ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཨ་ཁུ་འབྲོག་པས་ལབ་པ།
ཀ་གཅིག་གུར་ནང་སྐྱིད་པ་ལ།།
ཁ་ཕྱོགས་ག་ལ་གྱུར་གྱུར་ཡོད།།
ག་རུ་འགྲོ་ནའང་ཁྱེར་ཆོག་ཡོད།།
ང་ལ་མ་གཏོགས་སུ་ལའང་མེད།།
ཇོ་ལགས་ཞིང་པས་ལན་བཏབ་པ།
ཅ་ག་ཅུག་གེ་བྱེད་ས་མེད།།
ཆར་རླུང་རྒྱབ་ན་ཆུ་མི་ཐུབ།།
ཇ་ཆང་ཞིམ་པོ་འབྲོག་པར་མེད།།
ཉ་རོ་བྱ་རོ་འཇོག་ས་རེད།།
ཨ་ཁུ་འབྲོག་པས་ལབ་པ།
ཏ་ར་བ་རའི་ཁང་ཁྱིམ་ནང་།།
ཐ་མ་སྲོག་དང་འབྲལ་ཉེན་ཆེ།།
ད་ནངས་མ་རྟོགས་མཐོང་མ་མྱོང་།།
ན་གཞོན་ལས་ལ་མ་བསྐོས་ཤོག །
ཇོ་ལགས་ཞིང་པས་ལན་བཏབ་པ།
པ་ཕ་གཅིག་ལས་ཉལ་ས་མེད།།
ཕ་མ་ནང་མི་སྡོད་ས་མེད།།
བ་ཕྱུགས་བཞིན་དུ་སྡེབ་ཉལ་བྱས།།
མ་རབས་འབྲོག་པའི་ལས་ལ་བལྟོས།།
ཨ་ཁུ་འབྲོག་པས་ལབ་པ།།
རྩ་ཞིང་འདེབས་ལས་ཞིང་པས་བྱས།།
ཚ་མེད་རི་རྩ་ཞིང་པས་ཟ།།
ཛ་ཏི་རླུང་སྨན་ཞིང་པས་ཟ།།
ཝ་ཞ་ཁ་གསར་མཐོང་མྱོང་མེད།།
ཇོ་ལགས་ཞིང་པས་ལན་བཏབ་པ།
ཞྭ་མོ་འཐོམ་ཞྭ་འབྲོག་པས་གྱོན།།
ཟ་དུག་རི་སྐྱེས་འབྲོག་པས་ཟ།།
འ་འུར་རྫུན་གཏམ་འབྲོག་པས་རྒྱག །
ཡ་རབས་སྤྱོད་པ་འབྲོག་པར་མེད།།
ཨ་ཁུ་འབྲོག་པས་ལབ་པ།
ར་ལུག་ཞིང་ཤོར་ཞིང་པ་ངུ་།།
ལ་ལུང་སྒུག་ནས་འབྲོག་པ་བཅོམ།།
ཤ་མར་ཐུད་ཀྱི་ཟ་སྐལ་མེད།།
ས་རྡོ་བརྐོས་ནས་རྩ་ཞིང་འདེབས།།
ར་ལུག་གསོ་སྐྱོང་འབྲོག་པས་བྱས།།
ལ་ལུང་བགྲོད་ནས་རྩ་ཆུ་སྦྱིན།།
ཤ་མར་ཐུད་ཀྱི་འཚོ་བ་ངོམས།།
ས་ཆ་གང་འགྲོ་གར་སྡོད་ཡིན།།
ཧ་ཧ་ཇོ་ལགས་ཞིང་པ་ལགས།།
ཨ་ཁུ་འབྲོག་པ་སྣང་བ་སྐྱིད།།
སྣ་བ་སྐྱིད་པའི་གླུ་ཞིག་ལེན།།
རི་རྐང་རུས་འདྲ་བའི་འོག་རོལ་ན།།
ཁ་རང་གྲགས་ཕུག་པའི་གཞལ་ཡས་ནང་།།
ལྷ་ནོར་སྲུང་མཉེས་པའི་དམ་རྫས་ཡོད།།
དེ་འདོན་པའི་སྐལ་པ་ཞིང་པར་བབས།།
ཇོ་ལགས་ཞིང་པས་ལན་བཏབ་པ།
རི་རྐང་རུས་འདྲ་བ་ཀུན་ལ་ཡོད།།
ཁ་རང་གྲགས་ཕུག་པ་ཀུན་ལ་ཡོད།།
ལྷ་ནོར་སྲུང་མཉེས་པའི་དམ་རྫས་དེ།།
དེ་འདོན་པའི་སྐལ་པ་འབྲོག་པར་འདུག།
འབྲོག་པ་འབྲོག་མོ་མེད་ན།
མར་ཐུད་སུ་ཡིས་བཟོས་ཡོང་།
ཞིང་པ་ཕོ་མོ་མེད་ན།
ནས་འབྲུ་རྩམ་པ་མེད་ངེས།
འབྲོག་པ་འབྲོག་མོ་་མེད་ན་།
ཤ་མར་ཐུད་གསུམ་གང་ནས་ཉོ་།
ཞིང་པ་ཕོ་མོ་མེད་ན་།
ནས་འབྲུ་རྩམ་པ་གང་ནས་ཉོ་།
ཞིང་པ་འབྲོག་པ་སྐུ་ཚེ་བརྟན་པ་་ཤོག་་་་་་་་་་་་་་་་ ཤོག་་་་་་་་ །