ཚེ་རིང་རྡོ་རྗེ།
བོད་གཞིས་བྱེས་གཉིས་ནས་རྣམ་དཔྱོད་དང་སྙིང་སྟོབས་ཡོད་རྒུ་བཏོན་ཏེ་རང་དབང་གི་ཆེད་དུ་འཐབ་རྩོད་ཅི་ཙམ་བྱས་ནའང་མངོན་འདོད་འཕྲལ་དུ་འགྲུབ་པ་ལྟ་ཅི། མ་འོངས་པའི་གནས་བབ་ཅི་འགྱུར་གང་འབྱུང་གི་ཆ་ནས་ཀྱང་ནག་འཐོམ་མེར་ལུས། འུ་ཐུག་ཐབས་ཟད་ཀྱི་བར་སྐབས་འདིར། བོད་མི་ཁ་ཅིག་གིས་རེ་ལྟོས་ཀྱི་མིག་ཟུང་རྒྱ་ནག་གི་མགོ་ཁྲིད་གསར་བ་ཞི་ཅིན་ཕིན་གྱི་ཕྱོགས་སུ་ཅེར་ཏེ། བོད་དོན་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་སྟོན་ཀྱང་སྲིད་སྙམ་འདུག དོན་ངོ་མར་ཞི་ཅིན་ཕིན་གྱི་ཆབ་སྲིད་ལངས་ཕྱོགས་ཅི་འདྲ་ཡིན་ནམ། ཁོ་རང་དམར་ཤོག་སྒེར་གཅོད་པ་ཐུན་མོང་གི་ཁེ་ཕན་གྱི་རྒྱ་ལས་ཐོལ་གྱིས་བརྒལ་ཏེ་བོད་དོན་ལ་དྲང་ཕྱོགས་ནས་ལྟ་སྲིད་དམ།
སྤྱིར་འདི་འདྲའི་གསང་གནད་རྟོལ་འདོད་ཚེ། རྒྱ་ནག་དམར་ཤོག་སྒེར་གཅོད་པའི་བཙན་རྗོང་ཀྲུང་ནན་ཧེ་རུ་འཛུལ་བའི་མཐུ་རྩལ་ལྡན་དགོས་པ་དང་། འཛམ་གླིང་ན་ཆེས་ལྐོག་ཏུ་གྱུར་བའི་བཙན་རྗོང་དེའི་གསང་བ་བརྟོལ་ཐུབ་མི་སུ་ཡང་མ་མཆིས་པས། ཁོ་བོས་རྒྱ་ནག་གི་སྲིད་དོན་སྐོར་གྱི་གསར་འགྱུར་དང་དཔྱད་བརྗོད་ཆེད་དུ་བཀླགས་པ་དང་། དུས་རྒྱུན་དུ་རྒྱ་ནག་གི་སྲིད་བབ་ལ་དོ་སྣང་ཕྲན་བུ་བྱས་པའི་ཉམས་མྱོང་ཙམ་ལ་གཞི་བཅོལ་ཏེ་སྐབས་སུ་བབ་པའི་བརྗོད་བྱའི་ངོས་ཐད་ནས་ཤེས་ཚོད་ཅིག་གླེང་བར་བྱའོ།།
ཞི་ཅིན་ཕིན་གྱི་ཆབ་སྲིད་རྒྱབ་ལྗོངས།
ཞི་ཅིན་ཕིན་ནི་རྒྱ་ནག་དམར་ཤོག་གི་གསར་བརྗེ་རྒན་རབས་པའི་བུ་རྒྱུད་ཡིན་པ་དང་། ཁོའི་ཕ་འདས་པོ་ཞི་ཀྲུང་ཞོན་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་ཚུགས་པའི་སྔ་ཕྱི་གཉིས་ཀར་ལས་གནས་གལ་ཆེན་ཁུར་མྱོང་བ་མ་ཟད། དམར་ཤོག་ཚོགས་པར་བྱས་རྗེས་ཡང་མི་དམན་པ་བཞག་མྱོང་བའི་རྒན་རབས་པ་གལ་ཆེན་ཞིག་ཡིན། རྒྱ་ནག་དམར་ཤོག་གི་རིག་གསར་དང་ཆབ་སྲིད་ཟང་ཟིང་ཁྲོད་དུ་ཞིན་ཅིན་ཕིན་གྱི་ཁྱིམ་ཚང་ལ་ཉམ་ང་བའི་གནོད་འཚེ་བྱུང་བ་དང་། ཁོའི་ཕ་རྒན་ལ་མ་ཉེས་ཁ་གཡོག་ཐེབས་ཏེ་བཙོན་དུ་བཅུག
ཞི་ཅིན་ཕིན་ཡང་རིག་གསར་གྱི་ལས་འགུལ་ནང་དུ་སྐད་ཆ་བཤད་སྟངས་ཕྲན་བུ་མ་འགྲིག་པས་གྲོང་ཁྱེར་ནས་གྲོང་གསེབ་ལ་སྤྱུགས་པ་དང་། དེར་ཁོས་གཞི་རིམ་མང་ཚོགས་དང་ལྷན་དུ་ངལ་རྩོལ་བྱས། མའོ་ཙེ་ཏུང་ཤི་བའི་རྗེས་སུ་ཞི་ཡི་ཕ་རྒན་དཀར་འདོན་བྱས་པ་དང་། རིང་བོ་མ་ཐོགས་པར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གལ་ཆེ་བའི་ཀོང་ཏུང་ཞིང་ཆེན་གྱི་མགོ་ཁྲིད་དུ་བསྐོས་པ་དང་། ཁུལ་དེའི་དཔལ་འབྱོར་ཡར་རྒྱས་ལ་འབུར་དུ་ཐོན་པའི་བྱས་རྗེས་བཞག
