གཞི་བདག
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུའི་ཁྱད་ཆོས་ལ་དོན་ཚན་བཞི་ཡི་སྒོ་ནས་ཅུང་ཙམ་སྤྲོས་ན། མགུར་ཁྲོད་ན་གནས་པའི་ལེགས་ཉེས་བླང་དོར་གྱི་གནས་ལུགས་ཟབ་མོ་གདམས་པའི་ཁྱད་ཆོས་དང་། རྗོད་བྱེད་དཔེ་ཡི་བང་རིམ་ལུ་གུ་རྒྱུད་ལ་དྲངས་བའི་ཁྱད་ཆོས། དྲན་གདུང་དང་སྐྱོ་སྣང་བྲིས་པའི་ཁྱད་ཆོས། གཞན་ཡང་སྒྲ་རྒྱན་དང་བྱ་དཀའ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཁྱད་ཆོས་འདི་དག་གི་སྟེང་ནས་བཀླགས་བྱང་འདི་སྤྲོས་ཡོད།
གནད་ཚིག ཞབས་དཀར་ཚོགས་དྲུག་རང་གྲོལ། མགུར་གླུ། ཁྱད་ཆོས།
ཞབས་དཀར་ཚོགས་དྲུག་རང་གྲོལ་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་སྤྱི་ལོ་1781ལོར་མདོ་སྨད་རེབ་གོང་གི་ཆར་གཏོགས་ཞོ་འོང་གཉན་རྒྱ་ཞེས་པར་འཁྲུངས་ནས་མཚན་ལ་ངག་དབང་བཀྲ་ཤིས་བཏགས། དགུང་ལོ་ཉེར་གཅིག་སྤྱི་ལོ་1801ལོར་རབ་བྱུང་དང་
བསྙེན་རྫོགས་ཀྱི་སྡོམ་པ་བསྒྲུབས་ནས་མཚན་ལ་བྱམས་པ་ཆོས་དར་དུ་གསོལ། དགུང་ལོ་ཉེར་དྲུག་ནས་རྒྱལ་ཁབ་ཕྱོགས་མེད་འགྲིམས་ཏེ་དབེན་གནས་བརྒྱ་ཕྲག་ལ་ལོ་ངོ་སུམ་ཅུའི་རིང་སྒྲུབ་པ་ཉམས་ལེན་ལྷུར་ལེན་མཛད་ནས་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་པས། ཚོགས་དྲུག་གི་ཞེན་འཛིན་རང་སར་གྲོལ་བའི་བརྡར་མཚན་ལ་ཚོགས་དྲུག་རང་གྲོལ་ཞེས་གསོལ། དགུང་ལོ་སོ་བདུན་པར་བལ་ཡུལ་ལ་ཕེབས་པ་དང་། ཁོང་ལ་ཁྱོན་བསྡོམས་བརྩམས་ཆོས་པོད་ཉེར་ལྔ་ཡོད་པར་གྲགས་ཤིང་སློབ་མའི་ཚོགས་ཀྱང་ལེགས་པར་བསྐྱངས། མཐར་དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་1851ལོར་སྐུ་གཤེགས།
དང་པོ། གནས་ལུགས་ལེགས་པར་གདམས་པའི་མན་ངག
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ་ནི་ཆོས་ཀྱི་སྙིང་པོ་གཙོར་བོར་བཟུང་ནས་འཇིག་རྟེན་ལ་ངེས་འབྱུང་དང་ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕངས་བསྙེག་པའི་རྣལ་འབྱོར་བ་ཞིག་གི་ནང་སེམས་ཀྱི་ཚོར་འགྱུ་དང་ཉམས་མྱོང་གི་འབེལ་གཏམ། རྣམ་དཔྱོད་ཀྱིས་བརྡར་ཤ་བཅད་པའི་གནས་ལུགས་གང་མང་གཞི་གཅིག་ཏུ་སྒྲིལ་བ་ཞིག་རེད། དཔེར་ན། “དམ་པ་དག་ལ་བརྟེན་པ་དང་།། མཁས་པ་དག་ལ་འདྲི་བ་དང་།། གཞུང་བཟང་པོ་དང་འགྲོགས་