ཀླུ་སྨྱོན།
མདང་ནུབ་ཆར་བ་བབས་པ་འདྲ། །
དེ་རིང་སྤང་ལ་ཤ་མོ་སྐྱེས། །
གསེར་མདོག་དྲི་ཞིམ་ཁྱོད་གཅིག་བུ། །
མི་ཚེ་གང་བོར་ཞེ་ལ་ཐོགས། །
གློག་ཞགས་འཁྱུག་པའི་ཤུལ་དེ་རུ། །
རྩྭ་ལྗང་སྐྱེས་པའི་གནས་དེ་རུ། །
ཁེར་རྐྱང་ཤ་མོ་སེར་པོ་ཁྱོད། །
བུ་མོ་ཞིག་གི་རྣམ་ཤེས་འདྲ། །
བྱིས་པ་རྐང་རྗེན་བེའུ་འཚོ། །
རེའུ་ལུག་ཆུང་ཆུང་མཆོང་ལྡིང་བྱེད། །
ཨ་ཅེ་འབྲོག་མོའི་རྫི་གླུ་སྙན། །
གནས་འདིར་ཁྱོད་ཀྱིས་ལང་ཚོ་ངོམ། །
ལག་པས་བཅད་དང་གྲི་ཡིས་གཏུབས། །
གང་ཡང་བཟོད་པའི་ཤ་མོ་ཁྱོད། །
མར་དང་རྩམ་པའི་ལྷན་ཅིག་ཏུ། །
མེ་ལ་བསྲེགས་ནས་ཟོས་ན་ཞིམ། །
དབྱར་ཁའི་རྩྭ་ཐང་ཁྱོད་ལ་དབང་། །
སྤྲིན་པ་དཀར་པོ་ཁྱོད་ལ་བཞག །
ཆར་དང་གློག་ཞགས་ཁྱོད་ལ་དཀྲིས། །
དྲི་ཞིམ་རོ་མངར་ཁྱོད་ལས་འཕྱུར། །
ཕ་ཡུལ་ཤ་མོ་སེར་པོ་ཁྱོད། །
འབྲོག་མོ་ཞིག་གི་རྣམ་ཤེས་ཏེ། །
གཤིས་ཀ་ལྷོད་ཅིང་དུང་བ་ཟབ། །
རྨི་ལམ་དུ་ཡང་དྲི་ཞིམ་འཐུལ། །
(ཞེ་ནི་ཨམ་སྐད་དེ་སེམས་ལ་གོ)