ཀློག་མཁན་ཞིག་གིས།
ང་བོད་དུ་ཡོད་དུས། མི་འདི་འདྲ་ཞིག་ངོ་ཤེས་བཞིན་ཡོད། ཁོ་ནི་དགོན་པ་ཆེན་པོ་ཞིག་གི་ལྷ་ཁང་གི་དཀོར་གཉེར་ཅིག་རེད།་ ཡོན་ཏན་ཡང་ཆེན་པོ་མི་འདུག འབྲི་ཀློག་ཤེས་བ་ཙམ་ཞིག་རེད། ཕ་མ་གཉིས་འདས་རྗེས་ཆུང་དུས་ནས་དྭ་ཕྲུག་ཅིག་དུ་ཆགས་འདུག ཕྱི་ལོ་༡༩༨༠་ཙམ་ལ་རབ་ཏུ་བྱུང་ཞིང་། སྦྱོར་ཀློག་གི་མགོ་བརྩམས་ཤིང་།སྐྱབས་འགྲོ་དང་ལམ་རིམ་ལ་བསྡུས་དོན་སོགས་ལས་།གཞན་ཅི་ཡང་ཤེས་མཁན་ཤིག་གིས་བཟོ་མི་འདུག་།ང་ནམ་རྒྱུན་ཁོ་དང་ཐུག་དུས་།དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་།འདི་འདྲ་རྙེད་པ་ད་རེབ་ཙམ་ཞིག་ཡིན་།ཞེས་ལམ་རིམ་བསྡུས་དོན་ནང་གི་ཚིག་དེ་འདྲ་དབྱངས་སུ་གྱེར་ནས་འདོན་གིན་འདུག་།ཕྱི་ཕྱོགས་ཀྱི་གནས་ཚུལ་སོགས་ཤེས་འདོད་ཆེན་པོ་འདུག་པས་།་སྐད་ཆ་མི་འདྲི་བ་ཞིག་གཏན་ནས་མེད་།ལོ་རབས་བརྒྱད་ཅུའི་ནང་ལྷ་སའི་ཞི་བའི་ངོ་རྒོལ་ནང་ཞུགས་ཞིང་།དེ་ནས་བཙོན་དུའང་ལོ་ཁ་ཤས་བཞུགས་འདུག་།བཙོན་དུ་བཞུགས་དུས་འཇིག་རྟེན་ན་མཐོང་མི་སྲིད་པ་དང་།་མི་ཟད་པའི་སྡུག་བསྔལ་མང་པོ་མཐོང་མྱོང་ཟེར་།ཡིན་ནའང་ཉིན་ཞིག་བཙོན་དུ་བཞུགས་དུས་།སེམས་སུ་གློ་བུར་མི་ཟད་པའི་སྙིང་རྗེ་ཆེན་པོ་ཤིག་རྒྱུད་ལ་སྐྱེས་ཏེ་།འགྲོ་བ་ཀུན་གྱི་སྡུག་བསྔལ་གཞན་གྱི་ཐོག་ཏུ་མ་ཡོང་བར་ཁོའི་ཐོག་ཏུ་ཡོང་ན་སྙམ་པའི་སེམས་ཤིག་གི་སྡོད་མི་ཐུབ་པ་ཞིག་བྱུང་སོང་ཟེར་།དེའི་སྐོར་གླེང་ཡོང་འདུག་།མིག་མཐའི་མཆི་མ་འཁོར་ཏེ་།སྐད་ཆ་ཡང་ཤོད་མི་ཐུབ་པ་ཤིག་ཆགས་བཞིན་འདུག་།ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་གཞུང་གིས་ཀྱང་སྤྱོད་པ་ཡག་པོ་རེད་ཟེར་ནས་བཙོན་ནས་བཏང་འདུག་།བཙོན་ནས་བཏོན་རྗེས་།དམ་བཅའ་ཤིག་བཞག་པ་ནི་བོད་ཀྱི་ཆབ་སྲིད་བཙོན་མ་དག་གིས་རྣམ་ཐར་བསྡུ་རུག་དང་།འཚོལ་ཞིབ་དང་།དེ་ནས་ཕྱི་རྒྱལ་དུ་གཏོང་རྒྱའི་དེ་ཡིན་ཟེར་།དེ་ལྟར་བྱེད་དགོས་བའི་རྒྱུ་མཚན་འདྲི་སྐབས་།ཁོས་གསུང་རྒྱུར་།འདི་ལྟར་ཕྱི་རྒྱལ་དུ་ཁྱབ་བསྒྲགས་བྱེད་ན་།འཛམ་གླིང་གིས་མི་མང་པོ་ཞིག་གིས་བོད་ཀྱི་གནས་ཚུལ་གསལ་བོ་ཧ་གོ་ཡོང་བ་དང་།དེ་ལ་བརྟེན་ནས་ནང་གི་བདུག་རྩུབ་ཉུང་དུ་གཏོང་གིན་འདུག་པར་ཕན་ཐོགས་པ་མ་ཟད་།དེ་བས་བཙོན་པ་ཐམས་ཅད་ཀྱི་སྡུག་བསྔལ་ཉུང་དུ་འགྲོ་བ་དང་།སྡིག་པ་གཏོང་བ་བོ་དག་གིས་ཀྱང་ལས་ཚད་མེད་པ་མི་བསགས་རྒྱུ་པའི་རྒྱུ་ཞིག་ཏུ་འགྱུར་ན་སྙམ་པའི་རེ་བ་ཁོ་ན་ཡིན་ཟེར།རྗེས་སུཁོང་གིས་ཕྱི་རྒྱལ་གྱི་བལྟ་བསྐོར་བ་དང་།གཞན་གྱི་ཐབས་ལམ་བརྒྱུད་ནས་ཕྱི་རྒྱལ་དུ་བོད་ཀྱི་གནས་ཚུལ་མང་པོ་བསྐུར་བ་ཐོས་ཞིང་་།ཁོང་ས་་བཏང་བའི་གནས་ཚུལ་ནི་བདེན་དྲང་དང་།་སུས་ཀྱང་ཡིད་གཏད་ཆོག་པའི་གནས་ཚུལ་ཁོ་ན་རེད་ཟེར།ཡིན་ནའང་ཉེ་ལམ་ངའི་ངོ་ཤེས་ཤིག་ལ་ཁ་པར་བྱུང་ནས་བཤད་རྒྱུར་གྲྭ་བ་དེ་ན་ཚ་སོགས་ཅི་ཡང་མེད་པར་།རྡོ་རྗེ་སྐྱིང་ཀྲུང་གིས་ཉམས་པར་བཞག་ཏེ་།མྱ་ངན་ལ་འདས་ཤིང་།ཁོས་ཁ་ཆེམས་ཤིག་བཞག་ཡོད་པ་ནི་།རུས་གོང་ཚང་མ་བྱ་གཏོར་བྱས་ཏེ་།རྒྱ་སྒོར་འགའ་ཤས་ཡོད་པ་དེ་དག་གིས་ཟས་གོས་རེ་ཉོས་ཏེ་།བཙོན་དུ་བཞུགས་པའི་ཆབ་སྲིད་བཙོན་པ་རྣམས་ལ་སྐྱོལ་ཅིག་ཅེས་བྲིས་འདུག་ཅེས་བཤད་བྱུང།
གནས་ཚུལ་འདིས་ང་ལ་མདང་རྒྱག་རྒྱུ་མང་པོ་ཤིག་སྤྲད་སོང་།བོད་མི་སུ་ཞིག་གིས་བོད་མི་ཚབ་བྱེད་ཀྱིན་ཡོད་དམ་།་བོད་མི་སུ་ཤིག་གིས་བསམ་པ་སྙིང་ཐག་པ་ནས་བོད་ཀྱི་ཞབས་འདེགས་སྒྲུབ་བཞིན་ཡོད་དམ་།་དེ་བཞིན་བོད་མི་སུ་ཤིག་གིས་གནོད་པ་བྱེད་གིན་ཡོད་དམ་།ཉེ་ལམ་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐད་ནས་རང་དབང་དང་རང་མགོ་ཐོན་པ་ཤིག་ཡོང་རྒྱུ་ནི་བོད་མི་མང་གི་མཐུན་སྣང་དུ་གྲུབ་པའི་རེ་བ་ཉག་ཅིག་ལགས་པས་།ཐུན་མོང་གྱི་གཞི་མཐུན་གྱི་རེ་བ་འདི་ལ་དངོས་གནས་དྲང་གནས་ཀྱི་ལས་ཀ་བྱ་མཁན་དེ་སུ་ཡིན་ནམ་།སུས་མགོ་ཁྲིད་པ་ཡིན་ནམ་།སུས་ཞབས་འདེགས་དང་།སུས་ཞབས་འདྲེན་ཞུས་བ་ཡིན་ནམ་།འདི་ལྟ་བུའི་བསམ་ཚུལ་མང་པོ་ཤིག་དུས་རྒྱུན་སེམས་སུ་འཁོར་ཡོང་གིན་འདུག་།རྗེས་སུ་འདིའི་ཐད་ནས་བསམ་བློ་མང་པོ་་བཏང་ནས་ཐོ་ཡིག་རེ་ཡང་བཏབ་ནས