ཁོ་ནི་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པར་བསྐོས་མྱོང་བ་དང་། ཆིག་སྟོང་དགུ་རྒྱ་བརྒྱད་ཅུའི་ནང་དུ་ཏིན་ཞའོ་ཕིན་གྱིས་གཙོས་པའི་དམར་ཤོག་གི་རྒན་རབས་པ་ཚོས་སྐབས་དེའི་རྒྱ་ནག་གི་ཀྲུའུ་ཞིའམ་སྲིད་འཛིན་ཧུའུ་ཡོ་པང་གི་གོ་ས་ཕབ་པའི་དུས་སུ། ཞི་ཀྲུང་ཞོན་གྱིས་ཏིང་ཞའོ་ཕིན་སོགས་ཀྱི་ཐག་གཅོད་ལ་གདོང་ཐུག་གིས་ངོ་རྒོལ་བྱས་མྱོང་བ་དང་། དེ་དུས་ཧུའུ་ཡའོ་པང་ལ་བདེན་པའི་རྒྱབ་ལངས་བྱ་མི་ནི་ཁོ་གཅིག་པུ་ཡིན་འདུག
དམར་ཤོག་གི་རྒན་རབས་པའི་བུ་རྒྱུད་ཡིན་པའི་རྒྱབ་ལྗོངས་ལ་བརྟེན་ནས་ཞི་ཅིན་ཕིན་གཞི་རིམ་ནས་གྲོང་ཁྱེར་གྱི་སློབ་ཆེན་དུ་འགྲོ་བའི་གོ་སྐབས་རག་པ་དང་། སློབ་ཆེན་ཐོན་མ་ཐག་ཏུ་དམར་ཤོག་གི་ལས་གནས་གལ་ཆེན་ཐོབ། རང་གི་ཕ་འདས་པོའི་དབང་ཆའི་འབྲེལ་བ་ལ་བརྟེན་ནས་ཞི་ཅིན་ཕིན་རིམ་གྱིས་དམར་ཤོག་གི་གོ་གནས་མཐོན་པོ་དག་ཏུ་བསྙེགས་པ་དང་། མཐར་དམར་ཤོག་ཚོགས་པའི་དབང་གསུམ་གཅིག་འདུས་ཀྱི་མངའ་བདག་གི་གོ་ས་ཐོབ།
ཞི་ཅིན་ཕིན་དང་དམར་ཤོག་ཚོགས་པ།
ཞི་ཅིན་ཕིན་གྱིས་དམར་ཤོག་གི་མི་རབས་གཉིས་པ་གཞན་དག་དང་འདྲ་བར་མའོ་ཙེ་ཏུང་ནི་རང་གི་ཁྱིམ་རྒྱུད་ཀྱི་ཁ་རྗེ་དབང་ཐང་གི་འབྱུང་གནས་སུ་བཀུར་ཞིང་། དམར་ཤོག་ཚོགས་པ་ནི་རང་གི་དབང་ཆ་དང་རྒྱུ་ནོར་གྱི་རྟེན་ས་ལྟ་བུར་ངོས་བཟུང་ཤ་སྟག་ཡིན། མའོ་ཤི་བའི་རྗེས་སུ་ཏིན་གྱིས་དམར་ཤོག་སྲིད་དབང་གི་ཁྲིམས་མཐུན་གྱི་ངོ་བོ་རྒུད་མཐར་ལྷུང་བ་ལས་སྐྱོབ་ཆེད་དུ། བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གནད་དུ་བཟུང་བ་དང་། དཔལ་འབྱོར་ཡར་རྒྱས་ཀྱི་གྲུབ་འབྲས་ལ་བརྟེན་ནས་དམངས་སེམས་སླར་ཡང་དམར་ཤོག་སྲིད་དབང་གི་འོག་ཏུ་འགུགས་ཐབས་བྱས། ཁོས་མི་ཉུང་ཤས་ཤིག་སྔོན་ལ་ཕྱུག་པོར་ཆགས་དགོས་ཞེས་པའི་ལམ་ཕྱོགས་བསྟན་པ་དང་ཆབས་ཅིག དམར་ཤོག་གི་དབང་དྲག་ཅན་ཚོས་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་ཐོན་ཁུངས་གང་བཟང་རྣམས་ཁོ་ཚོ་སྒེར་གྱི་ཁུག་མར་བཅུག་སྟེ་ཕྱུག་པོར་གྱུར།
