ལུང་རྟོགས།
——བེ་རོའི་ཞེ་བློ་བདེ་བའི་མགུར་ལ་བལྟས་རྗེས།
དམ་པའི་ཆོས་ལ་དད་དམ་གཙང་བ་འདི།།
སློབ་མ་བཟང་པོས་བླ་མ་རྟེན་པ་འདྲ།།
ཡིད་ཆེས་དམ་པའི་ཆོས་ལ་བཅོལ་བ་ང་།།
རྨོངས་དད་གླེན་གོག་ཟེར་ཡང་ཞེ་བློ་བདེ།།
བྱང་ཆུབ་མཆོག་ཏུ་སེམས་མཆོག་སྐྱེད་པ་འདི།།
དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་འདྲ།།
སེམས་སྐྱེད་དོན་ལ་གཅིག་ཏུ་གུས་པ་ང་།།
ཤི་ནས་དུར་ཁུང་འགྲིམ་ཡང་ཞེ་བློ་བདེ།།
གཞན་ལ་ཕན་འདོད་བསམ་པ་བཟང་པོ་འདི།།
དྲི་མེད་དངུལ་དཀར་མེ་ལོང་ཕྱིས་པ་འདྲ།།
ཅི་ནུས་སེམས་ཅན་དོན་ལ་བརྩོན་པ་ང་།།
ནུས་མེད་ཉམ་ཆུང་ཟེར་ཡང་ཞེ་བློ་བདེ།།
ལྷག་བསམ་དཀར་པོ་ཕྱོགས་མེད་བྱེད་པ་འདི།།
སྟོན་གྱི་མཁའ་ལ་ཟླ་བ་ཤར་བ་འདྲ།།
མཐོ་དམན་ཀུན་ལ་བསམ་པ་དཀར་བ་ང་།།
མི་རྗེས་མ་ཟིན་ཟེར་ཡང་ཞེ་བློ་བདེ།།
རང་གི་རིགས་ལ་ལ་རྒྱ་བཅང་བ་འདི།།
ཞུམ་མེད་དཔའ་བོས་ཁ་ཕོ་སྡམ་པ་འདྲ།།
རྟག་ཏུ་རང་རིགས་དོན་ལ་བརྩོན་པ་ང་།།
ཆབ་སྲིད་མགོ་བདེ་ཟེར་ཡང་ཞེ་བློ་བདེ།།
རང་གི་སྐད་ཡིག་ཐོད་དུ་བཀུར་བ་འདི།།
བུ་ཕྲུག་བཟང་པོས་ཕ་མ་བཀུར་བ་འདྲ།།
ཕ་མེས་ཡི་གེར་ཤི་འཐམ་བྱེད་མཁན་ང་།།
གཞན་ཡིག་མ་ཤེས་ཟེར་ཡང་ཞེ་བློ་བདེ།།
བྱ་བཞག་གང་ལ་དྲང་བདེན་སྐྱོང་བ་འདི།།
མདའ་པ་མཁས་པས་མདའ་སྨྱུག་བསྲང་བ་འདྲ།།
དྲང་བདེན་ཆེད་དུ་ཚེ་སྲོག་གཏོང་ནུས་ང་།།
དྲན་འཕྲུལ་མི་འདུག་ཟེར་ཡང་ཞེ་བློ་བདེ།།
རང་ཚུགས་བརྟན་པོས་རང་གཤིས་སྲུང་བ་འདི།།
འགྱུར་མེད་བྲག་ལ་ཡི་གེ་རྐོས་པ་འདྲ།།
མཐོ་ལ་ངོ་དགའ་སྤྲེལ་ལད་མི་ཤེས་ང་།།
མི་ངོ་མ་ཐོན་ཟེར་ཡང་ཞེ་བློ་བདེ།།
ནུས་མེད་ཀུན་ལ་བྱམས་པས་སྐྱོང་བ་འདི།།
བརྩེ་ཆེན་མ་དང་བུ་གཅིག་འཕྲད་པ་འདྲ།།
དམན་ལ་སྡང་བས་ཁུ་ཚུར་མ་འཕྱར་ང་།།
དཔའ་མེད་སྡར་མ་ཟེར་ཡང་ཞེ་བློ་བདེ།།
མཐུན་པའི་གྲོགས་ལ་བརྩེ་བ་བཅང་བ་འདི།།
ནམ་ཡང་ལྷོད་མེད་རྡོ་རྗེའི་མདུད་པ་འདྲ།།
རྟག་ཏུ་གྲོགས་ཀྱི་ཕྱོགས་ལ་དུང་བ་ང་།།
ཤེས་མེད་མགོ་འཐོམ་ཟེར་ཡང་ཞེ་བློ་བདེ།།
ཞེ་བློ་བདེ་ཚུལ་ཡག་གི དེ་ལས་ཡག་པ་མི་དགོས།
ཡག་ཡག་ཚང་མ་མེད་ཀྱང། ཡག་ཐག་ཆོད་པ་གཅིག་དགོས།
ཞེ་བློ་བདེ་ཚུལ་ཡག་གི དེ་ལས་ཡག་པ་མི་དགོས།
ཡག་ཡག་ཚང་མ་མེད་ཀྱང། ཡག་ཐག་ཆོད་པ་གཅིག་དགོས།
ཞེ་བློ་བདེ་བའི་བདེ་ཚུལ་སྙན་པ་ལ།།
སྡེབ་སྦྱོར་རྗེས་འདྲེན་བསྒྲིགས་ཚུལ་ཡག་པ་ལ།།
རང་གཤིས་གྱོང་ཙམ་ཡོད་པའི་སྐྱོན་མེད་ན།
ལུང་རྟོགས་ཁྱོད་ལ་རྒྱུ་དག་སྲལ་ས་རེད།