་བསྡད་པ་ཡིན་།ལྷག་པར་ཏུ་ས་བྱི་ལོ་ནས་བཟུང་བོད་གངས་ཅན་གྱི་ལྗོངས་འདི་ལ་སྔར་མེད་པའི་དུས་འགྱུར་ཁྱད་པར་ཅན་ཞིག་བྱུངཏེ་།ད་ལྟ་བོད་མི་མང་ཆེ་བས་ཆབ་སྲིད་ཀྱི་འགྲོ་སྟངས་ལ་དོ་སྣང་ཆེན་པོ་བྱས་བཞིན་པ་དང་།བོད་ཅིག་ཡིན་ཕྱིར་བོད་ཀྱི་ད་ལྟ་དང་མ་འོངས་བའི་ཆབ་སྲིད་ཀྱི་འཕེལ་ཕྱོགས་ལ་ཞིབ་དཔྱད་དང་།བསམ་བློ་མང་པོ་གཏོང་བཞིན་འདུག་པས་སྐབས་འདི་དུས་ཚོད་བཟང་པོ་ཤིག་རེད་བསམ་བྱུང།
འདི་ལས་འཕྲོས་ཏེ་འདི་བཤད་དགོས་བ་ཞིག་ནི་།་ཉེ་ཆར་བོད་ནང་དུ་ཞོགས་དུང་ཟེར་བ་ཞིག་གིས་་གནམ་ས་གོ་འབྱེད་ཅེས་བའི་དེབ་ཅིག་བརྩམས་ནས་ཕྱོགས་ཀུན་དུ་བཀྲམས་ཤིང་།དེའི་བརྗོད་བྱ་གཙོ་བོ་ནི་ས་བྱི་་ལོའི་བོད་ཁམས་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་བ་དང་།་དེ་ལ་དམིགས་ནས་བརྩམས་པ་ཡིན་ཞེས་ཁོང་གིས་གསུང་འདུག་།ཁོས་དུས་འགྱུར་འདིའི་བཏགས་མིང་གི་སྐོར་གླེང་སྐབས་།ཁོས་བཤད་རྒྱུར་།་“ཞི་བའི་གསར་བརྗེ་འདིར་རྩ་འཛུགས་ཡོད་པ་དང་། དམིགས་ཡུལ་ཡོད་པའི་དོན་ཅན་གྱི་ལས་འགུལ་གྱི་ཁྱད་ཆོས་མེད་པ་དང་། གཉའ་གནོན་པ་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར་གྱེན་ལོག་གི་ཁྱད་ཆོས་འདུག་པ་དང་། ལོག་སྤྱོད་དབང་སྒྱུར་ལ་རྒོལ་ཕྱིར་ཐུན་མོང་གིས་དྲག་པོས་སྦྱོར་བ་བརྩམས་པའི་དོན་ཅན་གྱི་འོས་ལངས་མ་ཡིན་པར་ཞི་བའི་ཁྱད་ཆོས་འདུག་ཕྱིར།་བཏགས་མིང་དེ་རྣམས་ཀྱང་དོར་། ཁོ་བོས་དུས་ས་བྱི་དང་རྣམ་པ་ཞི་བ། ངོ་བོ་གསར་བརྗེ་སྟེ།རང་བྱུང་ཁམས་བཅོས་སྒྱུར་དང་སྤྱི་ཚོགས་བཅོས་སྒྱུར་ཁྲོད་གསར་བཅོས་ཆེན་པོ་བྱས་པདང་།སྤྱི་ཚོགས་ལམ་ལུགས་རྙིང་བ་གཏོར་ཏེ་སྤྱི་ཚོགས་གསར་བ་གཞི་ཚུགས་པར་བྱེད་པ་དང་། སྤྱི་ཚོགས་མདུན་སྐྱོད་འཕེལ་རྒྱས་གཏོང་བ་ཡིནཞེས་པའི་ཐ་སྙད་ཀྱི་མཚན་ཉིད་ལྟར་དང་། བོད་ཀྱི་གདགས་སྟངས་ལྟར་དང་། རྒྱལ་སྤྱིའི་ཡོངས་གྲགས་ཁྱབ་སྤྱོད་ཀྱི་བརྗོད་པ་དང་ཡང་བསྟུན་ཏེས་བྱི་ཞི་བའི་གསར་བརྗེཞེས་བཏགས་པ་ཡིན།“་ཞེས་བོད་ཀྱི་ངོ་རྒོལ་འདི་ནི་གཉའ་