ཀ་དག་ཁྲེགས་ཆོད་རིག་པ་གཉུག་མའི་ངང་། །
ལྷུན་གྲུབ་ཐོད་རྒལ་ཡེ་ཤེས་འོད་གསལ་ཀློང་། །
དབྱེར་མེད་ངེས་དོན་ཆོས་ཀྱི་རྒྱལ་པོ་ཆེ། །
ཡིད་བཞིན་ནོར་བུ་སྙིང་གི་རྒྱན་ཏུ་གསལ། །
ཆོས་སྐུ་དྲི་མེད་རིག་པའི་ངང་དུ་གནས། །
ལོངས་སྐུ་རྒྱལ་བའི་བདེ་ཆེན་ཞིང་ཁམས་སུ། །
སྤྲུལ་སྐུ་རྒྱལ་དབང་པདྨ་ཀ་ར་ཉིད། །
ཞི་བདེ་གླིང་པའི་གསང་གསུམ་ལྷམ་མེར་གསལ། །
དཔལ་ལྡན་བླ་མའི་ཐུགས་ཀའི་འོད་དཀར་ལས། །
མ་རིག་མུན་བསལ་ཐབས་ཤེས་རིག་པའི་དོན། །
མ་ལུས་སེམས་ཅན་ཀུན་གྱི་མཐོང་བ་དང་། །
མཆོག་ཐུན་བྱིན་རླབས་དངོས་གྲུབ་ཐོབ་པར་གྱུར། །
ཅེས་བརྗོད་ཅིང་བསམས་ལ། གསོལ་བ་གདབ་པ་ནི།
ཨེ་མ་ཧོ། །
ཨེ་ཝྃ་རིག་པའི་རྟེན་འབྱུང་རྒྱལ་བའི་ལམ། །
ཇི་བཞིན་མངོན་གཟིགས་འགྲོ་ལ་སྟོན་མཁས་པ། །
འགྲོ་ཀུན་ཞི་བདེའི་འདྲེན་པ་རྒྱལ་བའི་སྲས། །
བསྟན་འཛིན་རྒྱ་མཚོའི་བཞེད་དོན་ལྷུན་གྲུབ་ཤོག །
ཅེས་དང་།
རྩ་སྔགས། ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ལས་སྔགས།
ཨོཾ་ཨྰཿཧྰུྃ་བཛྲ་དྷ་ར་ཝྰ་གིནདྲ་སུ་མ་ཏི་ཤྰ་ས་ན་དྷ་ར་ས་མུ་དྲ་ཤྲྰི་བྷ་དྲ་སརྦ་སིདྡྷི་ཧྰུྃ་ཧྰུྃ། །
གངས་རིའི་ར་བའི་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་ཞི་བདེ་གླིང་པ་ཡི། །
ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྲུབ་ཤོག །
ཅི་ནུས་བསགས།
མཐར་ནི་རང་གཞན་སེམས་ཅན་ཐམས་ཅད་ཀུན། །
ཀུན་བཟང་ཆོས་སྐུའི་ཐུགས་དང་དབྱེར་མེད་གྱུར། །
བསྟན་འགྲོའི་དོན་ཀུན་ཡིད་བཞིན་ནོར་བུའི་དཔལ། །
བཟང་པོ་སྤྱོད་པའི་ངང་དུ་མཉམ་པར་བཞག །
དེ་འདྲའི་དུས་དང་རྣམ་པ་ཀུན་ཏུ་སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་བལྟས་ཏེ་ནམ་རྒྱུན་གྱི་སྤྱོད་ལམ་ལ་འཇུག་པར་བྱའོ། ། ཞེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་མགོ་ཟླའི་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་ནམ་དགའ་ལྡན་ལྔ་མཆོད་ཆེན་པོར་མཁའ་འགྲོ་དཔལ་ལྡན་ལྷ་མོས་སང་ཉིན་༧གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་ཐོབ་པའི་དུས་ཆེན་རེད་མཆོག་གིས་ང་དང་སློབ་ཚོགས་ཡོངས་ལ་ཕན་པའི་ཕྱིར་དུ་སྒྲུབ་ཐབས་མདོར་བསྡུས་ཁྱེར་བདེ་ཞིག་གསུངས་རོགས་དགོས་ཞེས་སྐུལ་མ་ཡང་ཡང་མཛད་པས་གང་དྲན་ད ུ་འོག་མིན་ཀུན་བཟང་ཆོས་གླིང་གི་ཚོགས་གྲལ་ནས་བྲིས་པས་ཀུན་གྱིས་བླ་མའི་རྣལ་འབྱོར་འདི་ལ་བརྩོན་ནས་རྒྱལ་བ་མཆོག་གི་ཐུགས་དགོངས་ཟག་མེད་ཆོས་ཀྱི་དབྱིངས་དང་རང་གཞན་སེམས་ཅན་ཀུན་གྱི་རིག་པའི་ཡེ་ཤེས་ཀྱི་གནས་ལུགས་དང་གཉིས་སུ་མེད་པར་སངས་རྒྱས་པའི་རྒྱུ་རུ་གྱུར་ཅིག ཤྲྰི་སརྦ་བི་ཛ་ཡནྟུ།། །།
༄༅། དཔལ་དགྱེས་ཨེ་མ་ཧོ་ཚང་གིས་མངོན་པར་བསྟོད་པ་བཟང་།
ཐུགས་མི་འགྱུར་འོད་གསལ་དབྱིངས་རུམ་ནས།།
གསུང་མི་འགྱུར་ཚངས་བའི་དབྱངས་ཀྱིས་རོལ།།
སྐུ་མི་འགྱུར་ལྷམ་མེར་བཞུགས་པའི་མགོན།།
ཕ་བླ་མ་བསྟན་འཛིན་རྒྱ་མཚོར་མཆོད།།
རྩ་འདབ་བརྒྱད་སྙིང་གི་ཕོ་བྲང་ན།།
མགོན་སྤྱན་རས་གཟིགས་དབང་རྡོ་རྗེའི་སྐུ།།
དཔལ་རྩ་གསུམ་ཀུན་འདུས་ངོ་བོར་བཞུགས།།
ཕ་བླ་མ་ཞི་བདེ་གླིང་བ་མཆོད།།
ས་མཐོན་པོ་གངས་རིའི་ཡུལ་ཁམས་སུ།།
སྔོན་ཆོས་རྒྱལ་ལོ་པཎ་བཀའ་དྲིན་མཐུས།།
ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་དར།།
སྒོས་ཆོས་མཛད་ཡོངས་ལ་དག་སྣང་འཕེལ།།
དཔལ་ལྷ་མོས་སྐུལ་མིན་གང་ལྟར་ཡང་། །
མགོན་རྒྱལ་བ་ཡིད་བཞིན་ནོར་བུ་ལ། །
ཚིག་སྙན་མོ་ཁུ་བྱུག་སྒེག་མོའི་གླུས། །
སྒོ་དད་པས་བསྟོད་པ་ཕུལ་དུ་བྱུང་། །