བྱམས་པ་ཆོས་དབང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༠༨ ཉིན་ཕབ་བསྒྱུར་ཞུས།
ཕྱི་ལོ་ ༡༩༦༣ ཟླ་ ༠༦ ཚེས་ ༡༡ ཉིན་ཊིཆ་ཀོང་དྷུག་ Thich Quang Duc ཟེར་བའི་ཝིཊ་ནམ་ནང་པའི་དགེ་སློང་རང་ལོ་ ༧༣ སོན་པ་ཞིག་གིས་ཝིཊ་ནམ་ཡུལ་གྱི་སེ་གྷུན་ས་གནས་ Saigon ཀྱི་ཕན་དྷིན་ཕུང་ Phan-Dinh-Phung གི་སྲང་ལམ་གྱི་ཟུར་ཞིག་ཏུ་པདྨའི་ངང་ཚུལ་དུ་ཞི་བའི་དབྱིངས་སུ་བཞུགས། དེ་ནས་གྲྭ་གྲོགས་རྣམས་ཀྱིས་ཕྲེང་བསྒྲིགས་ཀྱིས་ཁོང་གི་སྐུ་ལུས་ལ་ས་སྣུམ་བླུགས་པའི་མཐར་ཀོང་དྷུག་རང་ཉིད་ཀྱིས་རང་ལུས་དྲང་ཚུགས་སུ་གནས་བཞིན་པའི་མུར་ཨཱ་མི་ཏ་བྷིའི་གཟུངས་སྔགས་བགྲང་ནས་རང་ལུས་མེ་རུ་བསྒྲོན་པ་དེར་ཡོད་ལྟད་མོ་བ་ཡོངས་ཀྱིས་གཟིགས་ཡོད། ཝིཏ་ནམ་དམག་འཁྲུགས་གི་དུས་ཡུན་དེའི་ནང་གྲྭ་བ་སུམ་ཅུ་སོ་དྲུག་དང་བུད་མེད་གཅིག ཨ་རི་བ་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་མི་གཉིས་བཅས་ཀྱིས་ཁོང་གི་རྗེས་སུ་ཞུགས་པ་རེད། དུས་རབས་ཉི་ཤུ་པའི་སྐབས་སུ་ནང་པའི་རྒྱལ་ཁབ་ཝིཏ་ནམ་ནང་དུ་དམག་འཁྲུགས་ལན་མང་བྱུང་བ་མ་ཟད། ཕྱི་རྒྱལ་གྱི་བཙན་འཛུལ་དང་། ནང་ཁུལ་ཟིང་འཁྲུགས་ཀྱིས་བརྟན་ལྷིང་མེད་པར་གྱུར་ཡོད། དེར་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་རྩོད་རྙོགས་གཉིས་ཀའི་འོག་ཝིཏ་ནམ་མི་དམངས་རྣམས་ཕྱོགས་གཉིས་སུ་གྱེས་ནས་བཟོད་སྲན་བྲལ་བའི་དཀའ་ངལ་དང་དྲག་རྩོད་ལན་མང་བྱུང་ཡོད། ཨ་རི་ཡིས་ཝིཏ་ནམ་བྱང་ཕྱོགས་སུ་ཡོད་པའི་དམར་ཤོག་གི་དམག་དཔུང་དང་དམག་འཁྲུགས་གདོང་ཐུག་བྱེད་ཤུགས་ཆེ་རུ་གཏོང་བའི་སྐབས་སུ་ཝིཊ་ནམ་ལྷོ་ཕྱོགས་སུ་ཡོད་པའི་ནང་པའི་མང་ཚོགས་རྣམས་ཀྱིས་གཙོ་བོ་ཀོང་དྷུག་གི་རང་ལུས་མེར་བསྒྲོན་གྱི་བྱ་གཞག་གི་ཤུགས་རྐྱེན་འོག་རྒོལ་ཤུགས་ཆེ་རུ་བཏང་ཡོད།
