རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་སུ་ཆགས་རྒྱུ་ཡིན་པའི་ཞི་ཅིན་ཕིང་ནི། ཉེ་ཆར་ཨ་རིར་ཉིན་ལྔའི་ལྟ་སྐོར་དུ་བསྐྱོད་ནས་གྲོང་ཁྱེར་ཝ་ཤིན་ཏོན་དང་། མངའ་སྡེ་ཨོ་ཝ། མངའ་སྡེ་ཁ་ལེ་ཧྥོར་ལེ་ཡ་བཅས་སུ། ཨ་རིའི་སྲིད་འཛིན་ཨོ་རྦ་མ་དང་། སྲིད་འཛིན་གཞོན་པ་ཇོལ་རྦ་སྒྲེན་དང་། གནད་ཡོད་མི་སྣ་སོགས་ལ་ཐུག་འཕྲད་གནང་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། དངོས་ཡོད་ཀྱི་ཚོང་འབྲེལ་མཉམ་ལས་ལ་དབྱེ་ཞིབ་བྱེད་པ། ཕན་ཚུན་གཉིས་ཀྱི་ཡིད་ཆེས་ཀྱི་འཐབ་ཇུས་གསར་བ་འཛུགས་སྐྲུན་བྱེད་པའི་ཐོག་ལ་གྲོས་མོལ་བྱེད་པའི་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་དང་། སྐབས་དེར་ཕོ་བྲང་དཀར་བོའི་མཐའ་སྐོར་དུ་མངའ་སྡེ་ཁ་ཤས་ནས་ཕེབས་པའི་བོད་རིགས་༥༠༠་ལྷག་གིས་གཙོ་བོར་གྱུར་བའི་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་པའི་ཡུ་གུར་མི་རིགས་དང་། རྩ་རླུང་ཆོས་འཁོར་སྒོམ་སྒྲུབ་ཀྱི་མི་སྣ་དང་། ཡུ་ཤི་ཆོས་ལུགས་རྒྱབ་སྐྱོར་བ་སོགས་ཀྱིས་སྐད་འབོད་ཁྲོམ་སྐོར་གཟབ་རྒྱས་ཤིག་གནང་སྟེ། རྒྱ་གཞུང་གིས་མི་རིགས་ཁག་གི་རང་དབང་དང་ཆོས་ལུགས་དང་གཏམ་བརྗོད་ཀྱི་རང་དབང་སོགས་རྩ་མེད་དུ་གཏོང་བཞིན་པའི་སྲིད་ཇུས་དང་། ཉེ་ཆར་གྱི་བོད་ནང་གི་ཛ་དྲག་གནས་བབ་བཅས་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད།
ད་ཐེངས་ཀྱི་ཞི་ཇིན་ཕིང་གི་ལྟ་སྐོར་གྱི་རིང་ལ་བོད་ཀྱི་ས་གནས་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་ཏུ། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་གནང་ནས་ཉེ་བའི་ལོ་ཤས་ཀྱི་རིང་ལ་བོད་ནང་དུ་བོད་རིགས་རྣམས་ཀྱིས་རང་ལུས་མེར་བསྲེག་གི་ལས་འགུལ་བསྟུད་མར་བྱུང་བའི་རྒྱུ་རྐྱེན་དུ་གྱུར་བའི་རྒྱ་ནག་གི་དྲག་པའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པའི་སྐུལ་མ་གནང་ཡོད། དེར་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་བོད་རིགས་རྒྱབ་སྐྱོར་ཚོགས་པ་ཁག་གིས། ཨ་རིའི་སྲིད་འཛིན་ཨོ་རྦ་མ་དང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གཉིས་ཀྱི་ཐེངས་འདིའི་ཐུག་འཕྲད་ཀྱི་སྐབས་སུ། ཉེ་བའི་བོད་ནང་གི་ཚ་དྲག་གི་གནས་བབ་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་གྲོས་མོལ་བྱེད་དགོས་པར། ཨོ་རྦ་མའི་ཕོ་བྲང་དཀར་བོ་ལ་རེ་སྐུལ་ནན་ཏན་གནང་ཡོད་ནའང་། ད་ཐེངས་ཀྱི་ཐུག་འཕྲད་དངོས་ཀྱི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་གྱི་སྐོར་ལ་གླེང་སློང་བྱས་ཡོད་མེད་སོགས་ཕོ་བྲང་དཀར་བོས་ཕྱི་ཕྱོགས་སུ་གསལ་བསྒྲགས་བྱས་མེད་པ་རེད།
