གླིང་ཚ་ཚེ་བརྟན་རྡོ་རྗེ། (བོད་། ལྷ་ཀླུ་གཉན་གསུམ)
༣།༡༠ཞོགས་པ་མི་མང་གི་མིག་ཆུ་དང་ཁ་གཡང་།ཁ་བཏགས་དང་ཞལ་འདེབས་སོགས་ཀྱི་བསྐྱེལ་མའི་ཁྲོད། གཙུག་ལག་ཁང་གི་མདུན་ནས་རྡ་ཤོད་ཀ་ཅ་རའི་བར་དུ་མི་དམངས་མཉམ་ཞུགས་བྱས།མི་དམངས་ཀྱིས་མིག་ཆུ་དང་ཞལ་འདེབས་དུས་མཉམ་དུ་ང་ཚོའི་ལུས་སྟེང་དུ་སྤུངས།རྡ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ཉིན་གུང་ཟ་མ་སྤྲད་དེ་ཁ་བཏགས་མཐེན་པ་དང་ཞལ་འདེབས་གནང།གྲོགས་པོ་ཁ་ཤས་ཀྱིས་བསྐྱེལ་མ་ལེ་བར་ཁ་ཤས་རིང་བྱས་རྗེས་གཞི་ནས་ངེད་མ་སྨད་གསུམ་ཞི་བའི་འཐབ་རྩོད་འདིའི་ཞི་བའི་གོམ་བགྲོད་ཀྱི་རྐང་ལམ་ལ་ཞུགས།
མཚན་དང་པོར་ཧིན་དྷིའི་ལྷ་ཁང་ཀོག་པོ་ཞིག་གི་འགྲམ་དུ་ཁང་ཆུང་བཤིག་ལ་ཉེ་བ་ཞིག་གི་ཁྱམས་རར་མལ་ས་བཟོས།ཅུང་ཙམ་རྗེས་སུ།ང་ཚོ་ལ་ཐུག་འཕྲད་དུ་ཡོང་མཁན་ནི་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་དང་ལས་རོགས་ས་གཞོན་དྲུང་ཆེ་བཟོད་པ་དང་རྡི་ལི་སློབ་ཕྲུག་ས་གཞོན་ཚོགས་གཙོ་ཟུར་པ་་་་་བཅས་དགོང་མོའི་ཟ་མ་ཁུར་ནས་ང་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང།མཚན་གཉིས་པའི་ངལ་གསོ་སྐབས་སུ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པ་བློ་བྷེ་ལགས་ཀྱིས་ཟ་མ་ཞིག་ཁུར་ནས་ཁོ་རང་སྒེར་གྱི་དྭང་བླང་འོག་ང་ཚོ་ལ་ལྟ་རུ་འོང།
ཚེས་༡༣ཉིན་རྡ་ས་ནས་ཚོགས་སྐྱིད་མཉམ་འབྲེལ་མཐུན་ཚོགས་ཀྱི་འཐུས་མི་བཞིས་ཚོགས་པ་བཅུ་གཅིག་གི་ཚབ་བྱས་ཏེ་ང་ཚོའི་སྐྱིད་སྡུག་ལེགས་ཉེས་ལ་འཚམས་འདྲི་ཞུ་རུ་འབྱོར་བ་མ་ཟད་ང་ཚོ་ལ་མཐུན་རྐྱེན་གང་དགོས་སྦྱོར་ངེས་ཡིན་ཞེས་ཁས་ལེན་གནང་ནའང་།ངས་ཁོང་ཚོ་ལ་ཤིང་རྟ་ཆུང་ཆུང་ཞིག་དགོས་པའི་རེ་སྐུལ་ཞུས་པ་ལྟར་ཁོང་ཚོས་དང་དུ་བླངས་པ་མ་ཟད་ཁ་པར་གསར་པ་ཞིག་ཀྱང་ཉོས་ཏེ་སྤྲད།ད་དུང་ཞལ་འདེབས་ཀྱང་ཧིན་སྒོར་སྟོང་ཕྲག་གསུམ་སྤྲད་དེ་ང་ཚོ་ལ་ག་དུས་རྒྱུ་དངོས་གང་ཅིའི་ཐད་རོགས་རམ་དགོས་གལ་བྱུང་ཚེ་དུས་ལྟར་དང་ལེན་བྱ་ངེས་ཡིན་བྱས་ཁས་ལེན་གནང་བས་ཡི་གེ་ཞིག་ང་ལ་སྤྲད།