པ་གསུམ།། རྒྱུན་དུ་བདེ་བ་རྣམ་གསུམ་ལགས།།”—“ནོར་གྱི་མཆོག་ནི་སྦྱིན་པ་སྟེ།། རྒྱན་གྱི་མཆོག་ནི་ཐོས་པ་ཡིན།། གྲོགས་ཀྱི་མཆོག་ནི་མི་བསླུ་གསུམ།། ནོར་རྒྱན་གྲོགས་ཀྱི་མཆོག་གསུམ་ལགས།།” ཞེས་དམ་པ་ལ་བརྟེན་པ། མཁས་པ་ལ་འདྲི་བ། གཞུང་བཟང་པོའམ་གཞུང་ཆེན་ལ་ཐོས་བསམ་བྱེད་པ་གསུམ་ནི་སྐབས་ཐོག་གི་བདེ་བ་ཙམ་མ་ཡིན་པར་ཕུགས་སམ་རྒྱུན་རིང་པོའི་བདེ་བ་མཐར་ཐུག་ཅིག་ཐོབ་པར་བྱེད་པའི་རྒྱུ་ཡིན་པར་བཞེད། དེ་བཞིན་ནོར་གྱི་མཆོག་ཀྱང་སྦྱིན་པ་ཡིན་པ་དང་། དེས་རང་རྒྱུད་ལ་ཚོགས་བསགས་དགེ་སྦྱོར་གྱི་ལས་བསགས་ནས། འབྲས་བུ་རྒྱ་ཆེན་པོ་བསྐྱེད་པར་བྱས་ནས་ཐར་ལམ་ལ་གྲོགས་བྱེད་པ། རྒྱན་གྱི་མཆོག་ནིའང་ཐོས་པ་སྟེ། ཐོས་པ་ལ་བརྟེན་ནས་ཟབ་མོའི་གནས་ལུགས་རྟོག་པ། གྲོགས་བཟང་པོའམ་མཆོག་ཀྱང་མི་བསླུ་བ་ཡིན་པས། ཚེ་འདི་ཕྱི་གཉིས་ལ་མི་བསླུ་བ་གསུམ་ནི་གྲོགས་ཀྱི་མཆོག་ཏེ། དུས་དང་རྣམ་པ་ཀུན་ཏུ་བརྟེན་འོས་པར་གདམས། གཞན་ཡང་། ཅོལ་ཆུང་དང་ཚུལ་མིན་གྱི་བྱ་སྤྱོད་བརྗོད་ནས་གནས་ལུགས་ཟབ་མོ་ལེགས་པར་གདམས་པ་ནི། དཔེར་ན། “རྒྱལ་པོས་ཆོས་མིན་བྱེད་པ་དང་།། བྲན་གཡོག་ང་རྒྱལ་ཆེ་བ་དང་།། དཀའ་ཐུབ་ལྡན་པ་ནོར་གསོག་པ།། ཚུལ་མིན་ཞུགས་པ་རྣམ་གསུམ་ལགས།། མི་ལྕོགས་བྱ་བ་བྱེད་པ་དང་།། ཕ་རོལ་མང་ལ་འཁོན་པ་དང་།། ངན་པ་མཛའ་བ་བྱེད་པ་གསུམ།། རང་ཉིད་བརླག་པ་རྣམ་གསུམ་ལགས།། ནོར་མེད་ཟས་གོས་མཆོག་འདོད་དང་།། གཞན་ལ་སློང་ཞིང་ང་རྒྱལ་ཆེ།། བསྟན་བཅོས་མི་ཤེས་རྩོད་འདོད་པ།། འགྲོ་བའི་བཞད་གད་རྣམ་གསུམ་ལགས།།” ཞེས་པ་དང་། “ལྟོགས་ན་ངོ་གནག་འགྲངས་ན་འཛུམ།། ངོ་མཚར་གཏམ་ལ་མཚར་མི་འཛིན།། མངོན་སུམ་མཐོང་ཡང་སླར་འདྲི་བ།། སྐྱེ་བོ་བླུན་པོའི་རྟགས་གསུམ་ལགས།། འགྲོ་དགོས་བྱུང་ན་ནད་རོ་ལྡང་།། གྲོས་ལ་འཚོགས་ན་འཐབ་རྩོད་སློང་།། གསང་གྲོས་ལྐོག་ཏུ་སྨྲ་བ་གསུམ།། མི་ངན་ཐ་ཆད་རྟགས་གསུམ་ཡིན།། བཟའ་བཏུང་ཡོད་སར་རོ་བཞག་འོངས།། དགོས་པའི་བྱ་བ་བཅོལ་ཡང་འབྲོས།། དགྲ་ལ་འཐབ་ཁར་ཡིབས་པ་གསུམ།། ཀུན་གྱིས་ཁྲེལ་བའི་གཞི་གསུམ་ལགས།།” ཞེས་མ་རབས་ཐ་ཆད་གཤིས་རྒྱུད་གྱོང་ཞིང་གསང་ཚིག་མི་ཐུབ་པའི་མི་གཤིས་ཤིག་ཡོངས་སུ་བརྗོད་དེ། དེ་དག་དང་འགྲོགས་ན་རང་ཉིད་བརླག་པ་དང་གཞན་གྱིས་འཕྱ་