སྤྱི་ཚེས་༡༤་ཉིན་དུ་ཕོ་བྲང་དཀར་བོའི་མགྲིན་ཚབ་པ་ཁར་ནེལ་གྱིས། གསར་འགོད་སྣེ་ལེན་ཚོགས་འདུའི་སྐབས་སུ། གསར་འགོད་པ་གོལ་ཡོལ་གྱིས། རྒྱ་ནག་གི་སྲིད་འཛིན་གཞོན་པའི་ལྟ་སྐོར་ལ་བོད་རིགས་བརྒྱ་ཕྲག་མང་བོས་ཕོ་བྲང་དཀར་བོའི་ཕྱོགས་སུ་ཁྲོམ་སྐོར་སྐད་འབོད་བྱེད་བཞིན་པ་དང་། ད་དུང་ཁོ་ཚོས་བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དགོས་པ་དང་། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་མིན་པ་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་པ་དང་། བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་བཤད་ཀྱི་ཡོད། དེ་ལྟར་དུ་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛུགས་ཁག་གིས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བཙོན་ཁང་གི་ངལ་རྩོལ་བསྒྱུར་བཀོལ་སོགས་ལ་དོ་སྣང་དང་སེམས་འཁུར་བྱེད་ཀྱི་ཡོད་པ་དང་གནས་ཚུལ་དེ་དག་ཨ་རི་ཚུད་པའི་འཛམ་གླིང་གི་མཐའ་སྐོར་དུའང་ཡོང་བཞིན་པ་ཞིག་རེད་ཅེས་དྲི་བ་བཏོན་པའི་ལན་དུ།
ཕོ་བྲང་དཀར་བོའི་མགྲིན་ཚབ་པ་ཁར་ནེལ་གྱིས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གལ་ཆེན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཉམ་དུ་ཚོགས་འདུ་འཚོགས་པའི་སྐབས་སུ་གནད་དོན་འདི་རིགས་གླེང་སློང་བྱེད་པར་ངོ་ཚ་དགོས་པ་གང་ཡང་མེད། ང་ཚོའི་བར་གྱི་ཕྱོགས་མང་བོའི་གནད་དོན་རིགས་ཚང་མ་མདུན་ཅོག་གི་སྟེང་དུ་གྲོས་མོལ་བྱེད་དགོས་ཀྱི་རེད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་དེའི་ནང་གི་གཅིག་རེད། ད་ཐེངས་ཕྱི་ལོགས་སུ་གསལ་བསྒྲགས་བྱེད་དགོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ངས་ཤེས་ཀྱི་མེད་ཅེས་ལན་བསྐྱོན་པ་རེད།
སྤྱི་ཚེས་༡༤་ཉིན་ལ་ཕྱོགས་གཉིས་ཀའི་དཔོན་རིགས་ཚོའི་མཉམ་འཛོམས་ཀྱི་ཚོགས་འདུའི་སྐབས་སུ། སྲིད་འཛིན་ཨོ་རྦ་མ་དང་སྲིད་འཛིན་གཞོན་པ་ཞི་ཇིན་ཕིང་གཉིས་ཀྱིས་གཏམ་བཤད་མདོར་བསྡུར་ཞིག་བྱས་ཡོད་པ་ནི། སྲིད་འཛིན་ཨོ་རྦ་མས། རྒྱལ་ཁབ་གཉིས་ཀྱིས་གོ་སྐབས་དམ་འཛིན་གནང་ནས་དཔལ་འབྱོར་ཀྱི་འབྲེལ་བ་དང་དམག་དོན་གྱི་འབྲེལ་བ་ཡར་རྒྱས་སུ་གཏོང་དགོས་པ་དང་། ཕན་ཚུན་མཉམ་ལས་ཀྱི་གོམ་པ་གསར་བ་བཏོད་ནས་རྒྱལ་ཁབ་གཉིས་དང་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཛ་དྲག་གི་གནས་བབ་ལ་གདོང་ལེན་བྱེད་དགོས་པ་དང་། འཛམ་གླིང་གི་མི་རེ་རེ་ལ་ཕོག་ཐུག་ཡོད་པའི་བྱང་ཁོ་རེ་ཡ་དང་ཨི་རན་གྱི་གནད་དོན་དང་འབྲེལ་བའི་ལས་དོན་ཁག་ལ་ཕྱོགས་གཉིས་ཀས་མཉམ་ལས་བྱེད་ཐུབ་པའི་རེ་བ་ཡོད་པར་བཤད་ཡོད། ད་དུང་