གནོན་པ་ལ་ངོ་རྒོལ་ཞིག་ཡིན་པ་དང་།གྱེན་ལོག་གི་ཁྱད་ཆོས་ཡོད་པ་།ཞི་བའི་རྣམ་པ་མཚོན་པ་དང་།གསར་བརྗེའི་ལྟ་བ་མཚོན་པ་སྤྱི་ཚོགས་དང་ལམ་ལུགས་རྙིང་བ་གཏོར་ནས་སྤྱི་ཚོགས་གསར་བ་ཞིག་གི་ལམ་དུ་སྐྱོད་པ་དང་།་སྤྱི་ཚོགས་འཕེལ་རྒྱུས་ལ་གཏོང་བ་ཡིན་ཞེས་དམར་བོ་རིང་ལུགས་ཀྱི་ལྟ་བའི་འགྲེལ་བཤད་རྒྱབ་ཏེ་།འདོར་ན་ངོ་རྒོལ་དེ་ཞི་བའི་གསར་བརྗེ་ཤིག་རེད་ཅེས་བཤད་འདུག་།འདི་ལ་བལྟས་བ་ཙམ་གྱི་མི་འགྲིག་པ་ཅི་ཡང་མེད་།་ས་བྱི་ལོའི་བྱུང་བའི་མིང་ག་རེ་བཏགས་ཀྱང་་དེ་བོད་གངས་ཅན་གྱི་ལྗོངས་སུ་ལྗོངས་སུ་བྱུང་བའི་དུས་འགྱུར་ཅིག་ཡིན་པ་དང་།རྩ་བའི་དམིགས་ཡུལ་ནི་བོད་ལ་ཆབ་སྲིད་།ཆོས་ལུགས་།རིག་གནས་ཀྱི་རང་དབང་དགོས་ཟེར་བ་དང་།བོད་མི་མང་གི་རྒྱ་ནག་ལ་མ་བརྟེན་པ་སྲིད་དབང་ཞིག་བཙུགས་ཏེ་རང་ས་རང་སྐྱོང་བྱ་རྒྱུ་ཟེར་བ་དེ་རེད་།་སྤྱིར་བཏང་དུས་འགྱུར་འདི་ལ་གསར་བརྗེ་ཞེས་འདོགས་མཁན་ཡང།་ཐོག་དང་པོ་ཞོགས་དུང་མ་རེད་།་ཕྱི་ཕྱོགས་སུ་བཤད་ན་གང་ས་གང་དུ་དུས་འགྱུར་བྱུང་བའི་སྐབས་སུ་འཇམ་དབྱངས་ནོར་བུ་ལགས་ཀྱིས་“གསར་བརྗེ་མཚམས་མཇོག་མ་བྱེད་“ཅེས་རྩོམ་ཞིག་བྲིས་ཏེ་ཕྱོགས་གང་དུ་བཀྲམས་པ་དང།་མི་མང་པོ་ཤིག་གིས་ཚིག་འདི་བེད་སྤྱོད་གནང་གིན་འདུག་།གཅིག་བྱས་ན་ཞོགས་དུང་གིས་ཀྱང་རྩོམ་འདིའི་སྐོར་གྱི་སྐད་ཆ་ཤིག་གོ་ནས་།དེ་ལ་བརྟེན་ཏེ་མིང་འདི་བཏགས་པ་ཤིག་ཀྱང་ཡིན་སྲིད་།མིང་གང་ཞིག་འདོགས་དགོས་བ་དེ་གཙོ་བོ་མ་རེད་།གྲུབ་མཐའ་ལྟ་བ་མི་གཅིག་པ་དག་གིས་མིང་སྣ་ཚོགས་ཤིག་འདོགས་གིན་རེད་།དཔེར་ན་ཁ་ཅིག་གིས་“རྒྱལ་སྲུང་ཞི་བའི་ངོ་རྒོལ“་དང་།ཁ་ཅིག་གིས་“ས་བྱི་ལོ་་ཞི་བའི་ངོ་རྒོལ“དང་།ཁ་ཅིག་གིས་དེ་བཞིན་“ས་བྱིི་ལོའི་འོས་ལངས་ཆེན་མོ“་སོགས་མིང་འདྲ་མིན་འདོགས་གིན་འདུག་མོད་།དོན་གྱི་ངོ་བོ་གཅིག་རེད་།བོད་མི་དག་གིས་བོད་བོད་ན་སྐྱིད་།རྒྱ་རྒྱ་ཡུལ་སྐྱིད་ཅེས་མངོན་གསལ་དོད་པོས་རྒྱ་གཞུང་དང་།འཛམ་གླིང་དུ་ཁྱབ་བསྒྲགས་བྱས་བ་ཤིག་རེད།་འདི་ནི་ཚང་མ་གཞི་མཐུན་ཡོད་པ་ཤིག་རེད་།
