འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཉིན་བོད་སྐད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག ས་གནས་ཁག་ ༦ ནང་བོད་ཀྱི་སྐད་ཡིག་གི་སྐོར་ལ་ཡིག་ཆ་འགྲེམ་སྤེལ་དང་མཚན་རྟགས་བསྡུ་རུབ། འཕྲེད་དར་འཕྱར་བ། གཏམ་བཤད་བྱེད་པ་བཅས་ཀྱི་ལས་འགུལ་ཁག་ཅིག་སྤེལ་བ་གཤམ་གསལ་ལྟར་ཡིན། ༡ ཉིན་དེར་བྷེལ་རྗེམ་ནས་ “སྐད་ཡིག་ནི་མི་རིགས་ཀྱི་ཚེ་སྲོག་ཡིན་པས་ང་ཚོས་སྲུང་སྐྱོབ་བྱེད་དགོས།” ཞེས་པའི་འཕྲེད་དར་ཕྱར་བ་དང་བོད་སྐད་ལྷན་ཚོགས་ཀྱི་ཚོགས་གཙོ་དམ་ཆོས་བསམ་འཕེལ་ལགས་སུ་བྷེལ་རྗེམ་བོད་རིགས་ཚོགས་པས་གཏམ་བཤད་ཀྱི་གོ་སྐབས་གནང་བ་ལྟར། ཁོང་གིས་ “མི་རིགས་ཤིག་གི་དར་རྒུད་ནི་མི་རིགས་དེའི་སྐད་ཡིག་དར་རྒུད་ཀྱི་སོ་མཚམས་ཉག་གཅིག་པུར་ལྟ་དགོས་པས། མི་རིགས་ཀྱི་རྩ་དོན་དང་། མི་རིགས་ཀྱི་འཐབ་རྩོད། མི་རིགས་ཀྱི་མདུན་སྐྱོད་བཅས་ནི་མཐར་གཏུག་ན་སྐད་ཡིག་གི་རྩ་དོན་དང་། འཐབ་རྩོད། མདུན་སྐྱོད་བཅས་ལ་རག་ལས་པ་ཡོད།” ཅེས་གཏམ་བཤད་གནང་བ་དང་། འབོད་སྐུལ་གྱི་ཡིག་ཆ་བཀྲམ། དེའི་རྗེས་མི་སྣ་ ༡༢༨ ཙམ་གྱིས་ད་ནས་བཟུང་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་པའི་མཚན་རྟགས་བསྐྱོན།
བྷེལ་རྗེམ་བོད་རིགས་ཚོགས་པས་ལས་འགུལ་འདིར་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་གནང་བ་དང་། བོད་རིགས་ཚོགས་པའི་ཚོགས་གཞོན་ཐུབ་བསྟན་གྱིས་ལས་འགུལ་འདིར་དམིགས་བསལ་གྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་མ་ཟད། མ་འོངས་པར་ལས་འགུལ་ཇི་སྤེལ་ལ་མཉམ་ཞུགས་བྱ་རྒྱུའི་ཁས་ལེན་ཡང་གནང་།
༢༽ཧོ་ལན་ནས་བོད་རིགས་ཚོགས་པའི་ཚོགས་གཞོན་རྣམ་རྒྱལ་ལགས་ཀྱིས་མ་སྐུལ་དང་བླངས་ཐོག ཉིན་དེའི་མཛད་སྒོའི་སྐབས་ཡིག་ཆ་འགྲེམ་སྤེལ་དང་འགྲེམ་ཡིག་ལྗགས་ཀློག་གནང་། ཧོ་ལན་དུ་ཡོད་པའི་བོད་རིགས་ཚོས་ད་ནས་བཟུང་བོད་སྐད་གཙང་མ་བསྐྱོན་ཐུབ་ལ་འབད་རྒྱུ་དང་ཕ་མ་ཚོས་ཕྲུ་གུ་ཚོར་བོད་ཡིག་སློབ་དགོས་པ་གལ་ཆེན་ཡིན་པའི་འབོད་སྐུལ་ཞུས་པར་མ་ཟད། ཁོང་ཉིད་མ་འོངས་པར་ལས་འགུལ་གང་སྦེལ་ལ་མཉམ་ཞུགས་བྱ་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་།
