༼༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་གནང་ནས་ ལོ་༢༤ འཁོར་བར་རྟེན་འབྲེལ་ཞུ།༽
རེབ་ཐོག་མདའ།
ཙོང་ཁ་རི་བོ་འདབས་རོལ་ཞིག་ནས་ལྷ་སྐལ་མེ་ཏོག་བོད་ལ་བཞད།།
ལྷ་ལྡན་གྲོང་གི་ཟིང་ཟིང་ཀློང་ནས་ཐུབ་པའི་གསུང་ལ་རིག་པས་དཔྱད།།
བྱང་ཕྱོགས་རྡ་སའི་རི་གྲོང་ཞིག་ནས་མཛད་འཕྲིན་འོད་སྣང་གླིང་འདིར་འཕྲོས།།
ས་ཆེན་གོ་ལར་ཞབས་ཀྱི་བཅགས་པའི་བདག་གི་བླ་མ་ཡིད་བཞིན་ནོར།།
དམར་པོའི་བཙན་འཛུལ་བོད་ལ་སླེབས་པའི་ལྔ་བཅུ་ལོ་ཡི་སྔ་གཞུག་ནས།།
འཕགས་པའི་ཡུལ་ལ་གནས་ཚང་གཡར་བའི་ལོ་ཟླ་ཞིག་གི་གོ་རིམ་ཁྲོད།།
དམིགས་མེད་ལུས་པའི་བདག་མེད་བོད་པ་ཐུགས་རྗེའི་སྤྱན་གྱིས་མ་བོར་བར།།
ཀ་མད་སུམ་ཅུའི་ལས་དབང་དོན་དུ་རིག་གནས་སློབ་གྲྭ་ཐོག་མར་བཙུགས།།
ནུབ་ཀྱི་འཚོ་བའི་གདུང་བ་ལྕི་མོས་ལུས་སེམས་མནར་བའི་སྡེ་ཞིག་ལ།།
ལུགས་སྲོལ་རྙིང་པའི་སྐུ་ངོ་དག་གི་དབང་ཤུགས་བཙན་པའི་གདོང་དེ་ནས།།
མང་གཙོའི་ལམ་ལུགས་སྒོ་མོ་གསར་པ་དལ་གྱིས་ཕྱེས་པའི་ལྡེ་མིག་ཅིག།
དེང་རབས་སྤྱི་ཚོགས་འགྲོས་དང་མཐུན་པར་ཁ་བ་བོད་པར་ལེགས་སྐྱེས་ཕུལ།།
ལོ་རྒན་དྲུག་བཅུར་ས་མཐར་འཚོ་ཡང་ཁྱོད་ཀྱིས་ཕ་ཡུལ་བརྗེད་མྱོང་མེད།།
དེང་རབས་སློབ་གླིང་འགྲིམ་མྱོང་མེད་ཀྱང་ཁྱོད་ནི་ཀུན་གྱི་སློབ་དཔོན་ཡིན།།
ཁྱོད་ཀྱི་ཐུགས་རྒྱུད་ཟབ་མོའི་ཀློང་ན་འཛམ་གླིང་ཞི་བདེ་མཚོ་ལྟར་འཁྱིལ།།
ཁྱོད་ནི་ངེས་པ་དོན་ལ་མཁོ་བའི་དུས་རབས་འདི་ཡི་ལམ་སྟོན་མཆོག།
གནའ་དེང་རིག་པའི་གནད་ལུགས་རྟོགས་པ་ནུབ་ཀྱི་བདེ་ན་མང་ན་ཡང་།།
སེམས་ཀྱི་བདེ་བ་རིང་དུ་རྙེད་པའི་དོན་གྱི་སྐྱེ་བོ་ཁྱོད་ལས་སུ།།
གོ་ལའི་ཕྱི་ནང་མིག་ལ་སྣང་བར་ཚན་རྩལ་རིག་པ་རྣོ་ན་ཡང་།།
རང་སེམས་རྒོད་པོ་ངང་གིས་འདུལ་བའི་དོན་གྱི་སེམས་དཔའ་ཁྱོད་ལས་སུ།།
སེར་མདོག་ཉི་མ་འོད་སྟོང་འབར་ཡང་ཁྱོད་ཀྱི་གམ་ན་མེ་འོད་ཙམ།།