དམར་ཤོག་ཚོགས་པ་རིམ་གྱིས་ཆབ་སྲིད་ཀྱི་ལྟ་གྲུབ་ཚོགས་པ་ཞིག་ནས་ཁེ་ཕན་དོན་གཉེར་ཚོགས་པ་ཞིག་ཏུ་གྱུར་བ་དང་། དམར་ཤོག་སྲིད་དབང་གི་གོང་འོག་བར་གསུམ་ཀུན་ལ་ལྐོག་ཟ་རུལ་སུངས་ཀྱིས་ཁྱབ། མའོ་ཤི་ནས་བཟུང་སྟེ་དམར་ཤོག་ཚོགས་པའི་སྲིད་དབང་ཡང་མི་གཅིག་གི་སྒེར་གཅོད་ལམ་ལུགས་ནས་མགོ་བདག་མེད་པའི་སྒེར་གཅོད་ལམ་ལུགས་སུ་གྱུར་བ་དང་། དམར་ཤོག་ནང་ཁུལ་གྱི་ལས་དོན་གནད་འགག་ཅན་མཐའ་དག་ནི་མཐོ་རིམ་དབང་དྲག་ཅན་ཐུན་མོང་གི་ཁེ་ཕན་ལ་ལྟོས་ཏེ་ཐག་གཅོད་དགོས་པ་ལས། མི་དབང་འདུད་ཅན་གཅིག་༼དཔེར་ན་མའོ་ཙེ་ཏུང་ལྟ་བུ༽གིས་བརྒྱ་ཁ་ཆིག་གཅོད་བྱེད་པའི་གནས་སྟངས་དེ་མཇུག་རྫོགས།
ཁྲིམས་བཟོ་སྡེ་ཚན་དང་ལག་བསྟར་སྡེ་ཚན། ཁྲིམས་འཛིན་སྡེ་ཚན། དམག་དོན། གསར་འགྱུར་བརྒྱུད་ལམ་ལ་སོགས་པའི་དབང་ཆ་ཡོད་ཚད་དམར་ཤོག་ཚོགས་པའི་སྒེར་བདག་བྱས་ཏེ། དབང་ཆ་དང་རུལ་སུངས་གཉིས་ནི་གཅིག་ལ་གཅིག་རྟེན་གྱི་གནས་སྟངས་བྱུང་བས། དབང་དྲག་ཅན་གྱི་ཁྱིམ་རྒྱུད་ཕྱུག་པོར་འགྱུར་མིན་དང་ཁོ་ཚོའི་རྒྱུ་ནོར་དང་ཚེ་སྲོག་ལ་བདེ་འཇགས་ཡོད་མེད་ནི་དཔོན་ས་བརྟན་མིན་ལ་རག་ལས། དེ་ལྟར་དམར་ཤོག་ཚོགས་པ་ནི་ཕྱོགས་ཀུན་ནས་དམངས་ཀྱི་ཐོབ་ཐང་དང་རང་དབང་གི་དགྲ་ཟླར་ཆགས་ཟིན་པས། ཇི་སྲིད་དམར་ཤོག་ཚོགས་པས་དབང་ཆ་མི་དམངས་ལ་སྤྲོད་མི་འདོད་པ་དེ་སྲིད་དུ། གཞུང་དམངས་ཀྱི་འབྲེལ་བ་ནི་མཐུན་ཐབས་བྲལ་བའི་འགལ་ཟླའི་ཚུལ་དུ་གནས་དགོས།
གལ་སྲིད་ཆབ་སྲིད་བཅོས་སྒྱུར་གྱི་ལམ་བུ་ཕྱེས་ཏེ་མི་མང་ལ་དབང་ཆ་དང་རང་དབང་ལོངས་སུ་སྤྱོད་པའི་གོ་སྐབས་ཕྱེ་ན། དམར་ཤོག་གི་མགོ་ཁྲིད་ཉེས་ཅན་དང་རུལ་སུངས་བ་ཚོ་དྲང་པོའི་ཁྲིམས་ཀྱིས་ནག་འདེད་བྱས་ཏེ་ཉེས་པ་འཁུར་དགོས་སྟབས། ལམ་དེར་སོང་ན་དམར་ཤོག་ཚོགས་པ་རང་ཤི་རྒྱབ་པ་དང་མཚུངས། མདོ་དོན་བཤད་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབང་གསུམ་གཅིག་འདུས་ཀྱི་མངའ་བདག་ཞི་ཅིན་ཕིན་གྱིས་དམར་ཤོག་གི་དབང་དྲག་ཅན་ཐུན་མོང་གི་ཁེ་ཕན་སྲུང་དགོས་པ་ནི་ཆོས་ཉིད་དུ་གྲུབ།
ཞི་ཅིན་ཕིན་དམར་ཤོག་དབང་དྲག་ཅན་ཐུན་མོང་གི་ཁེ་ཕན་གྱི་རྒྱ་ལས་བརྒལ་མི་ཐུབ།