༣༽དབྱིན་ཡུལ་ནས་ཡོན་ཏན་གྱིས་བོད་རིགས་ཚོགས་པ་མཉམ་འབྲེལ་གྱིས་སྐད་ཡིག་གི་བགྲོ་གླེང་ཚོགས་འདུ་བསྐངས། བོད་མི་ ༡༠ ཡིས་བོད་སྐད་གཙང་མ་བསྐྱོན་པའི་ཁས་ལེན་དམ་བཅའ་བཞག
༤༽ ཨ་རི་ནས་ཀེ་ཐོ་ལགས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནང་ང་ཚོའི་བསྒྲགས་གཏམ་གསར་འགྱུར་ཀློག་འདོན་བྱས་པར་མ་ཟད། ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་ཚོར་ང་ཚོའི་ཡིག་ཆ་བཀྲམ་པར་མ་ཟད། ཁོང་རང་ཉིད་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཕྱིན་ཏེ། བོད་ཀྱི་སྐད་ཡིག་གི་སྐོར་ལ་གླེང་སློང་བྱས་པ་དང་ཡིག་ཆ་བརྒྱ་ལྷག་ཚོགས་ཐོག་ཏུ་བཀྲམ་པས། མཐའ་མར་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུའི་སྐབས་བགྲོ་གླེང་གི་བརྗོད་བྱ་གཙོ་བོ་ཞིག་ཏུ་འཛིན་ཐུབ་པ་བྱུང་།
༥༽ ཨོ་སུ་ཌེ་ལས་ཡ་ནས་ང་ཚོས་ཞི་བདེའི་གཟེངས་རྟགས་ཉིན་གཅིག་གྱུར་གྱིས་ཡིག་ཆ་འགྲེམ་སྤེལ་གནང་།
༦ བཞུགས་སྒར་ངྷ་ས་ནས་བཅུད་པར་གཡང་མཁོ་རྒྱལ་དང་ཨ་རིག་འགྱུར་མེད་གཉིས་ཀྱིས་ “བོད་སྐད་གཙང་མ་ཤོད། །བོད་ཡིག་དག་མ་སྦྱོངས། །” ཞེས་པའི་འཕྲེད་དར་ཕྱར་བ་དང་ཡིག་ཆ་སུམ་བརྒྱ་ལྷག་བཀྲམ་པར་མ་ཟད། མི་སྣ་ ༣༣༤ ཙམ་ལ་མཚན་རྟགས་བསྡུ་རུབ་བྱས་ཏེ། མ་འོངས་པར་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་བྱ་རྒྱུའི་དམ་འཇོག་བྱེད་དུ་བཅུག
འདི་ལྟར་ད་ལོའི་ཞི་བདེའི་གཟེངས་རྟགས་ཉིན་བོད་སྐད་ལྷན་ཚོགས་ཀྱིས་རྒྱལ་ཁབ་མི་འདྲ་བ་ཁག་དྲུག་ནང་བོད་ཀྱི་སྐད་ཡིག་གི་སྐོར་ལ་གོང་གསལ་ལས་འགུལ་དག་སྤེལ་བ་དང་། མ་འོངས་པར་མུ་མཐུད་དེ་ས་གནས་ཁག་མང་བོའི་ནང་ལས་འགུལ་སྤེལ་རྒྱུ་མ་ཟད། ད་ལོའི་རྡོར་གནད་དུ་དཔལ་དུས་ཀྱི་འཁོར་དབང་ཆེན་ཐེངས་ ༣༢ པ་སྩོལ་སྐབས་ཀྱང་ལས་འགུལ་ཁག་ཅིག་སྤེལ་འཆར་ཡོད་པ་བཅས།
བོད་སྐད་ལྷན་ཚོགས་ཀྱིས། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༢ ཚེས་ ༢༠ ཉིན།
ཚོགས་པའི་གྲུབ་ཆ་དེ་ངོ་སྤྲོད་རགས་ཙམ་གནང་རོགས།
རྒྱལ་ཁོངས་གཞན་དག་ན་ཡོད་པའི་བོད་པ་ཚོས་ངེས་པར་དུ་དྲ་ལམ་ནས་བོད་ཡིག་འབྲི་ཀློག་བྱེད་རྒྱུར་དམ་བཅའ་འཇོག་ཐུབ་ན་ཧ་ཅང་བཟང། དེང་རབས་ཀྱི་འགྲོ་སྟངས་དང་མཐུན་པའི་ཡར་རྒྱས་གཏོང་སྟངས་གལ་ཆེན་ཞིག་རེད་ལ། བོད་ཀྱི་ལག་གདང་སྦྲེལ་ཚུལ་གསར་བ་ཞིག་ཀྱང་རེད།
ཧ་ཅང་ཡག་པོ་བྱུང་འདུག་ཡི་རངས་ཞུ་རྒྱུ་ཡིན། གོང་དུ་བོད་ཡིག་སྐྱབས་ལགས་ནས་དགོངས་ཚུལ་བྲིས་པ་བཞིན་དེང་དུས་དང་མཐུན་པའི་དྲ་རྒྱ་ཁག་ནས་བོད་ཡིག་ལྟ་ཀློག་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག དེང་སང་ཨིན་ཇི་ཕྲན་བུ་ཞིག་ཤིས་ན་དཔེ་མེད་འཇོན་མདོག་འདྲ་བྱེད་ནས་བོད་པ་ནང་ཕན་ཚུན་ལ་ཡང་དབྱིན་སྐད་དང་། དབྱིན་ཡིག་བེད་སྤྱོད་བྱེད་པ་ནི་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་གཏོར་གཏོང་བའི་ལག་ངོ་མ་དེ་ཡིན་ནོ། །
བོད་སྐད་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་བཙུགས་པ་མ་ཟད། བོད་སྐད་ལྷན་ཚོགས་ཀྱིས་བོད་ཀྱི་སྐད་ཡིག་གཅེས་སྐྱོང་དང་སྲུང་སྐྱོབ་ཀྱི་ལས་འགུལ་ཏེ། ཐོག་མར་ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ནས་འགོ་འཛུགས་བྱས་ཏེ་རིམ་བཞིན་ཨ་རི་དང། བྷེལ་རྗེམ། ཇར་མན་ནེ། ཧྥ་རན་སི། ཧོ་ལན། དབྱིན་ཇི། རྒྱ་གར། བལ་ཡུལ། བོད་བཅས་པར་བོད་མི་གཅིག་གིས་གཅིག་ལ་སྐུལ་མ་བྱས་ཏེ། གཅིག་གིས་གཉིས། གཉིས་ཀྱིས་བཞི་དང༌། བཞི་ཡིས་བརྒྱད་སོགས་གོམ་པ་རིམ་འཛེགས་ཀྱིས་ལོ་ངོ་གསུམ་གྱི་རིང་། བོད་རིགས་འབུམ་གཉིས་ཡས་མས་ཀྱིས་བོད་སྐད་སྨྲ་བར་དམ་བཅའ་བཞག་སྟེ། བོད་སྐད་བཤད་སའི་ཁོར་ཡུག་གསར་བ་ཞིག་ལ་གོམ་ཁ་སྤོས་པར་མ་ཟད། དུས་ཡུན་ཐུང་ཐུང་ཞིག་གི་རིང་གྲུབ་འབྲས་བླ་ན་མེད་པ་བྱུང༌ཡོད།
འབྲེལ་གཏུགས་བྱ་ཡུལ།
དམ་ཆོས་བསམ་འཕེལ། ཧོ་ལན། dhamchoesanpai@gmail.com
ཚེ་བརྟན། བྷེལ་རྗེམ། tseten.tenzin@gmail.com
ཡོན་ཏན། དབྱིན་ཡུལ། nagulyonden@yahoo.co.uk
མགོན་པོ་བསོད་ནམས། ཨོ་སུ་ཌེ་ལས་ཡ། gon888so@yahoo.com.au
ཀེ་ཐོ། ཨ་རི། gaitho1@yahoo.com
ཨ་རིག་འགྱུར་མེད། རྒྱ་གར། gyurmeyarik@gmail.com
ཁྱེད་ཚོའི་ཚོགས་པའི་ནང་ཞུགས་ཆོག་གམ།