། དེ་དང་དུས་མཚུངས་སུ། འགྲོ་བ་མིའི་ཐོབ་ཐང་དང་འདྲ་བའི་གལ་གནད་ཆེ་བའི་ལས་དོན་སྣ་མང་གི་ཐོག་ལའང་ཕྱོགས་གཉིས་ཀའི་ལྟ་ཚུལ་གསར་བ་འཛིན་ཐུབ་པའི་རེ་བ་དང་། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཤུགས་ཆེན་པོའི་སྒོ་ནས་འབྲེལ་བ་དམ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིའི་ཚེ་སྐྱིད་པོ་ཞིག་མཁོ་སྤྲོད་བྱེད་ཐུབ་པར་ཕན་ཐོགས་ཡོད་པའི་གཞི་རྩའི་བརྟན་ལྷིང་དང་། སྒྲིག་གཞི། བདེ་འཇགས་བཅས་ཡོང་བར་མུ་མཐུད་དུ་མཉམ་ལས་བྱེད་དགོས་པ་གལ་ཆེན་ཡིན་ཞེས་བཤད་ཡོད།
སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གིས། དེ་རིང་སྲིད་འཛིན་ཨོ་རྦ་མ་དང་སྲིད་འཛིན་གཞོན་པ་ཇོལ་རྦར་སྒྲིན་ཐུག་འཕྲད་བྱས་པའི་རིང་ལ་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་གནད་དོན་གྱི་ཐོག་ལ་གཏིང་ཟབ་པའི་བསམ་ཚུལ་བརྗེ་རེས་བྱས་པ་དང་། གཞན་ཡང་། ད་དུང་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་གནད་དོན་གཞན་གྱི་སྐོར་ལ་ཁ་ཞེ་གཉིས་མེད་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ཡོད་པ་དང་། རྒྱ་ནག་གིས་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་འགྲོ་བ་མིའི་ཐོབ་ཐང་གི་རྒྱུད་རིམ་ཁྲོད་དུ་གྲུབ་འབྲས་བཟང་བོ་ཞིག་ཐོབ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ང་ཚོས་དེའི་སྐོར་ལ་རྒྱ་ནག་གི་མི་གྲངས་དང་ས་གནས་ཀྱི་གནས་བབ་ལ་གཞིགས་ནས་ཡར་རྒྱས་སུ་གཏོང་བར་གདོང་ལེན་བྱེད་དགོས་པའི་རྣམ་པ་མང་བོ་ཡོད་པ་དང་། དེ་དང་དུས་མཚུངས་སུ། ཨ་རི་དང་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་འདྲ་མཉམ་གྱི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཁ་ཞེ་གཉིས་མེད་དང་དོན་དང་ལྡན་པའི་གྲོས་མོལ་དང་བསམ་ཚུལ་བརྗེ་རེས་ཀྱི་སྣེ་ཁྲིད་བྱེད་པར་གྲ་སྒྲིག་ཡོད་ཅེས་བཤད་པ་རེད།
རྒྱ་ནག་གི་ཉིན་རེའི་གསར་འགྱུར་དུ་བཀོད་པ་ལྟར་ན། ཞི་ཅིན་ཕིང་གིས། ད་ཐེངས་ཨ་རིའི་ལྟ་སྐོར་གྱི་སྐབས་སུ་དོན་ཚན་ལྔའི་འཆར་གཞི་ཞིག་གླེང་སློང་བྱས་ཡོད་པ་དང་། དེའི་ནང་གི་དོན་ཚན་གསུམ་པའི་གྲས་སུ། ཨ་རིའི་ཕྱོགས་ནས་ཐབས་མཁས་པོ་དང་སྐབས་དང་མཐུན་པའི་སྒོ་ནས་ཐའེ་ཝན་དང་བོད་ཀྱི་གནད་དོན་ལ་ལག་པ་བཅངས་ནས་རྒྱ་ནག་མི་དམངས་ཀྱི་སེམས་ལ་གནོད་སྐྱོན་དང་ཕྱོགས་གཉིས་ཀའི་ཐུན་མོང་གི་ཆིངས་ཡིག་ཁག་ལ་ཡང་དང་ཡང་དུ་གཏོར་བཤིག་གཏོང་བ་སོགས་མི་བྱེད་པར་རེ་བ་བཏོན་ཡོད་པར་བཀོད་ཡོད།