རྡ་ས་ས་གནས་གཞོན་ནུའི་དྲུང་ཆེ་བཟོད་པ་ལགས་ཁོ་རང་སྒེར་ངོས་ནས་ཉིན་དེའི་ཕྱི་དྲོར་དཔར་ཆས་ཤིག་དང་ལག་ཁྱེར་གློག་ཀླད་ཅིག་ཁུར་ནས་དྭང་བླང་འོག་ཉིན་མ་དེ་ནས་དྭང་བླང་གསར་འགོད་པ་གནང་སྟེ་ང་ཚོ་དང་མཉམ་དུ་ཉིན་ལྔའི་རིང་དུ་དཀའ་སྡུག་ཚད་མེད་མྱངས།
ཚེས་༡༥ཉིན་རྒྱབ་ཏུ་མདོ་སྨད་དབུས་རྒྱུན་ལས་ཀྱི་ལས་བྱེད་གསར་རྙིང་གཉིས་ཀྱི་ཐུན་མོང་འོག་ང་ཚོ་ལ་གདུང་སེམས་མཉམ་སྐྱེད་བྱེད་དུ་འོང་བ་མ་ཟད་ཞལ་འདེབས་ཆེད་ཧིན་སྒོར་ཆིག་ཁྲི་ལྔ་སྟོང་གནང་སྟེ་རྗེས་སུ་ཁོང་ཚོས་གང་བྱེད་ཐུབ་པའི་རིགས་ལ་རོགས་རམ་བྱེད་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་སོང།
ཚེས་༡༦ཉིན་གྱི་ཞོགས་པར་སུ་ཇ་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་གཉིས་ཀྱིས་གཙོ་བས་མི་སྣ་དྲུག་སྤྱི་ལེ་གཉིས་གསུམ་ཙམ་གྱི་རིང་གདུང་སེམས་མཉམ་སྐྱེད་ཀྱི་གོམ་བགྲོད་ལ་མཉམ་ཞུགས་གནང་བ་དང་སློབ་སྤྱི་ལགས་ཀྱིས་ངའི་ནུ་མོ་ལ་འཐམས་ནས་གཟུགས་གཞིར་འཕྲོད་རྟེན་ལ་གཟབ་རྒྱུ་དང་ཁྱེད་ཚོའི་རྒྱབ་ལ་ང་ཚོ་ཡོད་ཅེས་གསུངས།
ཉིན་དེའི་ཉིན་གུང་ཙམ་ལ་ནོར་གླིང་དུ་གནས་སྡོད་བྱས་པའི་ཨ་མདོ་བུ་མོ་པད་མ་འཚོ་དང་རྨ་ཆུ་མགོན་པོ་དོན་འགྲུབ་ཀྱི་ཆུང་མ་གཉིས་ཀྱིས་ཉིན་གུང་གི་ཟ་མ་རྣམ་གྲངས་ཆེས་མི་ཉུང་བ་ཞིག་བཟོས་ཏེ་ང་ཚོ་ཐུག་འཕྲད་བྱེད་དུ་འོང།འགྲོ་ཁར་གཉིས་ཀ་བདག་ལ་འཐམས་ནས་མཆི་མ་ཤམ་ཤམ་དུ་བཞུར་ཞོར་ང་ཚོ་བོད་མི་ས་ཡ་དྲུག་གི་བདེན་དོན་ཆེད་དུ་ཁྱེད་མ་བུ་གསུམ་ལས་འགྲོ་ཕོད་མཁན་མེད་པ་དེ་བསམ་ནས་ལྷག་ཏུ་སེམས་པ་སྐྱོ་ཞེས་བཤད།