ད་འདི་ནས་དོ་སྣང་བྱ་དགོས་བ་དང་།་ངེས་པར་ཏུ་བརྗོད་དགོས་བ་ཤིག་ལ་གནད་འགག་ཅན་གྱི་དུས་རབས་འདིའི་ནང་དུ་སྐད་ཆ་སྔོན་ལ་བཤད་མཁན་དང་།ལག་པ་སྔོན་དུ་ཡར་བཀྱགས་མཁན་དང་པོ་སུ་རེད་།་སུས་ལྟད་མོ་བལྟས་བསྡད་པ་རེད་།སུས་ཞབས་འདྲེན་ཞུས་བ་རེད་དམ།་བོད་ཀྱི་མ་འོངས་བའི་ལས་དབང་དེ་སུས་ཐག་གཅོད་གིན་རེད་སོགས་རེད།རྩ་དོན་འདི་གལ་ཆེན་པོ་རེད།ཞོགས་དུང་གིས་ཀྱང་དམར་བོ་ལྟ་བའི་ཐོག་ནས་བོད་ཀྱི་མུན་བསྐལ་འདི་གླེང་བཞིན་ཡོད་པ་མ་ཟད་།བོད་མིའི་སེམས་ཀྱི་འཁྱེར་སོ་ཞིག་གིས་སྟེང་ནས་གླེང་བཞིན་ཡོད་པ་རེད་།དེ་བས་གནས་བབ་འདི་འདྲ་ཞིག་གི་འོག་ནས་ཞོགས་དུང་གི་དཔེ་དེབ་འདི་ལ་དཔྱད་བརྗོད་བྱེད་ན་བཟང་སྙམ།དེ་བཞིན་སྐད་ཆ་གླེང་རྒྱུ་དང་།ཁྱད་པར་དྲང་བོ་ཞིག་གི་སྒོ་ནས་གླེང་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཡིན་།རྒྱུ་མཚན་ཅི་ཡིན་ཟེར་ན་།དེང་དུས་ལོ་རྒྱུས་ལ་མཁྱོག་བཤད་བྱེད་ན་།་རྗེས་སུ་ལོ་རྒྱུས་དེ་བཅོས་དཀའ་བ་ཞིག་ཆགས་རྒྱུ་ཡིན་པ་དང་།་ལོ་རྒྱུས་མཁྱོག་བཅོས་བྱེད་མཁན་ཚོའི་བསམ་པ་ནི་འགྱུར་སླ་བ་།སེམས་གྱི་རྟེན་ཡུལ་མེད་པ་དང་།་རིགས་པའི་རྣམ་དཔྱོད་དང་།ཕྱི་ནང་གཉིས་ཀྱི་རིགས་པའི་རྩལ་མེད་པ་ལ་།ཨུ་ཚུགས་ཆེ་བ་།་་ས་མཐའི་བླུན་པོ་རང་སྣང་ཆུང་བ་དག་ཡིན་པས་བསམ་བཞིན་དུ་གནད་འགག་ཅན་གྱི་དུས་སྐབས་འདི་རུ་གཟུར་གནས་ཀྱི་སྐད་ཆ་དང་།བདེན་པ་བཤད་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཤིག་ཆགས་བསྡད་ཡོད་།
ཐོག་མར་བོད་ཀྱི་གནས་བབས་ཞིབ་དཔྱད་བྱེད་པར་བྱ་ཞིང་།འདིས་ཞོགས་དུང་སོགས་མཚོན་པའི་་མི་དག་བོད་མི་གང་གི་ནང་འདུས་བ་དང་།ཞབས་འདེགས་ག་རེ་ཡོད་མེད་དང་།ང་ཚོས་གདེང་འཇོག་ཇི་འདྲ་ཞིག་བྱ་དགོས་བ་དང་།ཞོར་ཏུ་ཁོང་གི་དཔེ་དེབ་དེ་ལ་གདེངས་མཇོག་ཇི་འདྲ་ཞིག་དགོས་མིན་ཀྱང་ཤེས་ཡོང་གིན་རེད་བསམ་བཞིན་འདུག་།ཕྲན་གྱིས་བསམ་པར་དེང་དུས་བོད་མི་ཡོངས་ཆབ་སྲིད་ཀྱི་བསམ་པའི་མཁྱེར་སྟངས་དང་།ལས་ཀ་བྱེད་ཚུལ་སོགས་འོག་ཏུ་གསལ་བའི་རིམ་པའི་བཞི་ཡི་ནང་དུ་བསྡུ་བར་བསམ་ཞིང་།དེ་ལ་
