིག་མཛོད་ལས་དྲངས་པར་དགག་དགོས་དོན་དུང་དཀར་ཚང་རྒྱ་གར་ལ་ཕེབས་མ་མྱོང་བའི་རྒྱུ་མཚན་བཀོད་འདུག
ཁོ་བོས་དེ་ལ་མི་འཐད་པ་མ་མཐོང་ཞིང་། དངོས་སུ་སླེབས་ནས་བྲིས་པར་མ་གཏོགས་ཡིད་མི་ཆེས་ན་ང་ཚོས་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་ས་ཁམས་དང་གནའ་ཤུལ་སྐོར་ཐམས་ཅད་འབྲི་མཁན་དེ་དག་ཚང་མ་གང་འབྲི་གཞིའི་གནས་དེ་རུ་སླེབས་མིན་ཆ་མི་འཚལ་བས་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་དེར་གང་ཞིག་ལ་ཡིད་ཆེས་དགོས་པ་དང་གང་ཞིག་ལ་ཡིད་ཆེས་མི་དགོས་པའི་ཚད་དེ་གང་ནས་འཇོག་གམ
“སྙན་ངག་མེ་ལོང་མ་བརྡ་སྤྲོད་ཀྱི་ཁོངས་སུ་གཏོགས་པར་”བཤད་པ་དེར་ང་ཧ་ཅང་འཐད་པས་མི་ཚད། ངས་མེ་ལོང་མ་སྙན་གཞུང་ཞིག་དང་ཚིག་རྒྱན་གྱི་གཞུང་གང་ཡང་མིན་པར་དོན་རྒྱན་གྱི་གཞུང་ཞིག་ཡིན་པར་སྒྲུབ་བྱེད་ཀྱི་རིགས་པ་གཅིག་ལ་འདི་བཀོད་ཡོད།
དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་ཧུར་ཐག་གིས་བཤད་པར་དགའ་ཡོད། རྒན་འཇམ་དཔལ་ཚུལ་ཁྲིམས་ཀྱིས་ཡིག་ནོར་བཤད་པ་ཕལ་ཆེ་བ་བདེན་པ་རེད། ཐུགས་རྗེ་ཆེ། མུ་མཐུད་ནས་ཡིག་སྐྱོན་གསལ་འདོན་བྱེད་པར་རེ་བ་ཆེ། དེ་ནས་རྒན་ལ་དྭགས་པར་ལན་ཞིག་བྲིས་ཡོད། དེ་ནས་གྲོགས་རྫ་སྲས་དང་འདོད་པ་གཅིག་པར་གྱུར་བར་དགའ་ཡོད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། མཐོ་སློབ་འདི་ནས་མཁས་པ་དེ་དང་ཤེས་ཡོན་པ་འདི་ཞེས་མང་པོ་ཞིག་སྟོན་རྒྱུ་མེད་པར་མཐོང་པ་ནི་ཁྱེད་ཀྱི་རྒྱལ་མོ་ཞར་སོང་བའི་རྐྱེན་གྱིས་རེད། (སློབ་གྲྭ་འདིས་གཡག་དང་མཛོ་ལ་ཁལ་མ་བཀལ་བར་ར་དང་ལུག་ལ་ཁལ་བཀའ་བའི་ཆ་ནས་བྱང་ལམ་གཅོད་མཁན་ཤིན་ཏུ་ཉུང་སོང་བ་རེད་ཅེས་དང་། སློབ་གྲྭ་འདིར་མཛོ་གཡག་ཉུང་ཞིང་བོད་ཁྱིམ་དང་ཧི་མ་ལའི་རི་རྒྱུད་ཀྱི་ར་ལུག་མང་དྲགས་སོང་བས་ཁལ་ལྕི་མོ་འཁུར་ཐུབ་མཁན་མེད་སོང་བ་རེད) ཅེས་མདོར་ན་ཧི་མ་ལའི་རི་རྒྱུད་ནས་ཡིན་པའི་སློབ་མ་མང་བ་དང་བོད་པ་ཉུང་བའི་སྐོར་བཤད་འདོད་འདུག ཁྱེད་ལ་རྒྱུས་མངའ་ཡོད་མེད་ངས་མི་ཤེས། མཐོ་སློབ་འདིར་ར་ལུག་ཚང་དུ་འཛུལ་བ་བཞིན་ཞུགས་ཆོག་ཆོག་མེད། ང་ཚོས་ཀྱང་ཁྱེད་བོད་ཕྱུག་ཚོ་དང་ལྷན་དུ་རྒྱུགས་བཏང་ནང་དུ་ཆུད་པ་ཤ་དག་ཡིན། གལ་ཏེ་འདིར་ཡོད་སློབ་ཕྲུག་རྣམས་ཀྱི་ཤེས་ཚད་ཧ་ཅང་སྐྱོ་བོ་ཡོད་ན་གཞན་རྣམས་ཁྱོད་ཀྱིས་ཤེས།