ཚེས་༡༧ཉིན་གྱི་དགོང་མོར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཨ་ཚོགས་ཀླུ་དཀར་བྱམས་དང་དེ་གའི་སློབ་སྤྱི་ལྷ་ཆབ་སྤྱིན་པ།ད་དུང་ཚོགས་མི་ཞིག་དང་བཅས་མི་གསུམ་ཚོགས་པའི་ཚབ་བྱས་ཏེ་ང་ཚོ་ལ་འཚམས་འདྲི་བྱེད་དུ་འབྱོར་ནས་ཧིན་སྒོར་སྟོང་ཕྲག་ལྔའི་ཞལ་འདེབས་དང་ཀླུ་དཀར་བྱམས་མཚན་གཅིག་རིང་ང་ཚོ་དང་མཉམ་དུ་བསྡད་པ་མ་ཟད་ཞོགས་པར་སྤྱི་ལེ་འགར་ང་ཚོ་དང་མཉམ་དུ་གོམ་བགྲོད་ལ་ཞུགས།
ཚེས་༡༩ཉིན་གྱི་ཉིན་རྒྱབ་ཚོུད་གསུམ་པའི་སྟེང་ཅན་དྷི་སྒར་མཐོ་སློབ་འགྲིམ་བཞིན་པའི་སློབ་མ་སུམ་བཅུ་ལྷག་ལ་གཏམ་བཤད་དང་བསམ་ཚུལ་བགྲོ་གླེང་བྱ་རྒྱུའི་གོ་སྐབས་གནང་བ་དང་སློབ་མ་ཚོའི་ངོས་ནས་རྒྱབ་སྐྱོར་གྱི་ཡི་གེ་ཞིག་དང་ཞལ་འདེབས་ཕུལ་ན་ཡང་ཞལ་འདེབས་ཕྱིར་སློབ་མ་དག་གི་བགྲོ་གླེང་འདུ་འཛོམས་སྐབས་སུ་བེད་སྤྱོད་གཏང་རོགས་གནང་ཞེས་ཕྱིར་སྤྲད་པ་ཡིན།
ཚེས་༢༠ཉིན་གྱི་ཞོགས་པ་ནས་ཅན་དྷི་སྒར་མཐོ་སློབ་འགྲིམས་བཞིན་པའི་རྡེ་ར་ལྡུན་གཞིས་ཆགས་གླིང་ཚང་ནས་ཡིན་པའི་སློབ་མ་ཕུན་ཚོགས་རྡོ་རྗེ་རང་ལོ་༢༠་སོན་པ་ཁོང་དང་ཆུང་དུས་སུ་བོད་ནས་བཙན་བྱོལ་ལ་ཡོང་བའི་བཀྲ་ཤིས་ཚེ་རིང་རང་ལོ་༢༣སོན་པ་གཉིས་ཀྱིས་མ་སྐུལ་དྭང་བླང་གིས་ཅན་དྷི་སྒར་ནས་རྡི་ལི་བར་གོམ་བགྲོད་ལ་མཉམ་ཞུགས་བྱས།
ཚེས་༢༢ཉིན་རྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་གོམ་བགྲོད་ལ་མཉམ་ཞུགས་བྱེད་མཁན་དུ་རྣམ་གྲོལ་གླིང་དུ་བཞུགས་པའི་གྲྭ་ཡོན་ཏན་རྒྱ་མཚོས་ཉིན་གཉིས་རིང་གོམ་བགྲོད་དང་ཀུན་བཟང་རྒྱལ་ཉིན་གཅིག་རིང་གོམ་བགྲོད་ལ་ཞུགས། ཉི་མ་འདི་ནས་བཟུང་རྡི་ལི་བར་གྱི་ཟས་སོང་གི་འགྲོ་གྲོན་ཚང་མ་རྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས་གཏོང་གནང་རྒྱུའི་ཞལ་བཞེས་གནང།
