རྨོངས་གསུམ་མུན་པའི་དུས་མདོ་འདིར།།
བསོད་ནམས་བྱེ་བས་ལེགས་སྨིན་པ།།
ཞི་བསིལ་ཟླ་བའི་མ་མ་སྟེ།།
བསྐལ་པ་སྙིགས་མའི་སངས་རྒྱས་དེ།།
ས་གནམ་གཉིས་ཀྱི་མངའ་བདག་ཉིད།།
སྐུ་ཚེ་རི་རབ་ལས་བརྟན་ཞིང་།།
མཛད་འཕྲིན་ཉི་འོད་བཞིན་ཁྱབ་སྟེ།།
རྨོངས་པའི་མུན་པ་ཕར་བསྐྲད་ནས།།
བརྩེ་བའི་ཆུ་བོས་རྒྱུད་བརླན་ཏེ།།
འཛམ་གླིང་ཞི་བའི་ཁྱབ་པ་དང་།།
ཆོས་ལུགས་མཐུན་པའི་གྲོགས་བསྒྲིགས་ཏེ།།
ས་འཛིན་སྣོད་ལ་གཅེས་པར་ཤོག།
ནད་མཚོན་འཁྲུགས་པའི་གཞིར་ཞི་ནས།།
མཐོ་ལ་འགྲན་སེམས་མེད་པ་དང་།།
དམའ་ལ་མཐོང་ཆུང་མེད་པ་ཡི།།
གསར་རྙིང་ལྟ་བའི་གནད་གྲོལ་ཏེ།།
མཐུན་པའི་གྲོགས་ལ་བསྡེབས་པར་ཤོག།
མཁོས་འབྱོར་ལ་རིང་རིང་པའི་གཞིར།།
ཕྱུག་པོར་ངོ་སོ་ལྷག་མ་དང་།།
མེད་པོར་སྣང་མེད་ཐེ་བ་ཡི།།
ཧེ་བག་རིང་མོ་ཚུར་བསྐུམས་ཏེ།།
སྙོམས་མོ་ཐང་ལ་འདུས་པར་ཤོག།
སྐད་དང་ཆ་ལུགས་འདྲེས་པ་ཡི།།
འདྲ་མིན་དུས་ཀྱི་ལ་ཁ་འདིར།།
འདྲེ་སྐད་བརྡ་ཆད་ལྷག་མ་དང་།།
ཆ་ལུགས་བཙོག་འགྱུར་ཐེ་བ་ཡི།།
ངན་དགུའི་གདོན་འདྲེ་གཙང་གྱུར་ཏེ།།
བརྡ་དང་ཆ་ལུགས་གཙང་བར་ཤོག།
གཞི་མེད་སྐྱོན་དུ་སྒྲོགས་པ་ཡི།།
བྱ་ལས་བྱེད་ལས་མང་པའི་གཞིར།།
དོན་མེད་ཉེས་འཛུགས་ལྷག་མ་དང་།།
མཁས་པར་འགྲན་སེམས་ཐེ་བ་ཡི།།
སྲོལ་ཀ་ངན་པ་ཡར་བསྡུས་ཏེ།།
དམ་པའི་ལུགས་བཟང་བསྐྱང་བར་ཤོག།
ཚོས་སྲོལ་རིས་སུ་ཕྱོགས་པ་ཡི།།
གཅིག་བསྣུབས་གཅིག་རྒྱལ་བརྩོན་ས་འདིར།།
ཁྲིམས་མེད་བཙུན་གཟུགས་ལྷག་མ་དང་།།
གྱོད་འདྲེའི་རིག་མ་ཐེ་བ་ཡི།།
བསྟན་དགྲ་འབྱུང་བོ་ཕར་གཡུགས་ནས།།
བཙུན་པའི་ཁྲིམས་ལ་སྤྱོད་པར་ཤོག།
བོད་མིའི་སྐྱིད་སྡུག་མཉམ་མྱོང་ལ།།
སྐྱ་སེར་རིས་མེད་ཡར་ལངས་ནས།།
༸རྒྱལ་བའི་དགོས་དོན་བསྒྲུབ་པར་ཤོག།
བོད་མིའི་སེམས་པ་བརྟན་པར་ཤོག།
སེམས་དོན་ཐམས་ཅད་འགྲུབ་པར་ཤོག།