བོད་མི་ཁ་ཅིག་གི་ལྟར་ན། ཞི་ཅིན་ཕིན་གྱི་ཕ་འདས་པོ་ནི་བཅོས་སྒྱུར་དང་གུ་ཡངས་ཀྱི་ལངས་ཕྱོགས་ལྡན་པ་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། ཞི་ཅིན་ཕིན་ལའང་ཕ་ཡི་ཤུགས་རྐྱེན་ཐེབས་པ་དང་དེའི་རྗེས་སུ་བསྙེག་སྲིད་པར་རློམ་འདུག ཞི་ཅིན་ཕིན་ལ་བཅོས་སྒྱུར་གུ་ཡངས་ཀྱི་བསམ་བློ་ཡོད་པའི་དབང་དུ་བཏང་ཡང་། རྒྱ་ནག་དམར་ཤོག་གི་ཁེ་ཕན་གྱི་སྲོག་རྩ་སྒུལ་བའི་ཆབ་སྲིད་བཅོས་སྒྱུར་རྣལ་མ་ཅི་ཡང་བྱ་མི་སྲིད། དངོས་ཡོད་གནས་ཚུལ་ལ་གཞིགས་ན། ཞི་ཅིན་ཕིན་གྱིས་རང་དབང་དང་དམངས་གཙོའི་ཕྱོགས་སུ་བསྐྱོད་པའི་རྣམ་འགྱུར་ཞིག་སྟོན་པ་ལྟ་ཞོག དེ་ལས་རྦད་དེ་ལྡོག་ནས་མའོ་ཙེ་ཏུང་གི་དུས་སྐབས་སུ་ཕྱིར་ལྡོག་པའི་རྟགས་མཚན་མངོན།
ཁོ་ལ་དམར་ཤོག་ཚོགས་པའི་མངའ་བདག་གི་གོ་ས་ཐོབ་པའི་རྗེས་སུ། མའོ་ཙེ་ཏུང་གི་སྐད་ཆ་གང་མང་ལུང་དྲངས་པ་དང་དེའི་གྲངས་འབོར་ནི་ཧུའུ་ཅིན་ཐའོ་ཡིས་མའོ་ཚིག་དྲངས་པ་ལས་བརྒལ། ཁོས་མའོ་ཙེ་ཏུང་དང་དམར་ཤོག་ཚོགས་པའི་ནོར་འཁྲུལ་གླེང་མི་ཆོག་པར་བཤད་པ་དང་། འོས་ཤོག་གིས་མགོ་ཁྲིད་འདེམས་པ་ལ་དགག་བྱ་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་སྔ་ཕྱིའི་མཚམས་ནས་ལོ་སུམ་ཅུ་སྔ་མས་ཕྱི་མར་དགག་མི་ཆོག་པ་དང་ཕྱི་མས་སྔ་མར་དགག་མི་ཆོག་པར་བཤད།
ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༧ ཉིན་དུ། ཞི་ཡིས་དམར་ཤོག་དབུས་ཆབ་སྲིད་ཁང་གི་སྐབས་བཅོ་བརྒྱད་པའི་ཐུན་མོང་སློབ་སྦྱོང་ཚོགས་དུས་དང་པོའི་སྟེང་ནས་འདི་ལྟར་ནན་བརྗོད་བྱས་འདུག་སྟེ། མར་ཁི་སི་ལའེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་བསམ་བློ་གཏན་ནས་འདོར་མི་རུང་། དོར་བ་ཡིན་ན་རྩ་བ་བརླག་འགྲོ་ཞེས་སྨྲས། ༢༠༠༩ ལོར་མེ་ཁི་སི་ཁོ་རྒྱལ་ཁབ་ལ་འཚམ་འདྲིར་སོང་དུས་ན། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐྱོན་བརྗོད་ཀྱི་ཚུལ་དུ་སྨྲས་པ།༼ཕོ་བ་རྒྱགས་ཏེ་ཁོམ་ནས་སྡོད་པའི་ཕྱི་རྒྱལ་བ་འགའ་ཤས་ཀྱིས་ང་ཚོའི་ལས་དོན་ལ་གང་བྱུང་གིས་སྐྱོན་བརྗོད་བྱེད་ཀྱིན་འདུག རྒྱ་ནག་གིས་གཅིག་ནས་གསར་བརྗེ་ཕྱིར་འདྲེན་བྱེད་ཀྱི་མེད། གཉིས་ནས་བཀྲེས་ལྟོགས་དང་དབུལ་ཕོངས་ཕྱིར་གཏོང་གིན་མེད། གསུམ་ནས་ཁྱོད་ཚོར་སྡུག་མྱོང་འཇུག་གིན་མེད། དེའི་ཕན་ན་བཤད་རྒྱུ་ཅི་ཡོད།༽ཅེས་བཤད།