ཚེས་༢༣་ཉིན་མ་སུ་རིའི་འཛིན་གྲྭ་བཅུ་གཉིས་ཐར་ཕྱིན་པའི་སློབ་མ་འགྱུར་མེད་བསྟན་འཛིན་རང་ལོ་༢༠སོན་ཁོང་དང་ངག་དབང་ལེགས་སྨོན་རང་ལོ་༢༠སོན་པ་གཉིས།གཞན་བོད་ནས་བཙན་བྱོལ་དུ་འབྱོར་ཞིང་ད་ལྟར་མ་སུ་རིའི་སློབ་གྲྭའི་ཟ་ཁང་ཆུང་ཆུང་གཉེར་བཞིན་པའི་བསོད་ནམས་ཉི་མ་རང་ལོ་༣༠་སོན་པ་གསུམ་གྱིས་རྡི་ལི་བར་གོམ་བགྲོད་ལ་མཉམ་ཞུགས་བྱས།
ཚེས་༢༤ཉིན་རྡི་ལི་མདོ་སྨད་ས་གནས་རྒྱུན་ལས་ཁང་གི་ཚོགས་གཙོ་རིག་འཛིན་རང་ལོ་སོ་དགུ་ཡིན་པ་ཁོང་དང་ཚོགས་གཞོན་རྟ་མགྲིན་རང་ལོ་སོ་དྲུག་ཡིན་པ་གཉིས།གཞན་རྡི་ལི་ཟ་ཁང་ཞིག་གི་སྤྱིན་བདག་ཚེ་རིང་རྡོ་རྗེ་རང་ལོ་༤༨ ཡིན་པ། ས་རྒྱུན་འབྲེལ་མཐུད་པ་རིན་ཆེན་སྒྲོལ་མ་རང་ལོ་༥༠ སོན་པ། ་་་་་ ངག་དབང་བདེ་སྐྱིད་རང་ལོ་༣༥་སོན་ཡོད་པ་བཅས་ཐུག་འཕྲད་དུ་འབྱོར་བ་མ་ཟད།དྭང་བླང་གོམ་བགྲོད་པ་མདོ་སྨད་རེབ་གོང་ནས་ཡིན་པའི་དཀའ་ཐུབ་རྒྱལ་རང་ལོ་༢༥སོན་པ་དང་མདོ་སྨད་རེབ་གོང་ནས་ཡིན་པའི་བཀྲ་ཤིས་ཀླུ་བྱམས་རང་ལོ་༢༧ སོན་པ་གཉིས་རྡི་ལི་བར་གོམ་བགྲོད་ནང་མཉམ་ཞུགས་གནང།
ཚེས་༢༥ཞོགས་པར་སླར་ཡང་དྭང་བླང་གསར་འགོད་པའི་མིང་ཐོག་ནས་སྒེར་གྱི་དྭང་བླང་བྱས་ཏེ་རྡ་ས་ས་གཞོན་གྱི་དྲུང་ཆེ་བཟོད་པ་ལགས་རྡི་ལི་བར་དུ་དྭང་བླང་གསར་འགོད་པའི་འགན་ཁུར་ནས་གོམ་བགྲོད་ལ་ཞུགས།
ལམ་བར་དུ་མིང་མི་ཤེས་པ་དང་དྲན་ངོགས་སུ་མ་འཁོར་བ་མཆིས་ཚེ་རྗེས་སུ་ཁ་གསབ་བྱ་ཆོག་ལ། མི་དམངས་དང་རྒྱ་གར་གསར་འགོད་པ།ད་ལྟའི་བར་དུ་གནས་ཚང་གཡར་མཁན་གྱི་རྒྱ་གར་ཡུལ་མི་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་ཕྱི་ལོ་༢༠༡༢ ལོའི་ཟླ་བ་༣ པའི་ཚེས་༢༥ ཉིན་བྲིས།
ང་ཚོ་ཚང་མ་མཉམ་དུ་ངུ་། །
ང་ཚོ་ཚང་མ་མཉམ་དུ་དགོད། །
ནེ་པ་ལེའི་ནང་འཛུལ་ཁར་དངུལ་སོགས་གལ་ཆེའི་དངོས་པོ་གང་ཡང་མཉམ་་ཁྱེར་བྱེད་མི་རུང་། བལ་བོའི་ཉེན་རྟོག་པ་དང་དམག་མི་ཚོ་ཇག་རྐུན་ཤ་སྟག་ཡིན་པ་མ་བརྗེད། མ་གཞི་ལམ་བར་ནས་དངུལ་སོགས་ཅ་དངོས་རྩ་ཆེན་མཉམ་ཁྱེར་བྱེད་མི་རུང་། སེམས་གཏམ་འདི་རྩ་བ་ནས་བརྗེད་མི་རུང་།
