ཁྲོ་གཏུམ།
བོད་མི་སྤྱི་བོ་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ཏུ་གྱུར་བ། འཛམ་གླིང་༧ཞི་བདེ་དེད་དཔོན་༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་འཛམ་གླིང་དུ་ཕུལ་དུ་བྱུང་བའི་ཞི་བདེ་གཟེངས་རྟགས་དགྱེས་བཞེས་མཛད་པའི་སྲུང་བརྩིའི་ཉིན་མོ་འདིར། ཨོ་གླིང་གནས་མཁར་གསར་རུ་ཡོད་པའི་བོད་ཡིག་འཛིན་གྲྭའི་ལོ་རེའི་ཚགས་པར་འདོན་ཐེངས་གཉིས་པ་ནི་དུས་ལྟར་ཉིན་བཟང་སྐར་བཟང་། བསམ་དོན་ཡིད་བཞིན་འགྲུབ་པའི་ཉིན་མོ་ཕུན་སུམ་ཚོགས་པ་འདི་དང་བསྟུན་སྟེ་པར་བསྐྲུན་འགྲེམས་སྤེལ། པར་ཕུལ་འགྲེམས་སྤེལ། སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་འགྲེམས་སྤེལ་བཅས་ཀྱིས། གསལ་བྱེད་སུམ་བཅུའི་འབྲི་ཀློག་ཤེས་པ། བོད་སྐད་བོད་ཡིག་གི་ལས་དབང་ས་མཐར་འཁྱམས་པའི་དགོས་དབང་ཤེས་པ། བོད་ཀྱི་ལས་དབང་གི་ཁ་ཕྱོགས་ཤེས་པ་རྣམས་དང་། དེ་རིང་གི་ཉིན་མོ་འདི་སྲུང་བརྩི་བྱེད་པ་ནི་བོད་གངས་ཅན་གྱི་རྒྱན། དམིགས་བསལ་འཛམ་གླིང་གི་རྒྱན། དེ་ལས་ཀྱང་དུས་རབས་ཀྱི་ཤེས་རིག་སྣ་ཚོགས་དར་བའི་མིའི་རིག་ཤེས་ཀྱི་རྒྱན་སོགས་ཡིན་པས་ན། ང་ཚོ་གནས་མཁར་གསར་བོད་ཡིག་སློབ་གྲྭས་ཀྱང་མེས་པོའི་སྦྲ་རྒན་གྱི་ཆ་ཤས་ཤིག་སྟེ་༼ཁ་ཚུབ ༽ ཅེས་པའི་མིང་འདི་བེད་སྤྱད་ནས་ཚགས་པར་ཆུང་ཆུང་ཞིག་ས་མཐར་ཆས་པའི་བཙན་པོའི་གདུང་རྒྱུད་རྣམས་ཀྱི་བོད་སྐད་དང་བོད་ཡིག ཡུལ་སྲོལ་གོམས་གཤིས་ཀྱི་སྟངས་སྟབས་གྱ་ནོམ་པ་ཞིག་ཁྱེད་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ། སེམས་ཀྱི་གསོས་སུ་ཕུལ་བ་ཡིན།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་གླིང་གི་སྔ་དྲོའི་ཚེས་ཆ་ལ་ཁྲོ་གཏུམ་ནས་ཕུལ།