ཐོས་དགའ་རྒྱལ་མོ།
༄༅། །དཔལ་ལྡན་༸མི་རྗེ་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཞབས་དྲུང་དུ།
གུས་པ་ཆེན་པོས་ཞུ་གསོལ། ཁ་སང་དཔལ་ལྡན་བཀའ་ཤག་གིས་དུས་འཁོར་དབང་ཆེན་ལོ་གཅིག་རིང་ཕྱིར་འགྱང་གནང་བའི་སྐོར་དང་། སྐུ་དོན་གཅོད་རྣམ་པའི་མཚན་གནས་སྐོར་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་གླེང་ལ་ཐེར་འདོན་གནང་འདུག་པར་ཚད་མཐོའི་ཡི་རང་བསྔགས་བརྗོད་ཞུ་བ་ལགས།
ཡིན་ནའང་། དཔལ་ལྡན་བཀའ་ཤག་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་གསལ་བསྒྲགས་བསྐྱངས་པ་དང་། སྔ་ལོ་ཕྱི་ཟླ་ ༩ པའི་གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་དྲི་བ་བཀོད་པ། ཁ་སང་གི་གསལ་བཤད་བཅས་སྔ་རྗེས་མི་མཐུན་པ་བྱུང་འདུག་པ་དང་། ལྷག་དོན་སྤྱི་འཐུས་ཚོགས་གཙོས་གནད་ཆེའི་སྐྱོན་འཛུགས་སྐོར་ལ་གསལ་བཤད་གང་ཡང་མཛད་མི་འདུག
མང་ཚོགས་ནང་དཀྲོགས་རྐྱེན་ཐེབས་གཞི་གཙོ་བོ་ཞིག་ནི། སྤྱི་འཐུས་ཚོགས་གཙོས་གསུངས་པ་ལྟར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགོངས་ཚོམ་བྱུང་སྟེ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་ཡོད་མེད་དེ་ཡིན་པས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་དངོས་དོན་གསལ་བཤད་མཐིལ་ཕྱིན་པ་ཞིག་གནང་རྒྱུའི་གསོལ་འདེབས་ཞུ་རྒྱུ་དང་། སྤྱི་འཐུས་ཚོགས་གཙོས་གསུངས་པ་ལྟར་ན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་འཁོར་དབང་ཆེན་ཕྱིར་འགྱངས་ཀྱི་བརྒྱུད་རིམ་ངོ་མ་ཚོགས་གཙོ་ལ་སྦས་གསང་གནང་ཡོད་པ་དང་། ༸གོང་ས་མཆོག་དགོངས་ཚོམ་ཡོང་གཞི་བཀའ་ཤག་གིས་ཚོགས་པ་ཞིག་ལ་སྦྱིན་བདག་གི་གོ་སྐབས་སྤྲོད་མིན་དབང་གིས་བྱུང་ལུགས་བརྗོད་འདུག་པ་ལའང་ངེས་པར་དུ་ཐེར་འདོན་དུས་ལས་མ་ཡོལ་བ་གནང་སྐྱབས་ཡོང་བ་ཞུ།
དཔལ་ལྡན་བཀའ་ཤག་གི་གསལ་བཤད་ནང་སྐུ་ཚབ་རྣམ་པའི་མཚན་གནས་ཕྱིར་བསྡུ་གནང་རྒྱུའི་སྐོར་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མང་ཚོགས་དང་སྒྲིག་འཛུགས་ལ་འགན་ཁུར་མ་གནང་བར་ཕྱིར་བསྒྲགས་གནང་ལུགས་བཀོད་འདུག་ནའང་། ཚོགས་གཙོ་མཆོག་གིས་སྤྱི་འཐུས་རྒྱུན་ལས་ནས་དགའ་ལྡན་ཕོ་བྲང་ལ་བཀའ་འདྲི་ཞུས་པའི་བཀའ་ལན་ཇི་བཞིན་གསུངས་པ་ཞིག་ཡིན་སྐོར་གསུངས་འདུག་ལ། དོན་དངོས་སུ་སླད་ཕྱིན་༸གོང་ས་མཆོག་བྱང་ཨ་རི་དང་ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་མཛད་སྐབས་དོན་གཅོད་ཁང་བརྒྱུད་མ་དགོས་པར་དགའ་ལྡན་ཕོ་བྲང་རང་ནས་གོ་སྒྲིག་རྐང་འགན་བཞེས་རྒྱུ་དང་། དེ་ཡང་བྱང་ཨ་རིར་མི་འགྲོ་བསྐོ་འཛུགས་གནང་ཟིན་པ་དང་། ཡུ་རོབ་ཁུལ་དུ་བསྐོ་གཏན་ཁེལ་བའི་སྐོར་གངས་སྐྱིད་ཁུལ་དུ་སྔ་ལོ་ནས་གླེང་གྲགས་ཡོང་བཞིན་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་མཆོག་ནས་དེའི་སྐོར་བཀའ་ཤག་ལ་ཉེ་སྔོན་ཙམ་བར་སྙན་གསན་ཞུ་གནང་མཛད་མེད་སྐོར་དང་། སྤྱི་འཐུས་ཚོགས་གཙོ་བགྲེལ་གཞོན་ལ་གསུང་མོལ་མ་གནང་བ་ལ་བརྟེན་ནས་གླེང་རྙོག་བྱུང་སྐོར་གླེང་གྲགས་འགྲོ་བཞིན་འདུག་ན། གནད་དོན་འདི་གང་མྱུར་གསལ་པོ་བཟོ་གལ་གཞེན་སྐུལ་ཞུ་རྒྱུ།