དེའང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་། ཆོས་ལུགས་ཀྱི་དབུ་ཁྲིད་ཁག སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་བཅས་ཀྱིས། ཨ་རིའི་སྲིད་འཛིན་ཨོ་རྦ་མ་ལ་སྐྱོན་བརྗོད་བྱས་ཏེ། ཁོང་གིས་ད་ཐེངས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་བའི་སྐབས་སུ། ཉེ་ཆར་བོད་ནང་དུ་བོད་རིགས་རྣམས་ལ་རྒྱ་ནག་གིས་དྲག་གནོན་བྱེད་བཞིན་པ་དང་། ཆོས་ལུགས་ཀྱི་འགོ་ཁྲིད་དང་། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཁ་ཤས་བཙོན་འཇུག་བྱས་པའི་གནད་དོན་བཅས་ཀྱི་ཐོག་ཏུ། རྒྱ་ནག་གཞུང་ལ་ཁ་གཏད་དུ་ལངས་ནས་གནོན་ཤུགས་འདང་ངེས་པ་ཞིག་སྤྲོད་ཐུབ་མེད་པར་བཤད་ཡོད།
ཞར་བྱུང་དུ། རྒྱ་ནག་གི་སྲིད་འཛིན་རྣམས་ཀྱིས་དབང་བསྒྱུར་བྱས་པའི་རིམ་པ་ནི། མའོ་ཙེ་ཏུང་ནི་སྤྱི་ལོ་༡༩༤༣་ནས་༡༩༧༦་ལོའི་བར་དང་། ཧ་གོ་ཧྥུན་ནི་སྤྱི་ལོ་༡༩༧༦་ནས་༡༩༨༡་ལོའི་བར། ཧུའུ་ཡོ་པང་ནི་སྤྱི་ལོ་༡༩༨༡་ནས་༡༩༨༧་ལོའི་བར། ཀྲའོ་ཙི་ཡང་ནི་སྤྱི་ལོ་༡༩༨༧་ནས་༡༩༨༩་ལོའི་བར། ཅང་ཙེ་མིན་ནི་སྤྱི་ལོ་༡༩༨༩་ནས་༢༠༠༢་ལོའི་བར། ཧུའུ་ཅིན་ཐའོ་ནི་སྤྱི་ལོ་༢༠༠༢་ནས་༢༠༡༣་ལོའི་བར། ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ནི། ད་ལོའི་སྤྱི་ཟླ་བཅུ་བའི་ནང་དུ་སྐབས་༡༨་པའི་རྒྱ་ནག་གུང་ཁྲན་ཏང་གི་རྒྱལ་ཡོངས་ཚོགས་ཆེན་གྱི་སྟེང་དུ་གཞུང་འཛིན་གུང་ཁྲན་ཏང་གི་འགོ་གཙོ་དང་། སྤྱི་ལོ་༢༠༡༣་ལོའི་ཟླ་༣་པའི་ནང་དུ་རྒྱལ་ཁབ་ཀྱི་འགོ་གཙོ་གཉིས་ཀྱི་འགན་དབང་རྣམས། སྲིད་འཛིན་ཧུའུ་ཅིན་ཐའོ་ལས་རྩིས་ལེན་བྱ་རྒྱུ་ཡིན་པར་རེ་སྒུག་བྱེད་བཞིན་པ་ཞིག་ཡིན།
སངས་རྒྱམ་ལགས། ཁྱེད་ཀྱིས་ཏིན་ཞོ་ཕིང་བརྗེད་སོང་བ་རེད་དམ་གང་ཡིན། ཏིན་གྱིས་༡༩༧༨ལོ་ནས་༡༩༩༧ལོ་བར་དབང་ཆ་བཟུང་བ་ཡིན་པར་སེམས།
ཨ་རིའི་སྲིད་འཛིན་གྱིས་བོད་དོན་ལ་རྒྱབ་བྱས་ཨེ་ཡོང་བསམ་པའི་རེ་བ་དེ་ཙམ་མེད། དེ་སྔོན་ནས་བོད་དེ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁུངས་ཡིན་པ་ལབ་ཚར་པ་རེད། ད་རེ་ཡང་ནང་མོལ་སྐབས་སུ་ཨ་རིའི་ཁེ་ཕན་གྱི་ཆེད་དུ་དེ་འདྲ་ལབ་ཡོད་སྲིད་པ་རེད། སྤྱིར་ན་ཨ་རི་སོགས་རྒྱབ་ཁབ་སྟོབས་ཆེན་སུ་འདྲ་ཞིག་ཡིན་ཡང་རྒྱ་ནག་དང་ཚོང་དོན་གྱི་འབྲེལ་བ་གཏིང་ཟབ་ཡོད་སྟབས་དེ་བློས་བཏང་ནས་ང་ཚོ་བོད་དོན་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཀྱིས་བྱེད་མཁན་དཀོན་པོ་རེད། དེར་བརྟེན་བོད་མི་རང་གིས་ནུས་པ་འདོན་དགོས་པ་ལས་ཕྱི་ལོག་གི་རྒྱབ་སྐྱོར་ལ་རེ་བ་བྱས་ནས་བསྡད་ན་ནམ་ཞིག་རང་ཉིད་ཕུངས་ཀྱི་ཡིན་པ་ཐག་གིས་ཆོད། དེར་བརྟེན་བོད་ནང་གི་དཔའ་བོ་ཕོ་མོ་ཚོས་བློས་བཏང་ག་འདྲ་བྱས་ཡོང་གི་ཡོད་པ་དེ་ལ་ང་ཚོས་ཤུགས་སྣོན་རྒྱབ་ནས་བོད་ནང་ལ་མར་ཕྱར་གྲུ་མཉམ་འདེགས་བྱེད་ཨེ་ཐུབ་ལྟ་རྒྱུ་དེ་ཧ་ཅང་གི་གལ་ཆེ་བར་སེམས།