དམོད་བྱེད་སའི་གཞི་རུ་འགྱུར་བའི་ངང་ཚུལ་ཞིག་བརྗོད་པ་བརྒྱུད་ནས། དེ་དང་དེ་ལྟ་བུའི་གཤིས་སྤྱོད་དོར་དགོས་པའི་གནས་ལུགས་ཟབ་མོ་ཞིག་གི་གདམས་པ་དང་ལྷན་དུ་ངམ་ངམ་ཤུགས་ཀྱིས་ཀློག་པ་པོས་ཀྱང་རང་རྒྱུད་ལའང་དག་ཐེར་བྱེད་པའི་མན་ངག་ཏུ་འགྱུར་བས་ན། མ་རབས་ཐ་ཤལ་གྱི་གཤིས་སྤྱོད་བརྗོད་པ་བརྒྱུད་ནས་ངན་པའི་རང་གཤིས་ཀྱི་ངང་ཚུལ་ཤེས་རྟོག་དང་རང་རྒྱུད་ཀྱི་སྐྱོན་ཆ་ལ་དག་ཐེར་བྱེད་པའི་བློ་སྒོ་ཕྱེ་བའི་མན་ངག་གི་གདམས་པ་ཞིག་ཏུ་འཁུམས་སོ།།
གཉིས་པ། རྗོད་བྱེད་དཔེ་ཡི་བང་རིམ་རྒྱུད་སྐུད་གཅིག་གི་སྟེང་ནས་སྤྲོས་སྟངས།
སྤྱིར་བརྩམས་ཆོས་མང་པོ་ཞིག་གི་ཁྲོད་དཔེ་ནི་དོན་གསལ་བར་བྱེད་པའི་ཆེད་དུ་རྩལ་འདོན་བྱེད་པ་དང་རང་སེམས་ཀྱི་ཉམས་སྣང་གཙོར་བོར་མཚོན་པའི་ཆེད་དཔེ་འདྲ་མིན་བཀོད་པ་ལས། དཔེ་དེ་ལ་དབྱེ་ཞིབ་དང་འདེམས་གསེས་ཆེར་མེད་པ་འདྲ། འོད་ཀྱང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུའི་ཁྲོད་ན། དཔེ་འགོད་ཀྱི་རིམ་པ་ལུ་གུ་རྒྱུད་དུ་དྲངས་འདྲའི་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག་སྙམ། དཔེར་ན། “ནམ་ཟླ་དགུན་དཔྱིད་དེ་བཞུད་ཐལ།། དབྱར་ཟླ་གསུམ་པོ་ཁོ་སླེབས་བྱུང་།། ཁུ་བྱུག་སྔོན་མོ་ཁོ་སྐྱིད་པ།། གཤོག་སྒྲོ་ལེགས་པོ་བྱས་བརྒྱངས་ཏེ།། ལྗོན་ཤིང་རྩེ་མོ་རུ་བབས་ནས།། བྱ་བྱེའུ་སྣ་ཚོགས་ལ་ལྟ་བཞིན།། སྐད་སྙན་ཡག་པོ་དེ་འབྱིན་ཡ།། སྐད་སྙན་ཡག་པོ་ཞིག་འབྱུང་བ།། ནམ་མཁའི་ལྷོ་སྤྲིན་ནས་སྦྲང་ཆར།། འཇམ་པོ་བབས་པའི་དྲིན་ཡིན་སྙམ།། ཁུ་བྱུག་སྔོན་མོ་ང་དགའ་ནས།། བར་བར་བཞད་གད་རེ་ཤོར་རོ།།” ཞེས་ནམ་ཟླ་དགུན་དཔྱིད་གཉིས་བཞུད་རྗེས་དབྱར་ཟླ་སླེབས་པ་དང་། ནམ་ཟླ་དབྱར་ཀ་ཚེས་པ་དང་མཉམ་དུ་ཁུ་བྱུག་སླེབས་པ། ཁུ་བྱུག་གསུང་སྐད་སྙན་མོ་དེའང་སྦྲང་ཆར་བསིལ་མ་ཞིག་གིས་བསུས་པ་སོགས་ཀྱི་དཔེ་ལ་གོ་རིམ་ལྡན་ཞིང་འབྲེལ་ཆགས་པ་དང་། གཞན་ཡང་། “མཚོ་དར་དཀར་པོ་དེ་བཞུད་ཐལ།། མཚོ་ཆུ་སྔོན་མོ་ནི་སླེབས་བྱུང་།། ངང་པ་སེར་པོ་ངའི་སྐྱིད་པ།། གཤོག་སྒྲོ་ལེགས་པོ་བྱས་བརྒྱངས་ཏེ།། མཚོ་ཆུ་སྔོན་མོའི་ཁར་བབས་ནས།། གསེར་མིག་ཉ་མོ་ལ་ལྟ་བཞིན།། སྐད་སྙན་ཡག་པོ་དེ་སྒྲོགས་ཡ།། སྐད་སྙན་ཡག་པོ་ཞིག་བྱུང་བ།། མཚོ་ཞབས་རྡོ་བཟང་རྩར་ཆགས་པའི།། ཞིམ་མངར་འདམ་གཙང་དྲིན་ཡིན་སྙམ།། ངང་པ་སེར་པོ་ང་དགའ་ནས།། བར་བར་གཤོས་སྒྲོ་རེ་སྤྲུགས་སོ།།” ཞེས་པ་ལྟར། མཚོ་དར་དཀར་པོ་བཞུད་རྗེས་མཚོ་ཆུ་སྔོན་མོ་སླེབས་པ། མཚོ་ཆུ་སྔོན་མོར་ངང་པ་སེར་པོ་འཁོར་བ་སོགས་ཀྱི་མཚོ་དང་འབྲེལ་བའི་སྲོག་ཆགས་དང་། དེ་ལ་དེར་བརྟེན་གྱི་དཔེ་ཡི་བང་རིམ་དེ་ཡང་ཕན་ཚུན་འབྲེལ་བ་ཁ་འཐོར་དུ་གྱུར་བ་མ་ཡིན་པར་གཅིག་ལ་གཅིག་བརྟེན་ལྟ་བུའི་དཔེ་ཡི་རྒྱུད་སྐུད་གཅིག་གི་སྟེང་ནས་སྤྲོས་འདུག་པས་ན། དཔེ་འགོད་ཀྱི་གོ་རིམ་དང་འབྲེལ་བ། ད་དུང་གཅིག་རྗེས་གཅིག་སྒྲིག་པ་ཙམ་མ་ཡིན་པར་རང་བྱུང་གིས་ལྷུང་བ་ལྟ་བུའི་དབྱངས་འགྲོས་ཤིག་གི་ཁྱད་ཆོས་ཀྱང་ཆེས་ཆེར་ལྡན་འདུག་པས། འདི་ནི་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གྱི་ཁྱད་ཆོས་ཤིག་ཏུ་ཁོ་བོས་བརྗོད་ཆོག་པར་འདོད་དོ།།
གསུམ་པ། དྲན་གདུང་གིས་མནར་བའི་སེམས་གཤིས་ཀྱི་སྐྱོ་བ་བྲིས་པ།
དྲན་གདུང་ནི་ནམ་ཡང་བར་ཐག་གིས་བསྐྱེད་པ་དང་། བར་ཐག་དེ་ལའང་ཚེ་འདི་ནས་ཆོད་པའི་གནས་སྐབས་ཀྱི་བར་ཐག་ཅིག་དང་། འདི་ཕྱི་གཉིས་སུ་ཆོད་པའི་བར་ཐག་གཉིས་ཡོད་པ་ལས། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་དུ་གསལ་བའི་དྲན་གདུང་ནི་ཚེ་འདི་ཕྱི་གཉིས་སུ་ཆད་པའི་དྲན་གདུང་ཞིག་ཡིན་པ་དང་། དྲན་གདུང་དེ་ཡང་རང་གི་མ་ཡུམ་དང་གཏན་བྲལ་བྱུང་བའི་སྐྱོ་གདུང་དང་། དྲིན་ཆེན་གྱི་དགེ་རྒན་ནམ་བླ་མ་དང་གྲོགས་པོ་གཏན་བྲལ་བྱུང་བ་ལ་བརྟེན་ནས་ཁོའི་ནང་སེམས་ལ་སྐྱོ་ཤས་ཀྱི་སྐྱུར་ཁ་ལངས་ཤིང་མིག་མཐའ་ལ་མཆི་མ་འཁོར་བའི་སེམས་ཁམས་ཀྱི་བབ་དེ་མགུར་ལ་དྲངས་བ་ཞིག་ཏེ། དཔེར་ན། “ལྷོ་ལམ་དྲོ་འཇམ་ཉི་མ།། འཛིན་མའི་མེ་ཏོག་སྤང་རྒྱན།། བར་སྣང་ཆུ་འཛིན་འཛོམས་དུས།། སྤྲིན་དཀར་མེ་ཏོག་མཛེས་ཀྱང་།། ཉི་མ་ནུབ་རིར་ཡིབས་ནས།། རི་མགོ་མུན་པས་ནོན་ཚེ།། སྤྲིན་དཀར་མེ་ཏོག་ལུས་པ།། དཀར་གསལ་མཛེས་རྒྱུ་མི་འདུག