དཔལ་ལྡན་བཀའ་ཤག་གི་དངོས་དོན་གསལ་བཤད་འདིའི་སྐོར་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཚན་རྟགས་བསྐྱོན་མེད་པ་དང་། གསལ་བཤད་སྒྲོག་སྦྱངས་བྱེད་མཁན་ལས་བྱེད་དྲུང་ཆེ་གསུམ་ཆེད་གཏོང་གནང་བའི་སྐོར་ལ་ལས་བྱེད་ནང་ཁུལ་དུ་བཤད་ཡམས་སྣ་ཚོགས་ཤིག་འགྲོ་བཞིན་འདུག་པས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་ལྟར་གནང་བའི་དགོས་པ་རྒྱུ་མཚན་རྣམས་ལས་བྱེད་ཚོར་གསལ་བཤད་མཛད་ཐུབ་པ་བྱུང་ན་དགེ་མཚན་ཆེ་བ་ཡོང་ངེས་ཞུ་རྒྱུ།
ཞོར་དུ། བཀའ་ཤག་གི་གནད་ཆེའི་གསང་གནས་ཁག་མང་བཀའ་དྲུང་ཡིག་ཚང་ནས་ཕྱིར་གྱར་འགྲོ་བཞིན་པའི་སྐོར་གྲགས་ཆེ་བས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྒྲིག་འཛུགས་ཀྱི་འགྲོ་སྟངས་གཞིར་བཟུང་བཀའ་དྲུང་ཡིག་ཚང་གི་ལས་བྱེད་ལ་བཀོད་བྱུས་སྟངས་འཛིན་ནན་པོ་ངེས་གནང་ཡོང་བའི་གསོལ་འདེབས་ཞུ་རྒྱུ།
ཁ་སང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་ནས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་མཛད་པ་བརྙན་འཕྲིན་ལས་མཇལ་བས། རང་ཅག་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་དགའ་སྤྲོའི་ཚོར་བ་བརྗོད་མེད་བྱུང་ཡོད་པ་སྨོས་མ་དགོས་ཤིང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་གནང་བའི་དཔལ་ལྡན་བཀའ་ཤག་ནས་ཞབས་རིམ་སྨིན་སྒྲུབ་ཀྱི་སྲི་ཞུ་འབད་སྒྲུབ་གནང་བཞིན་པ་འདིའང་༸རྒྱལ་བའི་སྐུ་དཀྱིལ་མགྱོགས་ནས་མྱུར་དུ་གསལ་དྭངས་ལ་ཕན་བསྐྱེད་བླ་མེད་འབྱུང་ངེས་ཞུ་རྒྱུ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་སྐུ་མཛད་ཡར་ལྡན་འབྱུང་བའི་རེ་སྨོན་བཅས་གཤམ་འཁོད་ལས་བྱེད་ཐུན་མོང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༦ ལ་གུས་ཕུལ། །
སྲིད་སྐྱོང་ལ་གནོང་འགྱོད་ཡོད་ཙང་གསལ་བཤད་བྱེད་རྒྱུ་ཕར་ཞོག་ཕྱི་ལ་ཡང་དོན་ཐུབ་ཀྱིས་མིན་འདུག།།
ཧཧཧཧཧཧ་་་་་་་སྲིད་སྐྱོང་ཕྱིར་ཕེབས་པ་མ་ཚད་བོད་མིའི་ལྷ་ཡུལ་ལྟ་བུའི་ཨ་རིའི་ནང་ལ་འབྱོར་མི་འདུག་གམ། ལྟོས་དང་ད་མངོན་སུམ་ལ་སྙོན་གདིང་གི་འདུག་གདའ།
སྲེད་སྐྱོ་ཨ་རི་ལ་ཕེབ་ཀྱང་དུས་དབང་སྐོར་ལ་དྲེ་བ་དྲེ་ལན་སོགས་གང་ཡང་མི་འདུག་
སྲིད་སྐྱོང་བློ་སེང་གིས་ཚད་ལས་འདས་པའི་ཧམ་བཤད་གང་མང་སྤེལ་བཞིན་འདུག ད་ཡིན་ན་བློ་སེང་ནི་ཤོག་བུའི་སེང་གེར་གྱུར་སོང་།
ཁྱེད་རང་ཚོའི་བྱེད་སྟངས་དེས་སྲིད་སྐྱོང་དང་ཚོགས་གཙོ་རྣམ་པ་གཉིས་ཀྱི་རྒྱུན་ལྡན་གྱི་འབྲེལ་ལམ་བཟང་པོ་དག་ལ་དོ་ཕོག་གཏོང་བྱེད་ཙམ་ལས་གཞན་ལེགས་འབྲས་ཏིལ་ཙམ་ཞིག་མི་འཐོན་པར་གོ་ཐག་ཆོད་གདའ། དམིགས་ཡུལ་དེ་ག་རང་ཡིན་ན་ནི་གང་ཡང་ལབ་རྒྱུ་མེད། གལ་ཏེ་བོད་མི་རིགས་ཀྱི་བདེན་ཁོ་ནར་སེམས་བཞིན་ཡོད་ན་ནི་བྱེད་ཐབས་རྦད་དེ་ནོར་བ་རེད་ཞུ་རྒྱུ་ཡིན་ནོ།།