ཐོག་མར་བོད་ཀྱི་དཔའ་བོ་དཔའ་མོ།
བོད་ཀྱི་དཔའ་བོ་དཔའ་མོ་མང་ཆེ་བ་ནི་སྐྱེ་ཁུངས་སོགས་ལ་དམིགས་གསལ་གྱི་ཁྱད་པར་ཅི་ཡང་མེད་ཅིང་།དུས་རྒྱུན་སྤྱོད་ལམ་དང་།ཡོན་ཏན་དང་སོགས་ཀྱི་ཐད་ནས་དམིགས་གསལ་གྱི་ཁྱད་པར་ཅི་ཡང་མེད་།་ལས་ཀའི་ཐད་ནས་བཤད་ནའང་།མི་དཀྱུས་མའི་ལས་ཀ་དེ་འདྲ་བ་།དཔེར་ན་ཞིང་བ་དང་་།་འབྲོག་པ་དཀྱིས་མ་།་གྲྭ་བ་དང་།བཙུན་མ་སྙོམས་ཆུང་དེ་འདྲ་རེད་།དུས་རྒྱུན་སྐད་ཆ་ཆེན་པོའང་མི་བཤད་མཁན་།རང་རང་གི་ལས་སྐལ་ཤིག་ལ་བརྟེན་ནས་སྡོད་ཡོད་པའི་མི་དག་རེད་།དཔེར་ནས་ས་བྱིའི་ཡར་ལངས་སུ་སྐབས་སུ་ཐོག་དང་པོར་ཁྲོམ་སྐོར་བྱ་མཁན་དང་།སྐད་རྒྱག་མཁན་ཚང་མ་མི་འདི་ཚོའི་གྲས་རེད་།གལ་སྲིད་བོད་ལ་སྐྱིད་པའི་རང་དབང་ཤིག་ཐོབ་སོང་ནའང།ཁོ་ཚོས་དམིགས་གསལ་ཁེ་ཕན་སོགས་གང་ཡང་འཚོལ་གིན་མ་རེད་ལ་།་མི་ཚེའི་ཕྲ་མོ་གཞན་ཁོ་ནས་ཐོག་ཏུ་བསམ་བློ་གཏོང་མཁན་འགའ་ཞིག་རེད་།ཁོ་ཚོའི་རྒྱ་ནག་གི་བདུག་རྩུབ་ཅན་གྱི་ཁྲིམས་དོང་ནང་དུ་ལོ་ག་ཚོད་ལ་བསྡད་དགོས་ཀྱང།་ཁོ་ཚོ་ལ་འགྱོད་པ་སྤུ་ཙམ་ཡང་མེད་ཀྱང་།མཐའ་མ་ཡོད་ཚད་གཞན་ལ་སྤྲོད་ཐུབ་པའི་བྱང་ཆུབ་སེམས་དཔའ་འགའ་ཤིག་རེད་།འདི་ལྟ་བུ་མི་ཤིན་ཏུ་ནས་ཉུང་ཉུང་རེད་།ཆོས་ཀྱི་དབང་དུ་བྱས་ན་།་མི་འདི་ཐམས་ཅད་བྱང་ཆུབ་སེམས་དཔའ་དངོས་ཡིན་ཞིང་།་ཁོང་ཚོའི་བསྐལ་དུ་མའི་དབང་གིས་སྨོན་ལམ་།ཐུགས་བསྐྱེད་ཀྱིས་དབང་གིས་བསམ་བཞིན་དུ་མི་སྐྱེ་བ་བླངས་ཏེ་།་སྙིགས་མའི་དུས་འདིར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དང་།སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དོན་དུ་འབའ་ཤིག་གི་དོན་དུ་བྱོན་པ་དག་ཡིན་།་ཁ་ཅིག་ནི་བླ་མའི་ཚུལ་དང་།་ཁ་ཅིག་རྒྱལ་བའི་ཚུལ་དང་།ཁ་ཅིག་ནི་གྲྭ་བ་དང་།བཙུན་མ་དཀྱུས་མའི་ཚུལ་།དེ་བཞིན་ཁ་ཅིག་ནི་སོ་ནམ་པ་དང་།འབྲོག་པ་།དེ་བཞིན་སྤྲང་བོ་ཚུལ་དུ་གནས་ཞིང་།ཁོང་ཚོའི་རྒྱུད་ཀྱི་སེམས་བསྐྱེད་ནི་གཞན་དོན་ཁོ་ན་ཤིག་གི་དོན་ཡིན་ཞིང་།རང་གི་ལུས་དང་ལོངས་སྤྱོད་གང་ལའང་ཕུངས་པ་མེད་པར་འཚེ་བ་མེད་པར་གཞན་གྱི་དོན་ཁོ་ན་ལ་མཇུག་པར་བརྩོན་པ་ནི་བྱང་ཆུབ་ཀྱི་སེམས་དངོས་ཞིང་།མ་འོངས་བར་རྗེ་བཙུན་བྱམས་པ་འཇིག་རྟེན་དུ་བྱོན་དུས་།འཁོར་དག་པ་ཞིག་གི་སྐྱེ་ནི་ཐེ་ཚོམ་མེད་ཅིང་།ང་ཚོས་ཀྱང་སྐྱེ་བ་ནས་སྐྱེ་བའི་བར་ཏུ་གཞན་དོན་འབའ་ཞིག་གི་ཁྱབ་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་རྗེས་སུ་འཛིན་པར་འཚལ་ཞེས་།ཇི་ལྟར་རྗེ་དགེ་འདུན་གྲུབ་གྱིས་།་རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་།གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང་།སྤྱན་དང་མངོན་ཤེས་སྨྲ་ཤེས་བཟོད་པ་སོགས་།གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག་།ཅེས་སྨོན་ལམ་རྒྱག་པ་ལས་གཞན་ཅི་ཡང་མ་ཡིན།
དེ་བཞིན་འཇིག་རྟེན་པའི་ལུགས་ལའང་སྐྱེ་བོ་འདི་དག་ནི་སྙིང་སྟོབས་ཆེན་མོས་།གཞན་དོན་ཁོ་ནར་དམིགས་ནས་མི་ཚེའི་ཕྲ་མོ་བསྐྱལ་བ་དེ་ཡིན་ཞིང་།་ཁོ་ཚོའི་རང་གི་མི་རིགས་དང་།རིག་གཞུང་།སེམས་ཅན་སོགས་ལ་བཞག་པའི་མཛད་རྗེས་ནི་ཚིག་གི་སྟེང་ནས་བརྗོད་དཀའ་བ་ཞིག་ཡིན་།ཁོ་ཚོའི་འདི་ལྟར་བྱེད་དོན་རང་གི་རྒྱུ་ནོར་ལོངས་སྤྱོད་།ཁེ་དང་སྙན་གྲགས་ཞིག་ཏུ་ཆེད་དུ་མ་ཡིན་པར་།སེམས་རྒྱུད་ཕྲ་མོ་དེའི་ནང་དུ་ནམ་ཡང་ཉམས་པ་མེད་པར་རང་དབང་དང་།དྲང་བདེན་།ཞི་བདེ་སོགས་ཀྱི་ཀུན་སློང་ཞིག་གིས་ཆེད་དུ་ལུས་ངག་ཡིད་གསུམ་འདིའི་ཆེད་དུ་འབུལ་བཞིན་ཡོད་།སྐབས་རེའི་ང་ཚོས་ཁོ་ཚོའི་མིང་ཙམ་ཡང་གོ་ཐུབ་ཀྱིན་མེད་།མི་འདི་དག་དྲན་དུས་།ཕྲན་གྱིས་དུས་རྒྱུན་ཨ་རིའི་སྲིད་བློན་གྲགས་ཅན་ལེན་ཁན་ཟེར་བ་དེས་།1864.ལོར་ཨ་རིའི་བྲན་གཡོག་བཅིངས་གྲོལ་གྱི་སྐབས་ཀྱི་།མི་གཅིག་ལ་བུ་ལྔ་ཡོད་པ་དེས་།བྲན་གཡོག་བཅིངས་གྲོལ་གྱི་དམག་འཁྲུག་ནང་འདས་འགྲོངས་སུ་གྱུར་ཅིང་།ལེན་ཁུན་གྱིས་གཏམ་དེ་གོ་རྒྱུ་བུ་ལྔའི་མ་ལ་བཏང་བའི་མྱ་ངན་གྱི་ཡི་གེ་ཞིག་ཡོད་པ་དེའི་རྒྱུན་སེམས་ལ་དྲན་ཡོང་གིན་འདུག་།ཡི་གེ་ནི་འདི་ལྟར།
