དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པའི་ཉིན་བཞི་པ་སྟེ་ཕྱི་ཚེས ༡༥ ་ཉིན། བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སྤྱི་ཟུར་དངས་ཤར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ད་བར་བོད་བསྟན་སྲིད་ཆེད་ལྷག་བསམ་བློས་གཏོང་གཡོ་མེད་ཀྱིས་སྲི་ཞུ་སྒྲུབ་པར་༼ ཞུམ་མེད་ལྷག་བློའི་གཟེངས་བསྟོད་༽ཞེས་པ་ཞིག་ཕུལ་འདུག་ལ། གཟེངས་རྟགས་དེའི་ནང་དོན་གཤམ་འཁོད་ལྟར་ཡིན།
༄༅།། སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོ་ལགས་ནི་སྟོད་དིང་རི་དྭངས་ཤར་ཕ་ལྷག་པ་ཚེ་རིང་མཆོག་དང། མ་ཚེ་རིང་སྒྲོལ་མ་རྣམ་གཉིས་ཀྱི་རིགས་སྲས་སུ་ཕྱི་ལོ ༡༩༣༧ ལོར་འཁྲུངས། རང་ལོ ༡༣ ནས་ནང་མིའི་འགན་བླངས་ཏེ་ཚོང་ལས་གཉེར་བ་དང། ཕྱི་ལོ ༡༩༥༩ ལོར་རྒྱ་དམར་གྱིས་བོད་བཙན་ཟོས་བྱས་རྗེས་ལོ་དེའི་ཟླ ༤ པར་བལ་ས་ཤར་ཁུམ་དུ་བྲོས་བྱོལ་དུ་ཕེབས། ༡༩༦༠ ལོར་ཤར་ཁུམ་ཤོད་རོང་དུ་འཐུས་མིའི་ལས་འགན་ལོ་གཅིག་དང། ༡༩༦༡ ནས་རྡོར་གླིང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འཁུར་ལོ་བདུན། ༡༩༦༣ ལོར་རྡ་སར་འབྱོར་རྗེས་རྡ་ས་རང་བདེན་ཚོགས་ཆུང་གི་ཚོགས་མི་དང་དངུལ་གཉེར་ལོ་བརྒྱད། རྡ་ས་སྟོད་སྐྱིད་ཀྱི་ཚོགས་གཞོིན་དང་ཚོགས་གཙོའི་ལས་འཁུར་ལོ་དགུ། གངས་ཅན་ཆིག་སྒྲིལ་ཚོགས་པའི་དབུས་རྒྱུན་དྲུང་ཆེ་དང་རྒྱུན་ལས་ལོ་བཅུ། དབུས་གཙང་ཆོལ་ཁའི་དབུས་རྒྱུན་དང་དངུལ་གཉེར། ཚོགས་གཙོ་བཅས་ཀྱི་ལས་འཁུར་ལོ་བཅོ་བརྒྱད་བཅས་གནང། དབུས་ཚོགས་པ་བརྒྱད་ཐུན་མོང་གི་ཞི་བའི་གོམ་བགྲོད་ཐེངས་གཉིས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གནང། ༡༩༩༦ ལོར་དབུས་གཙང་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས ༡༢ པའི་སྤྱི་འཐུས་སུ་བདམས། རྡ་ས་ས་གནས་འཐུས་མིའི་ཚོགས་འདུ་སྐབས་བཞི་པའི་ཚོགས་གཙོའི་ལས་འཁུར་ལོ་གསུམ་ཞུས་པ་སོགས་ཁོང་ནི་སྐུ་ཚེ་ཧྲིལ་བོ་བོད་བསྟན་སྲིད་མི་རིགས་ཆེད་ཡོངས་སུ་གཏོང་མཁན་ཞིག་དང། རང་གཞུང་གཙོས་བོད་ཀྱི་གཞོན་ནུ་ལྷན་ཚོགས། དབུས་གཙང་ཆོལ་ཁ་སོགས་གཞུང་སྒེར་ཚང་མར་དཔལ་འབྱོར་ཕོན་ཆེས་རོགས་འདེགས་རླབས་ཆེན་གནང་མཁན་ཞིག་རེད། ལྷག་དོན་༢༠༠༨ ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཚུགས་པ་ནས་སྲིད་བྱུས་དེ་ལ་རྒྱུ་མཚན་ལྡན་པ་དང་ངེས་ཤེས་རྙེད་པའི་ཐོག་ནས་རྒྱབ་སྐྱོར་དང་ལས་འགུལ་ཁང་གི་ཚོགས་གཞོན་གྱི་འགན་བཞེས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གོ་རྟོགས་སྤེལ་བ་དང་ས་གནས་ཁག་ཏུ་འབྲེལ་མཐུད་པ་ཆེད་འཛུགས་ཆེད་ཧིན་སྒོར་ ༣༠༠༠ རེ་གནང། ད་ལྟ་དགུང་གྲངས་ ༧༦ དུ་སླེབས་ནའང་ལས་འགུལ་ཁང་གི་བྱེད་སྒོའི་ཐད་ལས་དོན་ཆེ་ཕྲ་ཅི་ཞིག་གནང་རྒྱུར་སྐུ་ངལ་འཛེམ་མེད་གནང་བ་སོགས་མདོར་ན་ད་བར་མི་རྒྱུ་གཉིས་ཀྱི་འགྲོ་སོང་ཕངས་མེད་དུ་སྩལ་བ་སོགས་ནི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་བྱུང་རབས་ཀྱི་ས་བོན་དང་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་དང། ཁོང་ཉིད་ཆེད་ཕེབས་ཀྱིས་ལམ་སྟོན་དང་མ་དངུལ་གནང་སྟེ་གསར་འཛུགས་གནང་བའི་ས་གནས་ཁག་ཉི་ཤུ་ལྷག་ཙམ་གྱིས་གྲུབ་པའི་འདི་ག་ལས་འགུལ་ཁང་ལ་བཀའ་དྲིན་ཅན་གཞལ་དུ་མེད་པས། དེ་རིང་བཀའ་དྲིན་མཚོན་བྱེད་དུ༼ ཞུམ་མེད་ལྷག་བློའི་གཟེངས་བསྟོད།༽ཞེས་པ་འདི་ཕུལ་སྟེ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་དྭངས་ཤར་ཡོན་ཏན་རྒྱ་མཚོ་མཆོག་གི་ལྷག་བསམ་དང་གཏོང་ཕོད་ལ་རྗེས་སུ་ཡི་རངས་མོས་གུས་ཞུ་རྒྱུ་དང། སྐུ་ཚེ་བརྟན་ཅིང་བོད་བསྟན་སྲིད་ཆེད་སྔར་ལྷག་མཛད་འཕྲིན་སྐྱོང་བའི་གསལ་འདེབས་དང་ནང་མི་ཉེ་འབྲེལ་ལྟོས་བཅས་རྣམས་ནད་མེད་ཚེ་རིང་སྲིད་ཞིའི་ཕུན་ཚོགས་རྒྱས་ཏེ་བོད་ཀྱི་རྩ་དོན་ཆེད་ཆོས་སྲིད་གཉིས་ཀྱི་གྲུབ་འབྲས་འབད་མེད་འཇོ་བའི་སྨོན་འདུན་ཤུགས་དྲག་བཅས། །
དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས། ༢༠༡༢། ༤། ༡༥ ། ཉིན།
དབུ་མའི་ལམ་ལ་མི་ཁོ་མ་གཏོགས་མེད་སོང་ཟིག
དབུ་མའི་ལམ་གྱི་མཐར་ཐུག་་དགོས་དོན་གྱི་སྙིང་པོ།
རྒྱ་ལ་དགོས་རྒྱུ་བོད་ཀྱི་བདག་དབང་དེ་ཡིན་ལ།
བོད་ལ་དགོས་པ་རང་སྲིད་རང་སྐྱོང་གི་ཐོབ་སྟངས།
གཉིས་ཀར་དགོས་པ་ཐོབ་པའི་གཉིས་ཕན་གྱི་ལམ་བཟང་།
རྒྱ་ལྕོག་གྲུ་བཞི་སྟེང་དུ་སྐུ་ཚབ་དང་སྐུ་ཚབ།
མཛུ་མོ་གནམ་དུ་བསྒྲེངས་ཏེ་བགྲོ་གླེང་རེ་གནང་ཡང་།
གཤིན་འདྲེ་རྒྱ་མི་དམར་པོའི་གཡོ་བྱུས་ཀྱི་འོག་ནས།
བོད་ལ་བདེན་ཁ་ཐོབ་པའི་རེ་བ་ནི་ཨེ་ཡོད།
ཐུབ་པས་གདུལ་བྱ་རྣམ་བཞིར་གྲུབ་མཐའ་བཞི་གསུངས་ཀྱང་།
མཐར་ཐུག་མཐའ་གཉིས་སྤངས་པ་དབུ་མ་ཡི་ལམ་བཟང་།
བོད་མི་ས་ཡ་དྲུག་གི་འདོད་དོན་གྱི་སྙིང་པོ།
རང་བཙན་གཙང་མ་གསུངས་པའི་དུས་ར་རང་བབས་སོང་།
རྒན་རྒོན་འདི་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་ང་ཚོ་སོ་སོའི་དངོས་མིང་ཙམ་འབྲི་རྒྱུའི་བློ་ཁོག་དང་མི་གཤིས་མེད་པའི་མཆན་བུ་བ་ཚོས་འགྲན་ཐུབ་ཀྱི་མ་རེད། རྗེས་སུ་ཡི་རང་ཡོད། འདི་ཕྱི་གཉིས་བདེའི་སྨོན་འདུན་ཡོད།