༢༠༡༣ ལོའི་ཟླ་བཞི་བར་དབུས་དམར་ཤོག་ཚོགས་པའི་ཡིག་ཆ་ཨང་དགུ་བ་ཞེས་པ་ཞིག་བཀྲམས་ཏེ། ཀུན་ཁྱབ་རིན་ཐང་དང་། གསར་འགྱུར་རང་དབང་། སྤྱི་འབངས་ཀྱི་སྤྱི་ཚོགས། སྤྱི་འབངས་ཀྱི་དབང་ཆ། དམར་ཤོག་གི་ལོ་རྒྱུས་ནོར་འཁྲུལ། དབང་དྲག་འབྱོར་ལྡན་གྲལ་རིམ། ཁྲིམས་འཛིན་སྒེར་ཚུགས་ལ་སོགས་པ་ནི་གླེང་མི་རུང་བ་བདུན་དུ་བགྲངས་ཏེ་དགག་བྱ་བྱས། ཁོ་རང་མའོ་ཙེ་ཏུང་གི་སྐྱེས་ཡུལ་དུ་འཚམ་འདྲིར་ཐེངས་གསུམ་ལ་སོང་བ་དང་མའོ་ལ་དད་གུས་ཟོལ་མེད་བསྟན། ཁོའི་བྱེད་ལུགས་དེ་དག་མཐོང་བ་ན། རྒྱ་ནག་གི་ཤེས་ཡོན་པ་ཁ་ཅིག་གིས་ཞི་ཅིན་ཕིན་ནི་ཞི་ཀྲུང་ཞོན་གྱི་བུ་ཡིན་ཟེར་བ་ལས་མའོ་ཙེ་ཏུང་གི་བུ་ཡིན་ཟེར་ན་འོས་པར་བརྗོད་པ་དང་། མའོ་གཡོན་ཕྱོགས་པའི་ལུགས་ལ་ཞེན་པའི་ཆ་ནས་ཞི་ཅིན་ཕིན་ནི་པོ་ཞི་ལེ་དང་འདྲ་འདྲ་ཡིན་པར་འདོད་མཁན་བྱུང་།
འདི་ནི་ཞི་ཅིན་ཕིན་ལ་ཐེབས་པའི་སློབ་གསོ་དང་བསམ་བློའི་བག་ཆགས་ཀྱི་རྒྱབ་ལྗོངས་ལ་རག་ལས་པ་སྨྲས་མ་དགོས་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནི་མའོ་གཡོན་ཕྱོགས་པའི་དར་ཆ་འཕྱར་ན་དམར་ཤོག་གི་དབང་དྲག་ཅན་ཐུན་མོང་གི་ཁེ་ཕན་དང་མཐུན་པས། ཞི་ཡི་བྱེད་ལུགས་ལ་དམར་ཤོག་གི་དབང་དྲག་ཅན་གཞན་རྣམས་ཀྱིས་མ་གྲོས་རང་མཐུན་གྱི་རྒྱབ་སྐྱོར་ཐོབ་པ་དེ་ཡིན། འོན་ཀྱང་། དམར་པོའི་མི་རབས་གཉིས་པ་ཞི་ཅིན་ཕིན་སོགས་ཀྱིས་དམངས་ཀྱི་འཁང་ར་དང་སྤྱི་ཚོགས་ཀྱི་གནད་དོན་རིགས་ལ་གཡོལ་འདོད་ཀྱི་ཆེད་དུ་མའོ་ཡི་བསམ་བློའི་ནང་གི་དམངས་སེམས་བསླུ་བྱེད་དམ་རྨོངས་བྱེད་ཀྱི་ཐབས་ངན་རིགས་བེད་སྤྱོད་པ་དང་མའོ་ལ་ཕྱི་ཚུལ་ནས་བསྟོད་བསྔགས་ཙམ་ལས། ཁོ་ཚོ་མའོ་ཡི་དུས་རབས་ལ་ཁ་ཞེ་གཉིས་མེད་ཀྱིས་ཕྱིར་ལྡོག་བྱ་འདོད་མེད།
མའོ་རང་ཉིད་རུལ་སུངས་མཐར་ཐུག་པ་ཞིག་ཡིན་ཡང་། ཁོའི་བྱེད་ལུགས་ལྟར་ན་འབྱོར་ལྡན་མ་རྩ་ཅན་དང་རུལ་སུངས་རྩ་མེད་བཟོས་ཏེ་སྤྱི་ཚོགས་འདྲ་མཉམ་བྱ་དགོས་པས། དེ་འདྲ་བྱས་ཚེ་དེང་སྐབས་དབང་ཆར་བརྟེན་ནས་ལྐོག་ཟ་རུལ་སུངས་དང་ཕྱུག་པོ་ཆགས་པའི་དམར་ཤོག་གི་མགོ་ཁྲིད་ཚོའི་ཁྱིམ་རྒྱུད་ཀྱི་རྒྱུ་ནོར་རྣམས་རྒྱལ་ཁབ་ལ་རྩིས་སྤྲོད་དགོས་པ་དང་། ཁོ་ཚོའི་ཚེ་སྲོག་ལའང་ཉེན་ཁ་འབྱུང་སྲིད། གལ་སྲིད་ཞི་ཅིན་ཕིན་གྱིས་རང་གི་ཕ་རྒན་ཇི་བཞིན་གུ་ཡངས་བཅོས་སྒྱུར་གྱི་ལངས་ཕྱོགས་བཟུང་ཡོད་ཚེ། བཟང་བོ་ཕམ་ཞིང་ངན་པ་རྒྱལ་བའི་དམར་ཤོག་གི་དབང་ཆའི་འཐབ་རྩོད་ཁྲོད་དུ་ཁོང་རང་སྔར་ནས་ཕམ་ཉེས་སུ་སོང་ཟིན་པ་དང་། ད་ལྟ་ཁོས་ལོངས་སུ་སྤྱོད་པའི་མངའ་བདག་གི་གོ་ས་དེའང་རྨི་ལམ་ཁོ་ན་ཡིན་ངེས། དེའི་ཕྱིར་ཞི་ཅིན་ཕིན་དམར་ཤོག་དབང་དྲག་ཅན་ཐུན་མོང་གི་ཁེ་ཕན་གྱི་རྒྱ་ལས་ནམ་ཡང་འགོངས་མི་སྲིད།