བསིལ་ཟེར་ཟླ་བའི་རེག་བྱ་འཇམ་ཡང་ཁྱོད་དང་བསྡུར་ན་རྩུབ་པའི་གཞི།།
ཁྱོད་ནི་དུས་རབས་གཉུག་མར་སླེབས་པའི་སངས་རྒྱས་སྟོང་གི་ངོ་བོ་ཉིད།།
ཁྱོད་ནི་འཇིག་རྟེན་མུན་པའི་གྲོང་ན་འོད་དུ་འཚེར་བའི་སྐར་ཆེན་ཞིག།
སྐྱབས་མེད་མགོན་མེད་གངས་རིའི་ཁྲོད་ན་རེ་བའི་མིག་ཟུང་ཁྱོད་ལ་གཏད།།
ཞི་བདེར་སྨོན་པའི་ནུབ་ཀྱི་གྲུ་ན་ཁྱོད་ཀྱི་སྙན་པ་གླིང་འདིར་ཁྱབ།།
ཁྱོད་རང་ཕེབས་པའི་ས་ཕྱོགས་དེ་ན་སྲོག་ལྡན་མ་ལུས་བདེ་བས་བཟི།།
ཁྱོད་གསུང་སྙན་མོ་རྣ་བར་སིམ་ན་རང་སེམས་རྨོངས་པ་ཀུན་ནས་འཇོམས།།
ཁྱོད་ནི་ང་ཡི་འདས་མ་ད་གསུམ་གཙུག་ཏུ་བཀུར་བའི་སྐྱབས་མགོན་ཡིན།།
ཁྱོད་ནི་འདི་ཕྱི་ཚེ་རབས་ཀུན་དུ་བྲལ་འདོད་མེད་པའི་བླ་མ་ཡིན།།
ཁྱོད་ནི་མཐོ་སྒང་རྩམ་བཟན་བོད་པའི་བྲང་ན་ལྡིང་བའི་སྙིང་དམར་ཡིན།།
ཁྱོད་ནི་རྐང་གཉིས་མྱི་ཡི་ཚོགས་ལ་ཅི་འདོད་སྦྱིན་པའི་ནོར་བུ་ཡིན།།
ཁྱོད་ནི་ཕ་ཡུལ་བགྲེས་སོང་རྒན་པོའི་མིག་ཆུའི་ཀློང་གི་དད་འདུན་ཡིན།།
ཁྱོད་ནི་ཆོལ་གསུམ་བོད་པ་ཚང་གི་འཆི་གསོན་ཀུན་གྱི་བླ་སྲོག་ཡིན།།
ཁྱོད་ཀྱི་སྐུ་ཚེ་བསྐལ་པར་བཞུགས་ཏེ་ཁ་བ་གངས་ཅན་ཞིང་ཁམས་ལ།།
གཞིས་བྱེས་མཉམ་འཛོམས་སྐྱིད་ཀྱི་ལོ་ཟླ་བོད་ལ་བསུ་བའི་སྨོན་ལམ་འདེབས།།
ཕྱི་ལོ ༢༠༡༣ ཟླ ༡༢ ཚེས ༩ ཉིན་ནོར་གླིང་ཉེ་འཁྲིས་ཀྱི་སློབ་གྲྭ་ཞིག་ནས།
ཨ་མདོའི་ཡུལ་དུ་༸ལྷ་མོ་དོན་གྲུབ་འཁྲུངས། །
ལྷ་སའི་གསེར་ཁྲིར་༸བསྟན་འཛིན་རྒྱ་མཚོ་འཁོད། །
ཛམ་གླིང་གང་སར་༸ཏྰ་ལའི་བླ་མར་བསྒྲགས། །
དྷ་སར་ཞི་བདེའི་ཕོ་ཉ་གཙོ་མཛད་རྒྱལ། །
༼༧གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དགྱེས་བཞེས་གནང་ནས/
ཟེར་ན་གོ་མ་སོང་།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད།།
དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གསུངས།