གོང་གི་ཤ་ཚའི་མ་རྒན།། འགབ་ཀྱི་སྙིང་ཉེའི་སྲིང་མོ།། བར་གྱི་བུ་ང་འཛོམས་དུས།། མིང་སྲིང་བདེ་སྐྱིད་སྤྲོ་ཡང་།། དྲིན་ཅན་ཨ་མ་ཤི་ནས།། སེམས་མགོ་སྐྱོ་བའི་ནོན་ཚེ།། མིང་སྲིང་ཤུལ་དུ་ལུས་པ།། བདེ་སྐྱིད་སྤྲོ་རྒྱུ་མི་སྣང་།།” ཞེས་སྔོན་ཆད་ཀྱི་སྤྲོ་སྣང་བརྗོད་པ་དང་ལྷན་དུ་ད་ལྟའི་གནས་བབ་ཀྱི་སྐྱོ་ཤས་ཀྱི་སེམས་ཁམས་ཞིབ་བརྗོད་བྱས་ཡོད་པ་ནི། “བྱ་རྒྱལ་ཁུ་བྱུག་སྔོན་མོས།། མཛེས་པའི་མགྲིན་པ་བཏེགས་ནས།། ཕྱོགས་བཞིར་ཁ་བལྟས་ལྷང་ལྷང་།། སྐད་སྙན་སྒྲོག་པ་ཐོས་ཚེ།། བྱམས་པའི་མིག་གིས་བུར་བལྟས།། སྙན་པས་མིང་ནས་འབོད་པའི།། རྒས་པའི་ཨ་མ་དྲན་ནས།། མིག་ནས་མཆི་མ་ལྷུང་བྱུང་།། ཁུ་བྱུག་ཡུལ་གཞན་སོང་བར།། ཕྱིར་ལོ་འོང་ཚུལ་སེམས་ཚེ།། སྐྱོ་བ་སྐྱེ་རྒྱུ་མི་སྣང་།། མ་རྒན་ཕྱིར་མར་སོང་ལ།། སྐྱོ་བ་ཚད་མེད་སྐྱེ་བ།། འཕྲད་རྒྱུ་མེད་ཚུལ་བསམས་ཚེ།། སྐྱོ་བ་སངས་དུས་མི་སྣང་།། མ་ལ་འཕྲད་འདོད་ཆེ་ཡང་།། འཕྲད་ཡུལ་ཨ་མ་མེད་ཚེ།། འཕྲད་ན་འདོད་ཀྱང་སུར་འཕྲད།།”ཞེས་པ་ལྟར། རང་སེམས་ཀྱི་སྐྱོ་གདུང་དང་དྲན་གདུང་གི་དབང་གིས་ཁུ་བྱུག་གི་གསུང་སྐད་སྒྲོག་པ་ཡིས་རང་གི་ཨ་མས་ངག་སྙན་པོས་འབོད་པ་དྲན་པས་མིག་ནས་མཆི་མ་ཟགས་པ། ཁུ་བྱུག་དུས་ཚིགས་བཞིན་ལོག་ཕེབས་ཡོད་ཀྱང་དྲིན་ཅན་མ་རྒན་ཕྱིར་ལོག་གི་སྐལ་བ་མེད་པས་སེམས་ཁམས་ཀྱི་སྐྱོ་བ་སངས་མཐའ་མེད་པའི་སེམས་གཤིས་ཤིག་བརྗོད་ཡོད། གཞན་ཡང་བླ་མ་དང་གྲོགས་པོ་གཤེགས་པའི་སྐྱོ་གདུང་བྲིས་པ་ནི། “སྤྲིན་འཇའ་ཉི་མ་རྣམ་གསུམ།། མཁའ་ལ་དུས་གཅིག་འཛོམས་ནས།། དགའ་སྟོན་སྦྲང་ཆར་འབེབས་ཚེ།། སྤྲིན་དཀར་ལང་ཚོ་གསར་ཡང་།། འཇའ་ཡུལ་ཉི་མ་ནུབས་ནས།། ས་གཞི་སྨག་གིས་ཁེབས་ཚེ།། སྤྲིན་དཀར་ཤུལ་དུ་ལུས་པ། འོད་མདངས་ཅི་ཡང་མི་སྣང་།། བླ་མ་གྲོགས་བདག་རྣམ་གསུམ།། ས་ལ་དུས་གཅིག་འཛོམས་ནས།། དགའ་སྟོན་ཆོས་གཏམ་བགྱིས་ཚེ།། ཉམས་དགའ་སྣང་བ་སྤྲོ་ཡང་།། གྲོགས་གཤེགས་བླ་མ་ཞིང་བརྗེས།། རང་སེམས་སྐྱོ་བའི་ཁེབས་ཚེ།། བདག་ཉིད་ཤུལ་དུ་ལུས་པ།། དགའ་སྤྲོ་ཅི་ཡང་མི་སྣང་།།”ཞེས་ཤུལ་ལུས་ཀྱི་དྲན་གདུང་དང་སྐྱོ་བ་ཡིས་གསོན་པའི་འཚོ་བ་ལ་རོ་བཅུད་དབེན་པར་གྱུར་བའི་ཨ་ཐང་ཆད་པའི་ངང་ཚུལ་བརྗོད་པ་དང་། དེ་ལྟ་བུའི་སྐྱོ་གདུང་གི་འོག་ནས་རང་སེམས་མགུར་ལ་དྲངས་པ་ནི། “སྐྱོ་བྲལ་རང་སེམས་མཁའ་ལ།། སྐྱོ་ཤས་ཆུ་འཛིན་འཁྲིགས་ཚེ།། སྐྱོ་དབྱངས་དབྱར་རྔ་ལྡིར་བཞིན།། སྐྱོ་མགུར་ཆར་འདི་བབ་བོ།།”ཞེས་དྲན་གདུང་དང་སྐྱོ་བ་ཡོད་ཚད་མིག་ཆུ་དང་ལྷན་མགུར་ལ་བླངས་བ་ཞིག་རེད། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་རང་གི་སྐྱོ་བ་མགུར་ལ་དྲངས་པ་དང་། དང་ཐོག་རང་བྱུང་ཁོར་ཡུག་གི་གནས་ཚུལ་ཅིག་བྲིས་ནས། དེ་ཡང་དགའ་སྤྲོའི་ངང་ཚུལ་ནས་བརྩམས་ཏེ། སྐྱོ་བ་དང་མི་སྡུག་པའི་ངོ་བོར་འགྱུར་ཅིང་མི་རྟག་པའི་གནས་ལུགས་ཤིག་གི་འོག་ནས་གཞི་ནས་རང་ཉིད་ཀྱི་ཨ་མ་དང་བླ་མ། གྲོགས་པོ་སོགས་འཛོམས་པའི་སྔོན་གྱི་དགའ་སྤྲོའི་ངང་གནས་པ་ལས་སྤྲོས་ཏེ་ད་ལྟའི་མི་སྡུག་པའམ་དྲན་གདུང་གི་མནར་བའི་སྐྱོ་ཤས་བྲིས་ཡོད་པ་ནི་གོང་བཀོད་ཀྱི་དཔེ་གཞི་དེ་དག་ལས་ཀྱང་གསལ་བར་ངེས། མདོར་ན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་དྲན་གདུང་གིས་མནར་བའི་སེམས་གཤིས་འབྲི་སྟངས་ཕྱི་ཁོར་ཡུག་ནས་འགོ་བརྩམས་ཤིང་། དེ་ཡང་སྤྲོ་སྣང་ཅན་ནས་མི་སྡུག་པར་གྱུར་བའི་འགྱུར་འགྲོས་ཤིག་གི་སྒོ་ནས་མི་རྟག་པ་དང་འགྱུར་བའི་གནས་ལུགས་གསལ་སྟོན་གྱི་སྒོ་ནས་བརྗོད་པར་བྱས་འདུག་སྙམ།།
བཞི་པ། སྒྲ་རྒྱན་དང་བྱ་དཀའ་བའི་སྙན་ངག་གི་ཁྱད་ཆོས་འབུར་དུ་ཐོན་པ།
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་ནི་རྗེ་བཙུན་མི་ལ་བཞིན་མགྲིན་པས་དབྱངས་སུ་འཐེན་པ་ཁོ་ན་ཞིག་མིན་པ་འདྲ། དེ་ནི་ཁོང་གི་མགུར་ཁྲོད་ན་སྒྲ་རྒྱན་ཕུན་སུམ་ཚོགས་པ་དང་བྱ་དཀའ་བའི་མགུར་གང་མང་ཞིག་མཆིས་པར་གཞིག་ཚེ། སྒྲ་རྒྱན་ནི་ཐོལ་བྱུང་གི་མགུར་ལ་འབྱུང་ངེས་སྲིད་མོད། བྱ་དཀའ་བའི་རྩོམ་ཐབས་འདི་ནི་ཐོལ་བྱུང་དུ་མགུར་ལ་དྲངས་ཁག་པོ་ཞིག་ཡིན་པ་ཅིས་ཀྱང་གསལ་ངེས་པས་ན། ཁོང་གི་མགུར་དག་ནི་མཐའ་གཅིག་ཏུ་མགྲིན་པ་དབྱངས་སུ་གྱེར་བ་ཞིག་མ་ཡིན་པར་ཆེད་དུ་གསར་རྩོམ་མཛད་པའི་མགུར་ཡང་ཡོད་པ་ར་འཕྲོད་ཐུབ་པ་ཞིག་རེད་སྙམ། གཤམ་ནས་སྒྲ་རྒྱན་དང་བྱ་དཀའ་བའི་མགུར་རེ་དཔེར་མཚོན་དུ་དྲངས་ན། “མ་བཞིན་བཞིན་མདངས་འཛུམ་ནས་ཕར་ཕྱིན་དང་།། མ་སྨིན་སྨིན་པར་བྱེད་པའི་གསང་སྔགས་དབང་།། མ་གྲོལ་གྲོལ་བྱེད་བསྐྱེད་རྫོགས་རྫོགས་ཆེན་ཁྲིད།། མ་ལུས་ལུས་མེད་གནང་མཁས་བླ་མར་འདུད།། བྲག་དཀར་དཀར་ཕྱོགས་ལྷ་གནས་སྤྲེལ་རྫོང་ནས།། སེམས་དཀར་དཀར་ཆོས་སྒྲུབ་པའི་རྣལ་འབྱོར་ངས།། རྣམ་དཀར་དཀར་པོའི་དགེ་བསྐུལ་རྒྱང་གླུ་ལེན།། ལས་དཀར་དཀར་པོའི་སེམས་ཀྱིས་སྒྲུབ་རྣམས་ཉོན།།”ཞེས་པ་ལྟ་བུ་དང་། “ནམ་ཡང་ཡང་ཡང་མི་རྙེད་མི་ཡི་ལུས།། ལུས་འདི་འདི་བཞིན་མི་རྟག་མྱུར་དུ་འཇིག།། འཇིག་ཚེ་ཚེ་འདིའི་རྒྱུ་ནོར་ཟས་གསུམ་མི།། མི་ཕན་ཕན་ངེས་ཆོས་ཡིན་ཚེ་བློས་ཐོངས།”ཞེས་པ་ལྟ་བུའི་སྒྲ་རྒྱན་ཕུན་སུམ་ཚོགས་པ་སྤྱད་འདུག