ཁོང་གིས་རང་ལུས་མེར་བསྒྲོན་པའི་སྐབས་སུ་མངོན་སུམ་དུ་མཐོང་མྱོང་མཁན་ནེའུ་ཡོག་དུས་བབས་ཀྱི་གསར་འགོད་པ་ཌེ་ཝིཌ་ ཧེལ་བྷར་ཊམ་ David Halberstam གྱིས་ཟིན་ཐོ་འདི་ལྟར་སྤེལ་ཡོད།
ངོས་རང་སླར་ཡང་དེར་ལྟ་བཞིན་ཡོད་མོད། ཐེངས་མ་གཅིག་གིས་ལྡང་ངེས་བྱུང་། འགྲོ་བ་མི་ཞིག་གི་ཕུང་པོ་ནས་མེ་ལྕེ་ཕྱུར་བཞིན་འདུག ཁོང་གི་ཕུང་པོ་དེ་དལ་བུར་ཞིག་ཅིང་ཁུམ་བཞིན་འདུག ཁོང་གི་མགོ་བོ་དེ་ཇེ་ནག་ཏུ་མ་ཟད་སོལ་བ་ལྟར་གྱུར་བཞིན་འདུག ནམ་མཁའ་རུ་མི་ཤ་བསྲེག་པའི་དྲི་མ་འཐུལ་བཞིན་འདུག ཡ་མཚན་པ་ནི་མི་ཟེར་མཁན་དེ་ཇི་འདྲ་མགྱོགས་པོ་སྦར་བཞིན་པ་དེ་རེད། ཁོ་བོའི་རྒྱབ་ཏུ་འདུ་འཛོམས་བྱེད་པའི་ཝིཏ་ནམ་མི་རིགས་རྣམས་ཀྱིས་མྱ་ངན་གྱི་ངུ་འབོད་བྱེད་བཞིན་འདུག ཁོ་བོ་ཡང་ཤིན་ཏུ་དངང་སྐྲག་སྐྱེས་པ་མ་ཟད། ཟིན་ཐོ་བྲིས་རྒྱུ་དང་བཅར་འདྲི་གང་བྱེད་དགོས་མིན་དེ་ཡང་མི་དྲན་པར་གྱུར་སོང་། ཁོང་གི་སྐུ་ཕུང་སྦར་བཞིན་འདུག་མོད། ཁོང་ནི་འགུལ་བསྐྱོད་གང་ཡང་མེད་པར་མ་ཟད། ཚིག་གཅིག་ཀྱང་གྲགས་ཀྱི་མིན་འདུག ཁོང་གི་ཕྱིའི་རྣམ་འགྱུར་ནི་མཐའ་སྐོར་གྱི་མྱ་ངན་གྱིས་གདུང་བཞིན་པ་རྣམས་དང་ཡོངས་སུ་འགལ་ཟླར་གྱུར་འདུག ཅེས་པ་འདི་རེད།
མེལ་ཁོམ་ བྷི་རོན་ Malcome Browne གྱིས་བསྒྲོན་པའི་སྐུ་པར་དེ་རྒྱལ་སྤྱི་དཔེ་དེབ་ཁག་འདྲ་མིན་གྱི་ནང་དུ་བཀོད་ཡོད་པར་མ་ཟད། བྱ་དགའ་གྲགས་ཅན་ཡང་ཐོབ་མྱོང་ཡོད། ཀོང་དྷུག་གི་མེ་ལྕེ་བསྒྲོན་པ་འདིས་ཝིཊ་ནམ་ནང་པའི་ལས་འགུལ་ལ་སྐུལ་རྐྱེན་ཤུགས་ཆེན་ཐེབས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་ལས་འགུལ་སྤེལ་མཐར་ཕྱི་ལོ་ ༡༩༦༣ ཟླ་བ་ ༡༡ པའི་ནང་ཨ་རིའི་རྒྱབ་སྐྱོར་ཡོད་པའི་དྲག་རྩུབ་ཆེ་བའི་ཌིམ་སྒེར་སྤྱོད་རིང་ལུགས་པ་མགོ་རྟིང་སློག་ཐུབ་པ་བྱུང་ཡོད། འདིའི་སྐོར་ལ་འཛམ་གླིང་ནང་ཆེས་ཆེ་མཐོང་ཡོད་པའི་ཞི་བདེ་དར་སྤེལ་བ་དང་ཝིཊ་ནམ་ནང་པ་བ་ཐི་ནཊ་ཧན་ Thich Nhat Hanh གྱིས། ཀོང་དྷུག་གིས་སྐུ་ལུས་མེ་རུ་བསྒྲོན་པ་འདིས་འཛམ་གླིང་མི་མང་རྣམས་གཉིད་ལས་སློང་ནས་ནང་པ་རྣམས་ཀྱི་དཀའ་སྡུག་དང་དམག་འཁྲུགས་འོག་གི་སྡུག་བསྔལ་དག་མངོན་པར་བྱེད་ཡོད། ཅེས་གསུངས།
ཀོང་དྷུག་གི་རང་ལུས་མེ་ལྕེ་བསྒྲོན་པའི་བྱུང་རིམ་ལ་ཉམས་ཞིབ་བྱེད་ན་དེའི་ཚེ་དེའི་དུས་ཀྱི་གནས་སྟངས་ངོ་མ་དེ་ཤེས་ཐུབ། ཀོང་དྷུག་གིས་དེ་ལྟར་བྱེད་དགོས་པའི་ཀུན་སློང་ངོ་མ་ནི་ཁོང་གི་བྱ་བ་དེ་མ་བརྩམས་པའི་བདུན་ཕྲག་ཁ་ཤས་གོང་དུ་ཕྱག་བྲིས་ཁག་ཁ་ཤས་བྲིས་པ་དེ་དང་དེའི་ཚེ་ལྷོ་ཝིཏ་ནམ་ནང་གི་ཆབ་སྲིད་འགྱུར་སྐྱེན་པོའི་གནས་སྟངས་ལས་ཤེས་ཐུབ། ཕྱི་ལོ་ ༡༩༦༣ ཟླ་ ༥ པའི་ཚེས་བརྒྱད་ལ་ཧུཡེ་རྒྱལ་ས་ནང་གི་ནང་པ་རྣམས་ཀྱིས་སྟོན་པའི་འཁྲུངས་སྐར་ལ་སྲུང་བརྩི་ཆེད་ཆོས་དར་འགྲེང་འཛུགས་བྱེད་པ་རེད། སྤྱིར་ཝིཊ་ནམ་ནང་དུ་ནང་པའི་མི་འབོར་བརྒྱ་ཆ་ ༨༠ ཡོད་ཀྱང་ལྷོ་ཝིཊ་ནམ་ནང་གི་ཡེ་ཤུ་ཁེ་ཐོ་ལིག་ཆོས་རྒྱུད་ཀྱི་སྲིད་འཛིན་ Ngo Dinh Diem གྱིས་ནང་པའི་དར་ཆ་སྤྱོད་རྒྱུ་བཀག་འགོག་བྱེད་པ་དང་། དེའི་སྐབས་སུ་ཆོས་དར་དེ་ཕབ་དགོས་པའི་བཀའ་ཕབ་པ་རེད། དེའི་ཚེ་གཞུང་གི་དམག་མིས་མི་མང་འདུ་འཛོམས་ཐོག་ཏུ་མེ་མདའ་འཕེན་པའི་རྐྱེན་གྱིས་ཕྲུ་གུ་བདུན་དང་མ་རྒན་གཅིག་བཅས་རྐྱེན་ལམ་དུ་བཏང་བ་རེད། རྐྱེན་རྩ་འདིས་ནང་པའི་མི་མང་ཡོངས་ཀྱི་སེམས་ནང་དུ་ཌིམ་སྒེར་སྤྱོད་རིང་ལུགས་ལ་འཁོན་འཛིན་ཆེན་པོ་སློང་ནས་ཡར་ལངས་ཤུགས་ཆེན་པོ་བྱུང་བ་རེད། ཀོང་དྷུག་དང་ནང་པ་དང་ཡེ་ཤུ་མཐུན་སྒྲིལ་ཚོགས་པ་སོགས་ཀྱིས་ཌིམ་སྲིད་གཞུང་ལ་ཞུ་ཡིག་ཐེངས་མང་ཕུལ་ཡོད། ཞུ་ཡིག་དེའི་ནང་དུ། ཡེ་ཤུ་ཁེ་ལོག་དང་ཐོབ་ཐང་འདྲ་མཉམ་དགོས་པ་དང་། གང་བྱུང་འཛིན་བཟུང་མཚམས་འཇོག་དགོས་པ། ཆོས་ལུགས་ཡིད་ཆེས་ལ་རང་དབང་ཆེ་ཙམ་དགོས་པ། ལྔ་བརྒྱད་ཀྱི་དོན་རྐྱེན་འོག་ཚེ་སྲོག་ཤོར་བ་རྣམས་ལ་གུན་གསབ་སྤྲོད་དགོས་པ་བཅས་བཀོད་ཡོད། འོན་ཀྱང་ཌིན་སྲིད་གཞུང་གིས་ཞུ་ཡིག་ལ་སྣང་མེད་དུ་བཏང་བ་ཙམ་དུ་མ་ཟད། ད་དུང་ནང་པའི་ལས་འགུལ་བ་གྲངས་མང་འཛིན་བཟུང་བྱེད་པ་རེད། ཕྱི་ལོ་ ༡༩༦༨ ལོར་སེ་གྷོན་ས་ཁུལ་གྱི་བཙོན་ཁང་ནང་དུ་བཙོན་པ་ ༡༨༧༠ ཡོད་པའི་ཁྲོད་ནས་ ༡༦༦༥ ནི་ནང་པ་ཡིན་པ་དང་ ༥༠ ནི་ནང་དམར་ཤོག་པ་ཡིན་པར་བཀོད་ཡོད། ཆབ་སྲིད་ཀྱི་དོན་རྐྱེན་འདི་ནི་ཀོང་དྷུག་གིས་མེ་རུ་བསྒྲོན་དགོས་པའི་འཕྲལ་རྐྱེན་དེ་ཆགས་ཡོད། དེའི་སྔོན་དུ་ལས་འགུལ་འདྲ་མིན་སྤེལ་བ་ཡིན་ན་ཡང་རྒྱལ་སྤྱིའི་གསར་འགྱུར་གྱིས་དོ་སྣང་སླེབས་གིན་མེད། དུས་དེ་ནས་བཟུང་ནང་པའི་ལས་འགུལ་ལ་དོ་སྣང་སླེབས་པ་ཙམ་དུ་མ་ཟད། མེ་བསྒྲོན་གྱི་ཉིན་མོ་དེར་གྲྭ་བ་ ༣༠༠ ལྷག་གིས་ཀོང་དྷུག་མཐའ་བསྐོར་གྱི་སྲང་ལམ་བཀག་ནས་ལས་འགུལ་འདི་ལ་འགོག་རྐྱེན་ཡོང་རྒྱུར་བཀག་འགོག་བྱེད་ཡོད། གོང་གི་གནས་དོན་དག་བསྡོམས་རྒྱག་ནས་འབྲི་ན་ཀོང་དྷུག་གི་བྱ་གཞག་འདིས་ནང་པའི་རྒྱལ་ཁབ་འདི་སྲིད་དབང་སྒེར་སྤྱོད་རིང་ལུགས་ལས་གྲོལ་ཐུབ་པ་བྱུང་བ་རེད།
