རིག་འཛིན་ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་བུདྡྷ་ར་ས་ཡེ།
ཀ་མ་ལ་དང་ཤེལ་ཕྲེང་ཕྱག་རྒྱ་ཅན།།
ཁ་བའི་ལྷ་སྐལ་མི་ཡི་ཚུལ་བཞུགས་པའི།།
ག་བུར་དབང་ལྟར་ཞི་བསིལ་བདེ་སྟེར་འཁན།།
ང་ཡི་གཙུག་ནོར་ཞི་བདེ་གླིང་པར་རྒྱལ།།
ཅ་དག་དགེ་སློང་འཛམ་གླིང་མཛེས་པའི་རྒྱན།།
ཆ་ལུགས་ཀུན་བཟང་ཞི་བདེའི་དེད་དཔོན་རྗེར།།
ཇ་ཆང་བཟང་དགུའི་དངོས་འབྱོར་ཡིད་སྤྲུལ་གྱིས།།
ཉ་གང་ཟླ་བཞིན་མ་ཚང་མེད་པས་མཆོད།།
ཏྰ་རེ་འཕགས་བཞི་བསྐྱེད་པའི་ཡུམ་ཆེན་དང་།།
ཐ་དག་ཡིད་བཞིན་སྒྲུབ་པའི་བཀའ་བསྟན་ཚོགས།།
ད་སྐབས་སྙིགས་མའི་རྒུད་སྐྱོབ་བསྟན་འཛིན་གྱིས།།
ན་ལེན་དྲ་ཡི་བསྟན་རྒྱུན་འཛིན་སྐྱོང་སྤེལ།།
པ་ར་མི་ཏའི་བྱང་ཆུབ་སྤྱོད་པ་ཅན།།
ཕ་མ་གཉིས་མེད་དུས་འཁོར་སྒྱུ་འཕྲུལ་གྱི།།
བ་དན་གདུགས་དཀར་དགུང་དུ་བསྒྲེང་མཁས་པའི།།
མ་ལུས་འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག།
ཙ་རུ་མཇལ་དང་རྒྱང་ནས་མཐོང་ཐོས་ཚེ།།
ཚ་གདུང་ཡིད་ཀྱི་རྒུད་པ་བསལ་མཛད་པ།།
ཛ་ཡའི་བསྟན་པ་ཡོངས་ཀྱི་བདག་པོ་མཆོག།
ཝ་ལེར་བསམ་ཚེ་ངེད་ཅག་སྐལ་བཟང་རྨད།།
ཞྭ་རིགས་འདྲ་མིན་གསོལ་ནས་རིས་མེད་མཛད།།
ཟ་ཧོར་མཁན་པོའི་རྒྱལ་ཚབ་རིན་པོ་ཆེ།།
འ་ཅག་གངས་རིའི་མགོན་པོ་པད་དཀར་འཆང་།།
ཡ་ཐོད་དཔྲལ་བའི་མིག་ཟུང་ཁྱེད་མིན་སུ།།
ར་སྒྲེང་སྤྲུལ་པའི་གཙུག་ལག་ཁང་ཆེན་ནས།།
ལ་རྒྱའི་དུང་དཀར་གྲགས་པའི་ནོར་འཛིན་ཁྱོན།།
ཤ་ཁྲག་རུས་རྒྱུད་གདོང་དམར་བོད་པའི་དཔལ།།
ས་སྐྱོང་ཞི་བདེ་གླིང་པ་ཞབས་བརྟན་ཤོག།
ཧ་ཅང་བཙུན་པའི་དགེ་སྦྱོང་ཤྰཀྱའི་སྲས།།
ཨ་ཧོའི་བསྟན་སྲིད་འཛིན་པའི་ཆོས་རྒྱལ་ཉིད།།
ཨི་ལྡན་དབྱངས་གསལ་ལམ་ནས་བརྗོད་བྲལ་ཀྱང་།།
ཨུ་ཚུགས་སྙན་ངག་རོལ་མོ་འདི་སྐད་ཐལ།།
ཨེ་མ་རྨོངས་མུན་བསལ་བའི་འཁོར་སྒྱུར་ཆེ།།
ཨོ་རྒྱན་རིག་འཛིན་བརྒྱུད་པའི་ཐུགས་སྲས་མཆོག།
ཆོས་རྒྱལ་ཆེན་པོ་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་བརྟན་ཅིང་ཕྲིན་ལས་ཀུན་ཁྱབ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་སྨྲོན་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པར་མཁའ་འགྲོ་དཔལ་ལྡན་ལྷ་མོས་གསུང་བསྐུལ་གནང་བ་དང་ནམ་རྒྱུན་དུ་དྲ་ཚིགས་སུ་བདག་གི་རྗེས་བཞིན་བསྐྱོད་པའི་བསམ་ཤེས་དང་ཆོས་སྒྲོན་སོགས་ཀྱིས་འབོད་སྐུལ་ལྟར་ལས་ངེས་དོན་བཤེས་གཉེན་དམ་པ་༧རིག་འཛིན་ཞི་བདེ་གླིང་པའི་འཁྲུངས་སྐར་དང་གྱ་སྟོན་གྱི་རྟེན་འབྲེལ་ལ་མེ་ཏོག་ཆུང་ཡང་མཆོད་པའ ི་རྫས་བཞིན་གསུངས་པ་བཞིན་དུ་ཡི་རང་བསྔགས་པའི་མཆོད་འབུལ་གྱི་དབྱངས་གསལ་བསྟོད་གསོལ་འདི་ནི་རང་ཉིད་ཡིད་སེམས་དད་གུས་མཚོན་པའི་ལྷ་དར་དཀར་པོ་ཞིག་གི་ཚབ་ཏུ་དབྱིན་ཡུལ་ནྰ་ཐ་གྷྃ་གྱི་ཨེ་ཝྃ་དུས་འཁོར་གླིང་ནས་ཨེ་མ་ཧོས་སྙིང་གནས་གསོལ་བ་འདེབས་པར་དགེའོ།། །།
བླ་སྐུ་འདི་ཕལ་ཆེར་ཕ་བོང་ཁ་བ་ཡིན་པ་འདྲ།
རེད་དམ།
ཧ ཧ བླ་རྒན་གྱིས་ནམ་རྒྱུན་མཆན་ཚོ་ཀློག་གི་ཡོད་པར་ཤེས་སོང་ང་། ཧ ཧ དཔར་གསལ་པོ་མི་འདུག ད་ཡིན་ན་ཞི་བདེ་གླིང་པ་ཕ་བོང་ཁ་ལ་ཟེར་ཀི་ཡོད་ས་རེད། སྨྱོན་པའི་ཁ་ལ་སུ་ཡིས་ཉན་ཡ།