ཐང་ཟིན་བླ་མ་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ལེན་དུ་བྱོན་པ་དེ་དང་ཁྱེད་མ་སྨད་གསུམ་ཤར་ཙི་ནའི་ཡུལ་དུ་དྲང་བདེན་སློང་བར་འབྱོན་བ་འདི་གཉིས་ལ་གོ་བ་ལེན་རྒྱུ་ཡོད་པ་ཞིག་རེད། གང་ལྟར།
༡
རྫུ་འཕྲུལ་སྤྲེལ་དང་འདྲ་བའི་མཐུ་གྲོགས་མེད།
ཅང་ཤེས་མཁའ་སྤྱོད་འདྲ་བའི་བཅིབ་པ་བྲལ།
ཆོས་དང་འཇིག་རྟེན་གཉི་གའི་སྙིང་བོ་དེ།
ལོན་ཕྱིར་འབུམ་ཕྲག་དཀའ་བ་ཁྱད་དུ་བསད།
༢
ཨེ་མ་དབྱིངས་སུ་བཞུགས་པའི་འོད་དཔག་མེད།
ཀྱེ་མ་མཁར་ན་སྦ་བའི་ཧུའུ་ཅིན་ཐོ།
རང་ལུས་གསོན་བསྲེག་མཛད་པའི་གྱི་ན་ཚོར།
བྱམས་བརྩེ་སྤྱན་གྱིས་སྐྱོངས་བར་ཅིས་མི་འཚལ།
༣
དུང་དཀར་ཆུང་ཡང་ཆུ་སྲིན་གཤེད།
བོད་པ་ཉུང་ཡང་རྒྱ་མིའི་གཤེད།
གཤེད་ཀྱི་གོ་བ་མ་འཛོལ་ན།
དགྲ་ཆེན་འཇོམས་པ་གནས་ལུགས་ཡིན།
༤
དེ་ལྟར་་སྨོན་ཚིག་མེ་ཏོག་འདི།
རྟུལ་ཕོད་གླིང་ཚ་བ་ལ་བསྲིངས།
འབྲོག་ཆེན་འཇིགས་པའི་ལམ་ཕྲེང་ནས།
བདེན་པ་མཐུ་ཡིས་སྡོང་གྲོགས་མཛོད།
བཀུར་འོས་པའི་གླིང་ཚ་ལགས་ཕྲན་ཆུང་ངས་ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་ལ་ཡི་རངས་ཞུ། གོང་ནས་གསུང་བ་ནང་བཞིན་ལམ་བུར་ནས་སེམས་ཆུང་བྱོས་ལྷག་ཏུ་བལ་ཡུལ་ལ་སླེབས་སྐབས་སེམས་ཆུང་བྱོས་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེེད་ཡིན་ཕྱིར་སེམས་མ་བདེ་མ་ཙམ་ཡིན།
གླིང་ཚ་ཚེ་བརྟན་རྡོ་རྗེ་མ་སྨད་གསུམ་གྱི་རླབས་ཆེའི་གོམ་བགྲོད་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་བླ་ལྷག་ཏུ་ཞུ། དུས་མཚུངས་སུ་ལམ་བར་དུ་མི་འདོད་པའི་བགེགས་བར་ཆད་རིགས་མི་འབྱུང་བའི་སྨོན་ལམ་ཡང་ཡང་འདེབས། བོད་རྒྱལ་ལོ།།