དེའི་ཕྱི་ཉིན་ལ་ཨ་རི་སྲིད་འཛིན་ཀེ་ནེ་ཌི་ཡིས་གསར་འགྱུར་མཐོང་སྐབས། ལོ་རྒྱུས་ནང་དུ་འཛམ་བུ་གླིང་གི་གསར་འགྱུར་པར་རིས་འདི་ལས་ལྷག་པའི་ཚོར་བ་འབྱིན་པ་བྱུང་མ་མྱོང་། ཞེས་གསུངས།
ངོ་མ་བཀལྒས་སྤྲོ་པོ་དང་ཡིད་འགུལ་ཐེབས་པ་ཞིག་འདུག འོན་ཀྱང་ང་ཚོ་བོད་ཀྱི་ནང་པའི་གྲ་བཙུན་བཅུ་གྲངས་ཤིག་གིས་རང་ལུས་མེར་བསྲེགས་པར་འཛམ་གླིང་རྒྱལ་ཁབ་ཁག་གི་དོ་སྣང་དེ་ཙམ་མི་འདུག་པ་ཅི་ཡིན་ནམ། ང་ཚོས་ཕྱི་ནས་ཁྱབ་སྒྲག་གིས་མ་འདང་བ་ཡིན་ནམ། ཡང་ན་རྒྱ་ནག་སྟོབས་ཆེ་བས་འཛམ་གླིང་གི་རྒྱལ་ཁབ་ཚང་མས་གནད་ལ་འཁེལ་ཞིང་ཚིག་ཐག་ཆོད་པའི་ལངས་པྱོགས་ཤིག་འཛིན་མ་ཐུབ་པ་ཡིན་ནམ།
ང་ཚོས་ཀྱང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་ལ་མཐའ་བསྐོར་ནས་ཁོང་གི་འདོད་དོན་ལྟར་རང་ལུས་མཆོད་མེར་སྒྲོན་དུ་འཇུག་རོགས་བྱེད་རྒྱུ་ལས། མེར་བསྲེགས་པའི་སྟེང་ལ་རྒྱ་དམར་པོའི་གཅེར་རྡུང་བཙོན་འཇུག་དེ་མྱོང་དུ་མི་འཇུག་པའི་ཐབས་རེ་འཚོལ་དགོས་གལ་ཆེ་སྙམ།
མཆན་བུའི་དང་བོའི་ནང་གི་ཡིག་ནོར།
སྤྲོ་༼ པོ ༽་མ་རེད་སྤྲོ་བོ་རེད།
༼ གྲ ༽་མ་རེད་གྲྭ་རེད།
ནང་བ་ལབ་ན་བདེ། དེ་ནི་འདོད་མོས་ལྟར་བྱོས།
་ཁག་༼ གི ་༽མ་རེད་ཁག་གིས་རེད།
ཁྱབ་༼ སྒྲག་ ༽ མ་རེད་ཁྱབ་བསྒྲགས་རེད།
༼ པྱོགས ༽་མ་རེད། ཕྱོགས་རེད། གཏགས་ནོར་ཡིན་པ་འདྲ།
དེ་ཙམ་ཡིན།
ང་ཚོ་སུ་ལ་ནོར་བ་ཡོད་ན་བཅོ་རོགས་ཞུ།
གོང་དུ་མཆན་དང་བོ་ལབ་པ་ནོར་འདུག གཉིས་པ་བཟོད་རྒྱམ་གྱི་དེ་ལབ་ཡིན། འདིར་བོད་ཡིག་འབྲི་ཤེས་ན་བེད་སྤྱོད་བཏང་ན་ཡག་པོ་འདུག མི་ཤེས་ན་དམིགས་བསལ་གཏོང་རྒྱུ་ལས་ཐབས་མེད། Bathang boy མིང་ཅན་ལ་ལབ་ཡིན།
ཞིབ་ཀློག་ཞིག་བྱེད་ཁོམ་བྱུང་མ་སོང་། དེའི་ཕྱིར་བསམ་ཚུལ་ཡང་སྤེལ་རྒྱུ་མེད།