གཞན་ཡང་། བྱ་དཀའ་བའི་དཔེར་བརྗོད་འགའ་བཀོད་ན། “ཡན་ལག་མ་ཚང་ལམ་སྤངས་ནས།། ལམ་བཟང་ཆ་ཚང་བསླབས་ན་བཟང་། བཟང་བཟང་ཆ་ཚང་ལམ་བཟང་ལ།། ཡང་ཡང་བག་ཆགས་བཞག་ན་བཟང་།། གཞན་ལ་བསམ་པ་མ་གནག་པར།། གཞན་ཕན་བསམ་པ་ལྡན་ན་བཟང་།། ཕན་བཏགས་མ་བཏགས་གང་ལ་ཡང་།། ཕན་བྱས་ངན་མ་བྱས་ན་བཟང་།།” ཞེས་པ་ལྟར་བྱ་དཀའ་བ་དབྱངས་མ་ངེས་པ་གང་ཞིག་ལ་སྒྲ་རྒྱན་གྱིས་སྤྲས་པས་ན། ཁོང་གི་རྩོམ་རྩལ་ཁྱད་དུ་འཕགས་པའང་ངེས་ཤེས་གསལ་བོ་རེ་སྐྱེས་ཐུབ་པར་འདུག་སྙམ་མོ།།
གྲུབ་དོན།
མདོར་དྲིལ་ན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་ནི་བརྗོད་བྱ་དོན་གྱི་གནས་ལུགས་ཟབ་ཅིང་རྗོད་བྱེད་དཔེ་ཡི་གོ་རིམ་གཅིག་ལ་གཅིག་འབྲེལ་དུ་ཆགས་ཤིང་། གཅིག་རྗེས་གཅིག་ལྷུང་གི་རང་བཞིན་ལྷུན་གྲུབ་ཀྱི་ཚིག་སྦྱོར་ལ་བརྟེན་ནས་ལྷོད་ལ་འཇམ་པའི་དབྱངས་འགྲོས་ཤིག་ཀྱང་རྒྱུ་བས་ན། ཀློག་པར་སྤྲོ་ཞིང་ལེགས་ཉེས་ཀྱི་བླངས་དོར་གྱི་གནས་ལུགས་ཟབ་མོ་གདམས་པའི་ཁྱད་ཆོས་ལྡན་འདུག་པ་དང་། གཞན་ཡང་དྲན་གདུང་དང་སྐྱོ་བའི་མནར་བའི་སེམས་གཤིས་ཀྱང་མགུར་ལ་དྲངས་ཤིང་། དེ་ཡང་རང་བྱུང་གི་ཁོར་ཡུག་ནས་འགོ་བརྩམས་ཏེ། མཛེས་སྡུག་ནས་མི་སྡུག་པ་དང་སྤྲོ་བ་ནས་སྡུག་བསྔལ་གྱི་ངོ་བོར་འགྱུར་བའི་འབྲི་སྟངས་ཤིག་གིས་དྲན་པར་བྱ་བའི་མི་དེ་དང་རང་ཉིད་ཀྱི་སྔོན་ཆད་ཀྱི་བརྩེ་དུང་གི་ཟབ་ཚད་བརྗོད་ནས་ད་ལྟའི་སྡུག་བསྔལ་དང་སྐྱོ་བ་བརྗོད་པར་བྱས་འདུག དེ་ཡང་རང་རྒྱུད་ཀྱི་སྐྱོ་བ་དང་དྲན་གདུང་ཤུགས་ཆེར་མངོན་པར་བྱེད་ཐབས་ཤིག་ཏུ་ཁོ་བོས་འདོད། ཅིའི་ཕྱིར་ན་ཅི་ཙམ་འབྲེལ་བ་ཟབ་ན་དེ་ཙམ་གྱིས་བྲལ་བའི་སྡུག་བསྔལ་ཡོད་པ་བཤད་མ་དགོས་པས་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་རང་ཉིད་དང་འབྲེལ་བ་ཟབ་པའི་ཚུལ་དེ་སྔོན་གྱི་ལྷན་འཛོམས་ཀྱི་དགའ་སྤྲོ་ནས་བརྗོད་དེ་ད་ལྟའི་དྲན་གདུང་གི་སྡུག་བསྔལ་བརྗོད་ཚུལ་གྱི་སྟེང་ནས་ཀྱང་ཤེས་ཐུབ་པ་ཞིག་རེད། དེ་ལྟའི་བརྗོད་ཐབས་དམིགས་བསལ་བའམ་ཐབས་རྩལ་ཁྱད་འཕགས་ཀྱི་རྩོམ་ཐབས་ལ་བྱང་བ་ནི་ཁོང་གི་སྒྲ་རྒྱན་བཀོད་སྟངས་དང་བྱ་དཀའ་བའི་མགུར་དག་དག་གིས་ཀྱང་ར་སྤྲོད་བྱེད་པས་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་ནི་རྩོམ་པ་ལ་བྱང་ཆ་དོད་ཅིང་། ཁྱད་འཕགས་རང་བཞིན་གྱི་རྩོམ་རྩལ་མངའ་བའི་དུས་རབས་བཅོ་བརྒྱད་ཀྱི་སྨད་དང་བཅུ་དགུའི་སྟོད་ཀྱི་བོད་ཀྱི་རྣལ་འབྱོར་བ་ཞིག་གོ།།
དཔེ་ཐོ།
༡ སྔ་འགྱུར་སྙིང་མའི་མཁས་གྲུབ་རྣམས་ཀྱི་སྙན་ངག་གཅེས་བཏུས། རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། 2017ལོར་དཔར།
༢ དབང་རྒྱལ་མཁར། བྱ་བཏང་བ་ཞབས་དཀར་ཚོགས་དྲུག་རང་གྲོལ་བའི་ཕྱག་རྩོམ་གྱི་ཆེ་བ་བཞད་པའི་མེ་ཏོག་ཞེས་བྱ་བ། བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་བློ་གསལ་བུང་བ་འདྲེན་པའི་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དེབ་གསུམ་པ།
༣ པདྨ་རྒྱ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་མ་བྱུང་བའི་རྒྱུ་དང་རྐྱེན་གྱི་སྐོར་ལ་ཅུང་ཟད་དཔྱད་པ།
སྤེལ་དུས 2018-08-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
༡ རྡོ་རྗེའི་ཐོལ་གླུ་ཞེས་པའི་སྔ་འགྱུར་རྙིང་མའི་མཁས་གྲུབ་རྣམས་ཀྱི་སྙན་ངག་གཅེས་བཏུས་སུ་བཀོད་པའི་ཞབས་དཀར་གྱི་མགུར་ཚན་བཅུ་བཞི་ལ་གཞིར་བཞག་བྱས་ཡོད།
༢ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 99
༣ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 99—100
༤ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 106
༥ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 106
༦ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 107
༧ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 107
༨ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 108
༩ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 107
༡༠ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས། 114
༡༡ རྡོ་རྗེའི་ཐོལ་གླུ། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བསྒྲིགས། ཤོག་གྲངས།114