དངུལ་ལ་རྔམ་པའི་འདྲེ་ཚོགས་ནག་པོས་ཁྱེད་ཀྱི་གོམ་ཁ་དཀར་པོར་བར་ཆད་བརྩམ་ཉེན་ཆེ་བས་ཡིད་གཟབ་ཐབས་མཁས་གནང་རོགས་མཁྱེན། ང་ཚོའི་ལས་དབང་གི་ཆེད་དུ་འདི་ལྟར་འོ་བརྒྱལ་གནང་བར་ཐུགས་རྗེ་ཤིན་ཏུ་ཆེ།།
ཁ་ནས་རང་བཙན་གོ་ལའི་ཁྱོན་ལ་བསྒྲགས།།
རང་དོན་ཁབ་སྐུད་ཙམ་ཡང་གཏོང་ཕོད་མེད།།
དངུལ་དང་གོ་ས་མཐོང་ན་ཤ་འབུ་བཞིན།།
རུབ་ཏུ་འཚོགས་པ་བཙན་བྱོལ་བོད་མའི་གཤིས།།
དངུལ་དང་གོ་ས་སེམས་ཀྱི་ཕུག་འདུན་ཡིན།།
རང་དབང་རང་བཙན་སྐབས་རེའི་སྐད་འབོད་ཡིན།།
མགོ་བདེ་དྲན་འཕྲུལ་རྒྱུན་གྱི་ཉམས་ལེན་ཡིན།།
འདི་རྣམས་གཞིས་ལུས་སྤུན་ཟླ་སྐྱོབ་བྱེད་མིན།།
ཕ་མ་སྤུན་མཆེད་མེད་པ་སུ་ལ་མེད།།
བུ་ཕྲུག་ཚ་བུ་ཚ་མོ་ཀུན་ལ་ཡོད།།
དེ་ལ་བརྩེ་མདངས་མེད་པ་དེ་ལས་དཀོན།།
དེས་ན་རང་དབང་འཐབ་རྩོད་སུ་ཡིས་བྱེད།།
བོད་མིའི་བདེ་སྡུག་ཀུན་ལ་འགན་དབང་ཡོད།།
རང་བདེ་རང་སྐྱིད་ང་ཚོའི་ཕུག་འདུན་མིན།།
དེས་ན་ཀུན་གྱིས་བློས་གཏོང་བྱེད་པ་ལས།།
ཚེ་རྡོར་མ་བུ་གསུམ་ལ་བསྐོས་པ་མེད།།
མ་སྨད་གསུམ་གྱི་བློས་གཏོང་དང་།།
རང་གི་རིགས་ལ་ཞེན་པ་དང།།
ཧུར་བརྩོན་སྙིང་སྟོབས་ཆེན་པོ་རྣམས།།
ང་ཚོ་ཚང་མར་ཡོད་གྱུར་ན།།
རྒྱ་དམར་བྲག་ལས་སྲ་ན་ཡང།།
ཐལ་ཕུང་ཅི་བཞིན་བརླག་པར་འགྱུར།།
ཧ་ཅང་བཟང་གི ཡིན་ནའང་བལ་ཡུལ་ཚུན་ལ་ཐར་སྲིད་ནི་མ་རེད། བལ་ཡུལ་གྱི་ཉེན་རྟོག་པ་ཚོ་མྱི་ངན་དག་དག་རེད་ཟེར་བས། ལུས་ཐོག་ན་སྒོར་མོ་ཡོད་ན་འཕྲོག་ཉེན་དང་། སྲིང་ཆུང་མར་བཙན་གཡེམ་བྱེད་ཉེན་ཡོད་པས་ཞེ་ལ་ཞོག
ཁྱེད་རང་ཚོ་མ་སྨད་གསུམ་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་བོད་ཁ་བ་ཅན་གྱི་མ་འོངས་པའི་མདུན་ལམ་ཆེད་འདི་འདྲའི་གཏོང་ཕོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
རྗེས་སུ་ཡིད་རང་ལས་བཤད་སྤོབས་ཅི་ཡང་མི་འདུག
