སེར་ཤུལ་རིན་ཆེན་དོན་གྲུབ།
༼༸གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཉེར་བཞི་འཁོར་བའི་དུས་དྲན་ལ་ཕུལ།༽
སྤྱི་སྙོམས་མཛད་པའི་རླབས་ཆེན་ཕྱག་རྗེས་ཤར་ནུབ་རིག་པའི་འོད་དུ་བཞུར།།
དྲང་ཚུགས་སྒམ་བརླིང་མི་གཤིས་བཟང་པོས་དཔྱོད་ལྡན་སྙིང་ལ་བསིལ་བ་སྦྱིན།།
ལེགས་འབྱེད་གུ་ཡངས་ཤེས་རབ་མཚོན་གྱིས་རིས་གཅོད་ལྟ་བར་ཟུག་རྔུ་བསླངས།།
ཆོས་ཉིད་རིགས་པའི་དཔྱད་ཞིབ་ངོས་ན་ཁྱེད་ནི་མཆོག་གི་འོད་རིས་ཤིག །
དྲིན་བྱས་དྲིན་ངོ་འཁོན་དུ་སྒྱུར་བའི་རྐང་གཉིས་འགྲོ་བའི་འཁྲབ་སྟོན་དགོད།།
རང་ལྟ་བརྒལ་བའི་རྒྱུ་མཚན་ཙམ་གྱིས་ཁྱེད་ལ་སྡང་བའི་གོག་འགྲོ་འདུར་།།
ཕུགས་རིང་བསམ་པས་ཁྱེད་རྗེས་མ་རྙོབ་དམོད་མོ་བོར་བའི་ཟོག་པོ་མཆིས།།
འོན་ཀྱང་ཁྱེད་ཀྱིས་ཡང་དག་ཐུགས་བསྐྱེད་གཡོལ་བ་མེད་པར་མདུན་དུ་མཆོངས།།
འཛམ་གླིང་དཔྱོད་ལྡན་ཆེ་དགུའི་བསྔགས་དབྱངས་ཁྱེད་ཀྱི་ཕྱོགས་སུ་འུར་གྱིས་ལྡིར།།
མངོན་བསྟོད་མཚོན་པའི་གཟེངས་རྟགས་མེ་ཏོག་ཁྱེད་ཀྱི་ཕྱག་ཏུ་འཚང་ཁས་བཞད།།
ཉམས་བསྟར་ཚིག་གི་སློབ་སྟོན་ཟབ་མོས་མཁས་དབང་སྙན་ལ་བདུད་རྩི་བསྐྱིལ།།
དེ་བས་ཁྱེད་ཀྱི་ལེགས་མཛད་རྒྱ་མཚོ་ཡང་དག་གཤིས་སུ་སུས་མི་རྟོགས།།
ཤར་གྱི་ཕྱོགས་སུ་འཁྲུངས་ནས་ནི། །
ནུབ་ཀྱི་ཕྱོགས་སུ་མཚན་སྙན་རྒྱས། །
ལྷོ་ཡི་ཕྱོགས་སུ་བཞུགས་ནས་ནི། །
བྱང་གི་ཕྱོགས་ཀྱི་འགྲོ་དོན་མཛད། །