བསྟན་འཛིན་གྲགས་པ།
—————–
ཞིང་ཁ་དེ་ལ་ནས་བཏབ་ཡོད་ཅིང་ལོ་ཏོག་ཧ་ཅང་ལེགས། ཞིང་ཁ་དེ་གྲུ་བཞི་ནར་མོའི་དབྱིབས་ཅན་ཞིག་ཡིན་ལ། ཞིང་ཁའི་མཐའ་སྐོར་དུ་ཁྱིམ་མཚེས་ཀྱི་ཞིང་ཁ་གཞན་གྱིས་བཀང་ཡོད། ཞིང་ཁའི་གཡས་ཟུར་གྱི་ཐོད་ན་ཤུག་པའི་སྡོང་པོ་ཆེ་བ་གཅིག་དང་ཆུང་བ་བཞི་ཡོད། འོན་ཀྱང་སྡོང་པོ་དེ་དག་གི་ནི་ངའི་ཕའི་རིང་ལ་བཏབ་པ་ལས་མེས་པོའི་རིང་ལ་མེད་ཟེར། ངའི་ཕ་མས་བཤད་པ་ལྟར་ན། ངེད་ཀྱི་མི་རྒྱུད་འདིས་ཞིང་ཁ་འདི་བདག་གཉེར་བྱས་ནས་མི་ལོ་སྟོང་ཕྲག་མང་པོ་ཕྱིན་ཡོད་ཟེར། ངའི་བྱིས་པའི་མི་ཚེ་ཡང་ཞིང་ཁ་འདི་ལ་འབྲེལ་བ་ཡོད། སྟོན་གྱི་དུས་སུ་ཞིང་ཁ་ནས་བཙས་མ་རྔ་རོགས་བྱས་ཤིང་། དཔྱིད་ཀྱི་དུས་སུ་ལུད་འགྲེམས་རོགས་བྱས་མྱོང་། དབྱར་ཚ་བ་ཆེ་བའི་སྐབས་སུ་ང་ཤུག་སྡོང་གི་གྲིབ་བསིལ་དུ་བསྡད་ནས་འཁྱག་པ་མངར་མོའི་ཟས་རིགས་ལ་རོལ་མྱོང་།
ང་རང་ལོ་ན་བཅོ་ལྔ་སོན་པ་ནས་ཞིང་ཁ་འདི་འདེབས་ལས་ཀྱི་ལས་ཀའང་ངའི་ཕྲག་པར་ལྷུང་ཡོད། ངེད་ཀྱི་ཕ་རྒན་ནི་ཡར་ལོག་བྱས་ཏེ་དགོན་པར་བསྡད་ཅིང་ཆོས་ཉམས་ལེན་ཤ་སྟག་བྱེད། ཁོང་གིས་ཚེ་སྟོད་ལ་ཞིང་ཁ་འདེབས་ལས་དང་ཞིང་ཁའི་ཡུར་བ་གསར་བཅོས་སོགས་ལས་ཀ་ཧ་ཅང་མང་པོ་ཞིག་བྱས་པ་དེས་ཁོང་སེམས་གཏིང་ནས་འཇིག་རྟེན་འཁོར་བའི་ལས་ལ་ཡིད་ཆད་ཡོད། ངེད་ཀྱི་མ་རྒན་ནི་ད་ལྟ་ནད་ཀྱིས་མནར་ནས་ལས་ཀ་གང་ཡང་མི་ལྕོགས། སྲིང་མོ་གཉིས་ཡོད་པ་ལོ་ཆུང་དྲགས་སྟབས་རོགས་པར་མི་འོང་།
ངེད་ཀྱི་ཨ་ཁུའི་ཁྱིམ་ཚང་གིས་བཤད་པ་ལྟར་ན། ནས་ཞིང་འདི་འདེབས་རོགས་སོགས་ཀྱི་ལས་ཀ་ཁོང་ཚང་གིས་བྱེད་གསུངས། ངས་མི་ལ་རས་པའི་ཨ་ཁུའི་ནང་མིའི་བྱེད་སྟངས་དེ་དྲན་ནས་ད་སྔ་རོགས་རམ་གང་ཡང་ཞུས་མེད། སྔ་ལོར་ཚོང་པ་ཞིག་ལ་ལོ་གཅིག་ཞིང་ཁ་འདི་གཡར་བ་ཡིན། ཚོང་པས་ནས་ཀྱི་ཐོན་སྐྱེད་བཟང་པོ་བླངས། ང་ལ་ནས་ཁལ་ལྔ་སྤྲད་པ་མ་ཟད། ཁོང་གིས་ནས་ཁལ་བཅུ་ཙམ་ཁེ་བཟང་དུ་ཐོབ་འདུག ད་ལོར་གྲོང་གསེབ་པ་རྣམས་ཀྱིས་ངེད་ཀྱི་ཞིང་ཁ་ལ་ཐོན་སྐྱེད་ཡོད་པ་ཤེས་འདུག་པ་མ་ཟད། རྫོང་གི་གསར་ཤོག་སྟེང་ཡང་ཞིང་ཁའི་ཐོན་སྐྱེད་བཟང་པོ་བྱུང་བའི་གནས་ཚུལ་དེ་བཀོད་འདུག
སྐུ་ཞབས་ཝང་གི་ཁྱིམ་ཚང་ནི་སྨད་རྒྱ་ཞིག་ཡིན་པ་དང་། ཁོང་ང་ཚོའི་གྲོང་གསེབ་ཏུ་སྤོས་ནས་ལོ་ཉི་ཤུ་ལྷག་ཙམ་སོང་ཟིན། ཁོང་གིས་ཀྱང་ང་ལ་སྐད་བཏང་སྟེ་ཟས་སྟོན་ཞིག་བྱས་བྱུང་ལ། ཁོང་གིས་ད་ལོར་ནས་ཀྱི་ཐོན་སྐྱེད་ལ་ཁེ་བཟང་མེད་པ་དང་། གོ་སྐབས་བྱུང་ན་དེང་རབས་དང་མཐུན་པའི་ཚལ་འདེབས་ལས་བྱས་ན་ལེགས་པའི་བསམ་འཆར་བཤད་བྱུང་། ཚལ་འདེབས་ལས་ལ་ཞིང་ཁ་གཡར་ན་སྒོར་མོ་སྒོར་རྐྱང་གི་གཡར་གླ་སྤྲོད་རྒྱུ་ཡིན་པ་མ་ཟད། ཞིང་ཁའི་ཐོད་དུ་ཡོད་པའི་ཤིང་སྡོང་ལ་ཡང་དུས་དང་མཐུན་པའི་ཆུ་འདྲེན་རྒྱུ་ཡིན་ཟེར། ངས་མ་རྒན་མོ་ལ་གྲོས་ཤིག་བྱས་པ་ཡིན། རྒྱུ་མཚན་གཙོ་བོ་ནི་སྐུ་ཞབས་ཝང་འདི་གཞུང་གི་ལས་ཁུངས་ཁག་ལ་འབྲེལ་བ་ཆེ་སྟབས་ཁོ་མ་དགའ་བའི་ལས་ཀ་རིགས་བྱེད་རྒྱུ་དེ་ཉེན་ཁ་ཆེན་པོ་ཞིག་རེད།
ངས་ཞིང་ཁ་ཆུང་ཆུང་འདི་སྐུ་ཞབས་ཝང་ཚང་ལ་གཡོར་དང་མི་གཡོར་ད་དུང་ཐག་གཅོད་བྱེད་ཐུབ་མ་སོང་། ཞིང་ཁ་ཆུང་ཆུང་འདི་ལ་འཚང་ཁ་ཆེན་པོ་འདི་འདྲ་ཞིག་སླེབས་པ་ནི་ངའི་རླུང་རྟ་ཡིན་ནམ། ངའི་ཕ་མེས་ནས་བརྒྱུད་པའི་ཞིང་ཁ་ཆུང་ཆུང་འདིས་ངའི་མི་ཚེ་ནི་ལས་ཀ་གང་ཡང་མ་བྱས་པར་ལྟོ་རིན་ཡོང་སྲིད་པ་འདི་ངེས་པར་དུ་བསོད་ནམས་རེད། ད་ཞིང་ཁ་ཆུང་ཆུང་འདིའི་སྙན་པ་དེ་ཕྱིའི་རྒྱལ་ཁབ་དག་ནས་ཀྱང་ཐོས་ཏེ་ང་ལ་ཕྱི་རྒྱལ་གྱི་སྒོར་མོ་ཐོབ་སྲིད། ད་ནི་ཡུལ་ལྷ་གཞི་བདག་ལ་འཕྲིན་བཅོལ་རེ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་འདུག ངའི་རླུང་རྟ་དང་ཞིང་ཁའི་རླུང་རྟ་འདི་འདྲའི་རྒྱུགས་པ་ནི་ངའི་ཕ་མེས་ཀྱི་རིང་ལ་བྱུང་མྱོང་མེད།
ཁྱོད་ལ་ཁག་མི་འདུག། ཡིན་ན་ཡང་། མི་རབས་གོང་མ་ཚོས་འཇོན་ས་ན། བུ་ངན་ཁྱོས་མི་འཇོན་པ་ནི་ཡིད་སྐྱོ་དགོས་བ་ཞིག་ཡང་རེད། ད་དུང་། རྒྱ་ངན་རྒྱུད་ལག་ཅན་དེ་འདྲ་ལ་སྐྲག་ན། ཁྱོས་བོད་གངས་ཅན་པའི་ས་བདག་ཁྲག་རྒྱུད་ཅན་་པོར་ཅི་ཟེར། གཤིན་རྗེ་དཔོན་ལ་ཅི་སྟོན། སྐྲག་ས་ཞིག་ནས་ཐར་མ་ཐུབ་ན། སྐྱིད་ས་ཞིག་ལ་ཐོན་རྒྱུ་མེད་པ་ཁྱོས་ཤེས་ཨེ་ཡོད། རྒྱ་དངུལ་ཏ་ཡན་བོད་ལ་བབ་པའི་ལོ་རྒྱུས་གོ་ཨེ་ཡོད།
དྲང་མོར་བཤད་ན། ངས་ཁྱོད་ལ་རོགས་པ་ཡང་བྱེད་མི་ཐུབ་པས། སྤྲོ་མ་འཕར།