རྒྱབ་སྐྱོར་ཞུ། ད་དུང་འདི་ལྟར་ལམ་བར་ནས་དཀའ་སྡུག་དང་། མྱོང་ཚོར། སེམས་འགྱུར་སོགས་མཚན་པའི་ཟིན་བྲིས་གང་མང་སྤེལ་ཐུབ་ན་དེའང་ཁྱེད་ཀྱི་བདེན་དོན་རྩོད་པའི་མཐུན་རྐྱེན་དུ་འགྱུར་རོ།
གླིང་ཚ་མ་བུས་གཏམ་རྒྱུད་བོད་ལ་བཞག་སོང་། །ཟམ་གདོང་བཀའ་ཁྲིས་ཁ་བཤད་ཡིན་པ་ཤེས་སོང་། །བཙན་བྱོལ་ཁྲོད་ཀྱི་ཁ་ཚིག་དོན་ལ་ཡོད་པ། །གླིང་ཚ་མ་བུ་མ་གཏོགས་མེད་པ་རེད་དམ།
ང་ཚོའི་ལུས་པོ་ཐག་རིང་ལ་གནས་ཀྱང་སེམས་པ་ཁྱེད་དང་མཉམ་དུ་ནམ་ཡང་མི་འབྲལ་བ་ཡོད།
ཁྱེད་ཀྱི་ཟིན་བྲིས་འདི་བཀླགས་སྐབས་ངའི་མིག་ནས་མིག་ཆུ་ཐེངས་གསུམ་ཤོར་སོང་།
ལོག་སྨྲ་ཚར་གཅོད་ལགས་མིག་ཆུ་ཐེངས་གསུམ་འཐོར་བ་འདི་ཁོང་མ་བུ་གསུམ་ལ་རེ་རེ་ཡིན་རྒྱུ་རེད། དེ་མིན་ན་མིག་ཆུ་གསུམ་ལས་ཉུང་བ་དང་ཡང་ན་མང་བ་འཐོར་ལོས་ཆོག གང་ལྟར་བོད་ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཅག་མ་བུ་གསུམ་བར་ཡུལ་ལ་སླེབས་དུས་གཟབ་གཟབ་བྱེད་རོགས།
བོད་མི་སྐྱིད་སྡུག་མཉམ་མྱོང་བྱེད། བོད་རྒྱལ་ལོ།
ངས་ཅི་ཡང་བཤད་མི་ཐུབ། ངས་ཅི་ཡང་བཤད་མི་ནུས། ངས་ཅི་ཡང་བཤད་མི་སྤོབས། ཁྱོད་དང་ཁྱོད་ཚོའི་གོམ་སྟབས་དང་བློ་གཤོག་གིས། ང་དང་ང་ཚོའི་མགྲིན་པ་དང་སྙིང་ཁམས་སྤར་འཛིན་བྱས་པས། ཁྱོད་དང་ཁྱོད་ཚོའི་མདུན་ན། ང་དང་ང་ཚོ་ལ་སྙིང་མེད་ལ་དབུགས་ཀྱང་མེད། དེ་བས། ངས་ཅི་ཡང་བཤད་མི་སྤོབས། མི་ནུས། མི་ཐུབ།
གླིང་ཚ་མ་སྨད་གསུམ་ལ་སེམས་གཏིང་ནས་བཀའ་དྲིན་ཙམ་ཞུ་རྒྱུ་ལས། གཞན་གང་ཡང་གླེང་རྒྱུའི་སྤོབས་པ་མི་འདུག
ཁྱེད་མ་བུ་གསུམ་གྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རིངས་དང་སེམས་སྟིང་ནས་ཐུགས་རྗེ་ཆེ་ཞུས་རྒྱུ་ཡིན།། གོང་གི་དྲ་གྲོགས་རྣམ་པས་གསུངས་པ་བཞིན་ལམ་བར་ནས་གཟབ་གཟབ་གནང་རོགས།། ལྷག་པར་དུ་བལ་ཡུལ་གྱི་ཉེས་རྟོགས་པ་ལ་གཟབ་གཟབ་དགོས།། བོད་རྒྱལ་ལོ།།
ཁ་དོན་མཐུན་ན་རྗེས་སུ་ཡིད་སྨོན་ཡོད