ཞི་ཅིན་ཕིན་གྱིས་བོད་ལ་གུ་ཡངས་ཀྱི་སྲིད་ཇུས་སྟོན་མི་སྲིད།
ཕྱི་ལོ་ ༢༠༡༡ ཟླ་ ༧ པའི་ཟླ་དཀྱིལ་དུ། ཞི་ཅིན་ཕིན་ལྷ་སར་སོང་ནས་༼བོད་རང་སྐྱོང་ལྗོངས་ཞི་བའི་བཅིངས་འགྲོལ་གྱི་ལོ་འཁོར་ ༤༠ དྲན་གསོའི་ཚོགས་འདུ།༽ལ་མགོ་འཛིན་བྱས་པ་དང་། ཁོས་༧རྒྱལ་བ་རིན་པོ་ཆེར་མཚན་དམོད་བྱས་པ་དང་། ༼མེས་རྒྱལ་གོང་བུ་གཅིག་གྱུར།༽བརྟན་སྲུང་བྱ་དགོས་པར་བཤད། དེ་དུས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་པ་དང་ཁྲིམས་སྲིད་ཉེན་རྟོག་པ་གསུམ་གྱི་འཐུས་ཚབ་རྣམས་ལ་ཆེད་དུ་འཚམ་འདྲིར་བཅར་ཏེ། ༼བོད་ལྗོངས་ཀྱི་བརྟན་བརླིང་ནི་རྒྱལ་ཁབ་ཀྱི་བརྟན་བརླིང་དང་འབྲེལ་ཞིང་། བོད་ལྗོངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ། དྲག་ཆས་ཉེན་རྟོག་པ་དང་ཁྲིམས་སྲིད་ཉེན་རྟོག་པ་ནི་དམར་ཤོག་ཚོགས་པའི་བློ་འཁེལ་ཞིང་མི་དམངས་ཀྱི་རྒྱབ་རྟེན་སའི་རུ་དཔུང་བརྟན་པོ་ཡིན་པས། མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་བརླིང་སོགས་བརྟན་སྲུང་བྱ་རྒྱུའི་བླ་མེད་འོས་འགན་ཁུར་དུ་ལེན་དགོས།༽ཞེས་བཤད་འདུག
སྐད་ཆ་འདི་དག་གི་ཕུགས་དོན་ནི། བོད་ཀྱི་སྤྱི་ཚོགས་བརྟན་བརླིང་ནི་དམར་ཤོག་ཚོགས་པའི་སྲིད་དབང་བརྟན་བརླིང་དང་དམ་པོར་འབྲེལ་བ་དང་། དྲང་བདེན་བརྩོན་ལེན་གྱི་ཆེད་དུ་དཔའ་མཛངས་ལྡན་པའི་བོད་མི་ཚོའི་ངོ་རྒོལ་རིགས་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་ལ་གཡོ་འགུལ་ཐེབས་བྱེད་ཀྱི་རྐྱེན་དུ་འགྲོ་སྲིད་པར་ངོས་འཛིན་པ་ཤེས་ཐུབ། དེ་ལྟ་བས་ན། ཞི་ཅིན་ཕིན་དམར་ཤོག་གི་མངའ་བདག་ཏུ་གྱུར་ནས་བཟུང་། བོད་གཞིས་པའི་དྲང་བདེན་དང་རང་དབང་གི་འབོད་སྒྲ་རེ་རེར་དྲག་གནོན་བྱས་པ་དང་། བོད་མི་ངོ་རྒོལ་བ་རྣམས་ལ་ནག་མེད་བཙོན་འཇུག་གི་ཉེས་ཆད་ལྕི་མོ་བཀལ་བ་མ་ཟད། ཐ་ན་ཁོང་ཚོའི་ཤ་ཉེ་སྤུན་མཆེད་དང་རུ་སྐོར་ཚོ་ཁག་རྣམས་ལའང་རྒྱུག་པ་ལེབ་རྡུང་གིས་ཉེས་ཆད་བཀལ།
ད་དུང་ངོ་རྒོལ་བྱུང་བའི་ས་ཁུལ་གྱི་བོད་མི་སྤྱི་ལ་འཇིགས་སྐུལ་དང་ཁྲིམས་ཆད་ཀྱི་ཉེན་བརྡ་བཏང་སྟེ། དངོས་ཤུགས་བརྒྱུད་གསུམ་ནས་དྲང་བདེན་གྱི་ངོ་རྒོལ་གྱི་རིགས་ལ་རྒྱབ་ལངས་བྱེད་པ་འགོག་ཐབས་བྱས། མདོར་ན། ཞི་ཅིན་ཕིན་དམར་ཤོག་གི་མངའ་བདག་ཏུ་གྱུར་བའི་རྗེས་སུ། བོད་ནང་གི་རང་ལུས་མེ་སྲེག་དང་། ༧གོང་ས་མཆོག་གི་འཁྲུངས་སྐར་བསུ་བའི་བྱེད་སྒོ་དང་། གཏེར་ཁ་སྔོག་འདོན་ངོ་རྒོལ་ལ་སོགས་པར་དྲག་གནོན་བྱེད་ལུགས་ནི་གདུག་རྩུབ་ཆེ་ཞིང་གཏུམ་སྤྱོད་མཐར་ཐུག་པའི་རྣམ་པ་མངོན། རྒྱ་ནག་དམར་ཤོག་གི་དབང་དྲག་ཅན་ཚོའི་མིག་ནང་ན། ཁོ་ཚོའི་སྒེར་གཅོད་དབང་སྒྱུར་གྱི་ཁ་གཏད་དུ་ལངས་པའི་བྱ་སྤྱོད་གང་ཡིན་ཡང་འབུར་འཇོམས་བྱ་དགོས་པའི་དགྲ་རུ་མཐོང་བ་དང་། དེ་ལ་དྲང་བདེན་ཡིན་མིན་དང་མི་རིགས་གང་ཡིན་གྱི་ཁྱད་པར་མེད།
ཅུང་མི་འདྲ་བ་ནི། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་སྤྱིའི་ཚོང་འབྲེལ་གྱི་སྟོབས་ཤུགས་དང་རྒྱ་ནག་མི་རིགས་རིང་ལུགས་ཀྱི་ཚོར་ཤུགས་བེད་སྤྱད་དེ། བོད་མི་ཚོའི་བདེན་པའི་འབོད་སྒྲ་ལ་༼ཁ་བྲལ་གྱི་ཞྭ་མོ༽ཞིག་གཡོགས་ནས་བོད་ལ་གདུག་རྩུབ་དང་དྲག་གནོན་བྱེད་པ་ཁྲིམས་མཐུན་ཡིན་མདོག་སྟོན་བདེ་བ་དེ་ཡིན། བོད་ལ་འཛིན་པའི་རྣམ་འགྱུར་དེ་ནི་ཞི་ཅིན་ཕིན་ཁོ་ནའི་བསམ་ཚུལ་ཡིན་པར་མ་ངེས། གང་ལྟར་དམར་ཤོག་ཚོགས་པའི་མངའ་བདག་ནི་དམར་ཤོག་གི་དབང་དྲག་ཅན་ཐུན་མོང་གི་ཁེ་ཕན་སྲུང་མི་ཞིག་ངེས་པར་དུ་ཡིན་དགོས་སྟབས། བོད་མིའི་རང་དབང་གི་འབོད་སྒྲ་ལ་དྲག་གནོན་ཤུགས་ཆེ་རུ་གཏོང་བ་མ་གཏོགས། དྲང་བདེན་གྱི་ཨ་ལན་སྤྲོད་མི་སྲིད་དོ།།
དངོས་གནས་ཉམས་ཞིབ་རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་འདུག བཀའ་དྲིན་ཆེན། དྲ་འབུ་རྣམས་འདི་ཕྱོགས་ལ་བཏུད་མི་ཐུབ་པ་ཞིག་བྲིས་འདུག ཧ་ཧ་ཧ་
རྩོམ་མཁན་ཉིད་ཀྱི་གཟིགས་ན་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་གྱི་ལས་འགུལ་དེ་ལ་ཞིས་ཅིན་ཕིན་གྱི་ཤུགས་རྐྱེན་ག་ཚོད་ཅིག་ཡོད་པ་རེད་དམ། དེང་རྒྱ་ནག་གི་ལྷོ་ཕྱོགས་གསར་འགྱུར་སོགས་སུ་ཀྲུག་ཡོང་ཁང་ལ་སྟག་རྒན་སོགས་ཀྱི་མིང་བཏགས་ནས་གསར་འགོད་པས་འབྲེལ་ཡོད་ཚོར་སྟག་རྒན་ལ་སྟག་ཕྲུག་ཡོད་མེད་སྐད་ཆ་དྲིས་དུས་དེ་ཁྱོད་ཚོས་ཤེས་ཀྱི་རེད་ཅེས་དང་། མ་འོངས་པར་ཤེས་ཀྱི་རེད་ཅེས་སོགས་བཤད་པར་གོ་དོན་ཅི་ཞིག་ཡོད་ཀྱི་རེད། རྣམ་པ་འདིས་རྒྱ་ནག་གི་དམར་ཤོག་ཚོགས་པ་ཆབ་སྲིད་ཚོགས་པ་ནས་ཁེ་ཕན་ཚོགས་པའི་རུ་གྱུར་བར་བརྗོད་པའི་ངོ་བོ་ལ་འགྱུར་བ་འགྲོ་བཞིན་པ་མཚོན་གྱི་རེད་དམ། སྐུ་ཉིད་ཁོམ་སྐབས་ནས་འདི་ལ་བཀའ་ལན་གནང་རོགས་ཞུ།
དྲང་བདེན་དང་ལེན་བྱེད་ཕོད་མཁན་ཡོད་མེད་མི་ཤེས་མོད། རྩོམ་པ་པོས་དོན་དག་ངོ་མ་ངོ་སྤྲོད་གནང་འདུག འདིའང་བོད་པའི་མདུན་ལྗོངས་ཤིག་ཅིས་མ་ཡིན།
