དཔལ་དགྱེས་པ་རྡོ་རྗེ།
ན་མཿཤྲཱི་དྷརྨཱ་ར་ཛཱ་ཡ།
དཔལ་ཀུན་ཏུ་བཟང་པོ་གཉུག་མའི་དབྱིངས།།
ཆོས་ཤེས་བྱའི་དབང་ཕྱུག་ལྷུན་གྲུབ་རྩལ།།
དོན་རིག་པའི་ཡེ་ཤེས་ཧེ་རུ་ཀ།
རྗེ་མཁས་གྲུབ་རྒྱལ་པོ་ཡང་ཡང་དྲན།།
མགོན་རྒྱལ་ཀུན་བརྩེ་ཆེན་ཡེ་ཤེས་སྐུ།།
གཞི་གཅིག་བསྡུས་གངས་རིའི་མཁས་གྲུབ་རྗེ།།
ལམ་རྫོགས་ཆེན་སྟོན་པའི་བླ་མ་མཆོག།
སྨིན་གྲོལ་བའི་དེད་དཔོན་ཡང་ཡང་དྲན།།
མ་ཁམས་གསུམ་འདྲེན་པའི་གཙུག་གི་རྒྱན།།
ལྷོ་འཛམ་བུ་གླིང་གི་ནོར་བུ་མཆོག།
ཡིད་གང་བསམ་སྒྲུབ་པའི་དཔག་བསམ་ཤིང་།།
ཡབ་ཞེ་ཆེན་རྒྱལ་ཚབ་ཡང་ཡང་དྲན།།
སྐུ་མཚན་དཔེའི་ལང་ཚོ་ལྷང་ངེ་དྲན།།
གསུང་སྙན་པའི་གདམས་ངན་ལྷན་ནེ་དྲན།།
ཐུགས་མཁྱེན་བརྩེའི་མངའ་བདག་ལྷམ་མེར་དྲན།།
ཕ་ཨུ་དུམ་ཝཱ་ར་ཡང་ཡང་དྲན།།
སེམས་རིག་པའི་རྒྱལ་པོ་བླ་མ་དྲན།།
བློ་ཤེས་རབ་ཕར་ཕྱིན་ཡིད་དམ་དྲན།།
ཡིད་རིག་མའི་རང་རྩལ་མཁའ་འགྲོ་དྲན།།
དོན་ཆོས་སྐྱོང་ཀུན་འདུས་ཡང་ཡང་དྲན།།
དཔལ་གདོད་མའི་མགོན་པོ་ཀུན་བཟང་ནས།།
གཟུངས་སྤོབས་པའི་བརྒྱུད་གསུམ་བླ་མ་ལ།།
དབྱངས་མགྲིན་པའི་ལམ་ནས་དྲན་གླུ་ལེན།།
ཐུགས་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས།།
བཀའ་ཟབ་གཏེར་གདམས་པའི་ཆོས་འཁོར་བསྐོར།།
བཤད་སྒྲུབ་པའི་བསྟན་པའི་རྒྱལ་མཚན་བསྒྲེངས།།
བསྟན་འགྲོ་བར་ཕན་བདེ་ལྷུན་གྱིས་གྲུབ།།
ཞིང་དག་པས་འཁོར་འདས་མཛེས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་སྣྲོན་ཟླའི་རྒྱལ་བ་གསུམ་པར་རྒྱལ་བ་ཞེ་ཆེན་རྒྱལ་ཚབ་ཀྱི་བྱམས་སྐྱོང་ལྷག་པར་དྲན་པའི་ཚོར་སྣང་དང་མཁན་པོ་འོད་གསལ་མཐའ་ཡས་ཀྱི་གསུང་སྐུལ་བཞིན་གང་ཤར་སྙིང་ནས་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་རི་ཁྲོད་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་གསོལ་བར་འདེབས་པར་དགེའོ།། །།