མང་ཆེ་ཤོས་ཐོས་པ་གཞིར་བཞག་སྟེ་བྲིས་པ་ཞིག་ལས་ཞིབ་འཇུག་བྱས་པའི་སྐད་ཆ་ཉུང་ངུ་ཞིག་ལས་མི་འདུག ཉིན་གསུམ་བཞིའི་རིང་ཞིབ་འཇུག་བྱེད་ཁོམ་ཡང་བྱུང་ཡོད་རྒྱུ་མ་རེད། རྗེས་མ་རྩོམ་ཡིག་འབྲི་དུས་ཞིབ་འཇུག་སྔོན་དུ་སོང་ནས་སྡོམ་ཚིག་བཀོད་ན་ཡག་པོ་ཡོད་རེད།
ཉིད་ཀྱི་གྲོགས་པོ་ཞིག་གིས།
སློབ་གྲྭ་འདིར་སློབ་སྦྱོང་གི་མཐུན་རྐྱེན་བཟང་པོ་ཡོད་པ་བོན་རྒྱ་ལགས་ཀྱིས་གསུང་པ་ལྟར་རེད། བསླབ་པ་མཐར་སོན་པའི་ནང་ཤེས་ཡོན་ཅན་གྱི་མི་སྣ་ཡང་མི་ཉུང་བ་ཞིག་བྱུང་ཡོད། ཡིན་ནའང་དེང་སང་མང་ཆེ་བ་ཧིན་དྷིའི་གློག་བརྙན་ལ་དགའ་སྣང་དང་ཡིད་སྨོན་ཆེ་བའི་སློབ་གྲྭ་བ་མང་པོ་ཞིག་དགའ་པོ་འགྲིགས་འགྱུར་དོ་སྣང་དང་དབྱིངས་ཞུགས་ཏེ་ཡིག་རྒྱུགས་ཙམ་མ་གཏོགས་དོན་དམ་པའི་ཤེས་ཡོན་ལ་དོ་སྣང་བྱེད་མཁན་ཤིན་ཏུ་ཉུང་ཉུང་རེད་འདུག་ དེ་ནི་ཧ་ཅང་གི་སེམས་སྐྱོ་བའི་གནས་སྟངས་ཤིག གལ་སྲིད་ཁྱེད་རང་ཝ་ཎའི་སློབ་གཉེར་བ་ཞིག་ཡིན་ན་་ཞིབ་འཇུག་བྱོས་དང༌།་ཁྱེད་ཀྱིས་ཤེས་ཐུབ། གལ་སྲིད་ཁྱེད་རང་བོད་ཀྱི་རིག་གཞུང་ལ་མཁས་པ་དང་ལོ་ཙ་བ་མཁས་པ་ཞིག་བྱེད་བསམ་ན་དགའ་པོ་འགྲིགས་འགྱུར་བསམ་བློ་མ་གཏོང༌། དཔེ་ཆ་ཡག་པོ་གཟིགས། དབྱིན་སྐད་ཡག་པོ་སྦྱོངས།
ཝ་ཎ་མཐོ་སློབ་ལ ཕུལ་བྱུང་གི་རྩོམ་དགེ་ཅིག་དགོས་ཀྱི་འདུག དེ་ལྟར་མ་བྱུང་བའི་དབང་གིས་སློབ་ཕྲུག་མང་ཆེ་བས་རྩོམ་བྲི་བྱེད་མི་ཤེས།
ད་ལོའི་སྒང་ལ་སང་ལོ་བཞག་ན་རྒས་ཚོད་རེད།
དེར་བརྟེན་སློབ་གྲྭ་དེ་ལའང་འགྲོ་རྒྱུ་ཡིན་ཁུལ་མི་བཤད།
གང་ལྟར་སློབ་གྲྭའི་ཆ་རྐྱེན་བཟང་གི་བཟང་རེད་ཟེར།
ནོར།
ནོར། བཅོས།
སྲིད་བྱུས། སྲིད་ཇུས།
བཅོས།
ནོར། བཅོས།
སྲིད་ཇུས། སྲིད་བྱུས།
ནོར། བཅོས།
གཅོས། བཅོས།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། མ་འོངས་པར་གདན་ས་ཆེ་གྲྭ་ཁག་ལ་ཐོབ་ཐང་སོགས་གང་ཅིའི་ཐད་ནས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལྟར་རྒྱལ་ཁབ་ཀྱིས་ཆེ་མཐོང་རགས་བར་ཤོག། བོད་གངས་ཅན་པ་རྣམས་ཀྱིས་སློབ་གཉེར་བྱེད་སའི་ས་ཕྱོགས་དེའི་གནམ་གཤིས་བསིལ་དྲོད་སྙོམས་པོ་བྱུང་ན་རང་རིགས་ན་གཞོན་རྣམས་ཀྱི་ལུས་ཁམས་བདེ་ཐང་ལ་ཕན་ཆེ་བར་སེམས། །
མཆན་བཏབ་མཁན་མང་ཆེ་བས་་་མ་རྩོམ་མ་བཀླགས་པར་ཁ་ཡག་རྐྱང་ཤོད་ཀྱིན་འདུག་པར་ངོ་མས་དགོད་བྱེད་རང་རེད།