ཁྱོད་ཀྱི་གསུངས་པ་བདེན་པ་འདྲ་བོ་མཐོང་སོང་། ཞི་ཅིན་ཕིན་གྱིས་ཁོང་གི་མ་འོང་བའི་མདུན་ལམ་གྱི་ཁེ་ཕན་ལ་བལྟ་བ་ལས་ཕའི་རྗེས་སུ་འབྲེང་མི་སྲིད་པ་རེད། ཁ་ཅིག་གིས་ཁོའི་རིང་ལ་བོད་ལ་རང་དབང་སྤྲད་ན་མིང་བཟང་བོ་ཞིག་ཐོབ་རྒྱུ་རེད་ཟེར་བ་ནི་བོད་པའི་སྤྱི་ཚོགས་ཀྱིས་ལྟ་སྟངས་ཙམ་ལས། རྒྱ་མིའི་སྤྱི་ཚོགས་སུ་ཁོང་ལ་མིང་ཆད་ངན་པ་ཐོབ་སྲིད་པ་རེད། །
ཆེད་རྩོམ་བཟང་། བོད་ནང་གི་དྲག་སྤྱོད་ཚང་མ། རྒྱ་ནག་དབུས་གཞུང་གི་སྲིད་བྱུས་ནང་ལ་ཡོད་བགྱིད་མ་རེད་སྙམ་པས། ས་གནས་ལས་བྱེད་པའི་བདུག་རྩུབ་ཐོལ་པ་རྣམས་ཐེར་འདོན་གྱིས་རྩ་མེད་བཟོ་དགོས། ཞི་ཅི་ཕིན་ནི། རྒྱ་ནག་གི་གཙོ་འཛིན་གཙོ་བོ་ཡིན་པ་ཙམ་གྱིས། བོད་དོན་ལ་རེ་བ་བརྒྱ་ཆ་ཉེར་ལྔ་ནས་སོ་ལྔ་བར་ངེས་བར་དུ་བཅང་དགོས་བསམ་མོ།།
ད་ལན་ཞི་རྒྱ་གར་དུ་ཕེབས་ཀྱི་ཡོད་པ་འདི་དོན་བཟང་ཞིག་རེད། བོད་པ་ཚོར་མཚོན་ན་གོ་སྐབས་ཤིག་ཀྱང་རེད་མོད། ཤིག་བོད་པ་གཉིས་ལ་རུས་པ་མེད་ཟེར་བ་ལྟར་དང་། བོད་པ་སྐྱག་པ་སྒོག་པ་གསུམ། འདྲིས་གཤིབ་ཀྱི་དྲི་མ་ཆེ་ཁ་རེད། ཟེར་བ་ལྟར་གྲུབ་མཐའི་ཕྱོགས་ཞེན་ཞིག་གིས་ནམ་ཡང་བཟི་བསྡད་ཡོད་རེད།
ཚེ་རིང་རྡོ་རྗེ་ལགས་ཀྱིས་བློ་ལྡན་གཟུར་གནས་ཀྱི་ངང་ནས་དཔྱད་བརྗོད་ཡག་པོ་སྤེལ་འདུག བོད་རེ་བས་ཕུང་བར་མོས་པའི་ལས་སྣེ་ཚོ་ལ་ཡང་དཔྱད་བརྗོད་འདིའི་བརྗོད་དོན་ལྟར་གྱི་རྣམ་དཔྱོད་དང་གོ་རྟོགས་རེ་ཡོད་ན་ཅི་མ་རུང་། དོན་དངོས་སུ་རྒྱ་དཔོན་༷ཞི་ཡིས་ཀྱང་”བོད་མིར་དྲང་བདེན་གྱི་ཨ་ལན་སྤྲོད་མི་སྲིད།”པ་ནི་ཕྱི་གསལ་ནང་གསལ་རེད།
ཚེ་རིང་རྒྱུ་འདིས་མགོ་རྔ་ཡོད་པ། རྒྱུ་མཚན་ཡོད་པ། ཀློག་རིན་ཡོད་པ་ཞིག་བྲིས་འདུག། ཐུགས་རྗེ་ཆེ།
ད་རེ་ཡི་གོ་སྐབས་འདི་གོ་སྐབས་ཤོར་མི་ཉན་པ་ཞིག་རེད། ང་ཚོས་སྔར་ལྟར་སྐད་འབོད་དང་ཁྲོམས་སྐོར་བྱེད་དགོས། དོན་ངོ་མར་བོད་འདི་དགྱ་དཀར་ནག་གཉིས་ཀྱི་སུའི་ལག་པ་ནས་འཆི་ལམ་འདེད་བཞིན་པ་གསལ་པོ་ཤེས་དགོས། བོད་དོན་མ་བསལ་བའི་ཕ་རོལ་ན། རྣ་དལ་བའི་གནས་ཞིག་མི་རྙེད་པའི་ཡ་ལན་སྤྲོད་དགོས། ད་རེ་ནི་དཀར་ནག་གི་དབྱེ་བ་དང་། མ་འོངས་བའི་མདུན་ལམ་ལ་ཐག་གཅོད་སྟེར་བར་དགོས་གལ་ཆེན་དུ་ཆགས་ཡོད།
ཤ་ཁྲག་གཅིག་པ་ཚོས། མགྲོན་པོ་སྒ་ཁར་ཐོན་ན། གཏམ་བཟང་ངན་གང་རུང་གི་ཚིག་ལན་ཞིག་མི་སྟེར་ཐབས་མེད་དུ་གཏོང་དགོས། ཡར་ལོངས་ཤོག།