གཞུང་པ་ཚེ་དབང་བསོད་ནམས།
སྤྱི་ལོ་ ༡༩༥༩ ལོར་བོད་ལ་རྒྱ་མིའི་བཙན་འཛུལ་གྱིས་༧གོང་ས་མཆོག་གི་ཕེབས་རྗེས་སུ་ང་ཚོ་མི་ཡུལ་དུ་འབྱོར་ནས་གནས་སྐབས་འཚོ་རྟེན་ཆེད་གནས་ཡུལ་ལུང་པའི་ལམ་བཟོའི་སྒྲིག་འཛུགས་ནང་འཛུལ་ནས་རྒྱ་གར་བྱང་ཤར་ཀ་རྡོར་གང་གསུམ་ཁུལ་དང་ཧི་མ་ཅལ་ཀུ་ལུ་མ་ན་ལི་དང་ཅམ་པ་སོགས་ལ་ལམ་ལས་རྒྱུགས་ནས་ཉིན་ལྟོ་ཉིན་ཚོལ་གྱིས་དུས་སྐབས་སུ་༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་དང་ལྷན་བཀའ་བསྡུར་གནང་ནས་བོད་མིའི་སོ་ནམ་གཞིས་ཆགས་དང་། བཟོ་གཞིས། སློབ་གྲ་དང་། ཆོས་སྒར། རྒན་གསོ་ཁང་སོགས་བོད་མི་བཙན་བྱོལ་བ་རྣམས་སོ་སོའི་ཕ་མེས་ནས་དར་བའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཐུབ་པའི་ཆེད་བོད་མི་ཁེ་གཙང་གི་སྒྲིག་འཛུགས་རྒྱ་གར་ལུང་པའི་ནང་བོད་རང་བཙན་མ་ཐོབ་བར་འཚོ་གནས་ཐུབ་པའི་ཆ་རྐྱེན་བཟང་པོ་བསྐྲུན་ནས་གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་ས་ཞིང་འདེབས་ལས་དང་བ་ཕྱུགས་གསོ་སྐྱོང་ཞོར་ལ་ཚོང་རྩག་རྩིག་སོགས་ལ་འཚོ་བ་གཉེར་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་བརྒྱུད་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ལ་འགན་འཁུར་བཞིན་པ་ནས་ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོས་ཀྱིས་བཙན་བྱོལ་སྒྲིག་འཛུགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཁ་ཕྱོགས་ལ་དོ་ཕོག་ཆེན་པོ་ཐེབས་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ན་གཞོན་མང་པོ་ལོ་ལྟར་ནུབ་ཕྱོགས་ལུང་པའི་ནང་འགྲོ་སོང་ཆེན་པོ་བཏང་ནས་འགྲོ་བཞིན་པ་ནས་གཞིས་ཆགས་ཁག་ནང་ལོ་རྒན་པ་ཚོ་ཞིང་ལས་དང་བ་ཕྱུགས་བདག་ཉར་ཐུབ་པའི་ནུས་པ་མེད་པ་ནས་དེང་སྐབས་ཞིང་ས་སྟོང་པ་བཞག་མཁན་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་དང་། ས་ཞིང་འདེབས་ལས་བྱ་མཁན་ཚོ་ཡང་གཡས་གཡོན་ཞིང་རོགས་ཀྱིས་ཞིང་ས་སྟོང་པ་བཞག་ནས་རི་ཕག་དང་རི་གི་གླང་ཆེན་སྲུང་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། ཞིང་ས་སྟོང་པར་བཞག་པ་འདིས་ཡུལ་མིའི་མིག་ལ་མི་མཛེས་པ་སོགས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པར་ཕན་གནོད་ག་འདྲ་ཡོང་གི་ཡོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་ལྷན་ཁང་ཁག་ས་གནས་གཞིས་འགོ་རྣམ་པ་དང་གཞིས་ཆགས་མི་མང་བཅས་ཚང་མས་དུས་ཐོག་ཐུགས་ཞིབ་ཆེ་ཙམ་གནང་མ་ཐུབ་ཚེ་རི་ལུག་པ་ཐག་པས་མི་བསྡོམས་ཟེར་བའི་དཔེ་ལྟར་ཆགས་མི་སྲིད་པ་མིན་པ་དང་། ལྷག་པར་དུ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ཆེད་ཁྱིམ་ཚང་སོ་སོའི་ཞིང་ས་བདག་ཉར་བེད་སྤྱོད་ཐོག་མའི་དམིགས་ཡུལ་ལྟར་འགྲོ་ཐུབ་པའི་ཆེད་ས་ཁང་གི་སྒྲིག་གཞི་ལ་བསྐྱར་བཅོས་དུས་ཐོག་གནང་མ་ཐུབ་ཚེ་ཞིང་ས་སྟོང་པ་བཞག་ནས་གཞིས་ཆགས་བསྲ་བརྟན་དང་རྒྱུན་གནས་ཟེར་བའི་ཐ་སྙད་དེ་ཕྱི་མཛེས་ནང་རུལ་དུ་མི་ལྷག་པའི་ངེས་པ་མེད་ན་འགན་ཡོད་ཚང་མས་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་དུས་ལ་བབས་མི་འདུག་གམ།