བརྩེ་ལྡན་གྱི་ཡུམ་ཆེན་ལགས་།
ཕྲན་ལ་མ་སར་ཁྲི་སི་ཐུ་ཡི་དམག་སྲིད་ལས་ཁུངས་༼ the Adjutant General of Massachusetts ༽ ཀྱིས་ཤོག་བྱང་མང་པོ་སྟོན་པ་དེའི་ནང་ནས་།ཁྱེད་ནི་ཉེ་ལམ་དམག་འཁྲུག་འདས་གྲོངས་སུ་གྱུར་བའི་བུ་ལྔ་ཡིས་ཡུམ་ཆེན་་དེ་ཡིན་པ་རྟོགས་།སྤྱིར་ཕྲན་གྱིས་སྣང་ངོར་རང་གི་ཚིག་རྣམས་ནི་ཇི་འདྲའི་སྙོམས་པ་དང་།ཉམ་ཆུང་བ་འདིས་ཁྱེད་ཀྱི་མི་ཟད་པའི་སྡུག་བསྔལ་སེལ་ཐུབ་པའི་རྫུན་བཟོ་ཤིག་ག་ལ་ཡོང་སྲིད་ཀྱང་།ཡིན་འང་ང་ལ་རང་དབང་མེད་པར་སེམས་སྙི་མོ་ཤིག་གི་ཁྱེད་ལ་མྱ་ངན་གྱི་སེམས་གསོ་ཞིག་གིས་མཚོན་བྱེད་དུ་།སྤྱི་མཐུན་རྒྱལ་ཁབ་ཀྱི་དོན་ལ་འདས་བར་ཐུགས་རྗེ་ཆེ་ཞུ་བ་ཆབས་ཅིང་།ངས་དཀོན་མཆོག་ལ་ཁྱོད་ཀྱི་སྡུག་བསྔལ་སེལ་པ་དང་་།བརྩེ་བ་ཆེན་པོས་མྱ་ངན་ལས་འདས་བ་རྣམས་རྗེས་སུ་འཛིན་པ་དང་།རང་དབང་གི་ཆེད་དུ་ཤི་བའི་སྤོབས་པ་དག་ཁྱེད་ཀྱི་སྟེང་དུ་སྐུལ་པར་ཤོག་ཅེས་གསོལ་བ་འདེབས་གིན་ཡོད་།ཅེས་བསམ་པ་རྣམ་དག་གི་གུས་བརྩི་དང་བཅས་།་ཁྱོད་ལ་ལན་ཁུ་ནས་།་༡༨༦༤་ཕྱི་ཟླ་བཅུ་བའི་ཚེས་༢༡་ཉིན་།འདི་འདྲ་བའི་སྙིང་སྟོབས་དང་།་གཞན་གྱི་དོན་དུ་བཏང་བའི་སྤོབས་པ་།་ཨ་མ་རྒན་མོ་དེའི་སྡུག་བསྔལ་་ཇི་ལྟར་ལེན་ཁུན་གྱིས་གསུང་བ་ལྟར་།བདག་ཅིག་གི་ག་འདྲ་ཞིག་བེད་སྤྱོད་ཀྱང་དེ་རྣམས་ནི་“ཚིག་རྣམས་ནི་ཇི་འདྲའི་སྙོམས་པ་དང་།ཉམ་ཆུང་བ་ཤིག་ཡིན་པས་དེ་དག་གིས་“གིས་བོད་ཀྱི་དཔའ་བོ་དང་དཔལ་མོ་དེ་དག་གི་ཕ་མ་གཉེན་འཁོར་སོགས་ཀྱི“་མི་ཟད་པའི་སྡུག་བསྔལ་སོགས་”སེལ་ཐུབ་པའི་རྫུན་བཟོ་ཤིག་ག་ལ་”ཡོད་ནའང་ང་ཚོས་ཀྱང་མཆོག་ཏུ་བཀུར་དགོས་བ་ནི་བོད་ཀྱི་ཆེད་དུ་སྲོག་བཏང་བ་དང་།ལུས་ཀྱི་སྟེང་དུ་རྨ་བཟོ་ཡོད་པ་།ད་དུང་ཁྲིམས་མུན་དུ་ཚུད་ཡོད་པའི་དཔའ་བོ་དཔའ་མོ་དེ་དག་དང་།དེ་དག་གིས་ཤ་ཁྲག་ལས་མཆེད་པའི་ཕ་མ་གཉེན་མཆེད་སོགས་ལ་གསོལ་འདེབས་དང་།ཆེད་བསྟོད་།ཡིད་སྨོན་བཅས་བྱ་དགོས་བ་མ་ཟད་།ཆོས་དང་འཇིག་རྟེན་གཉིས་ཀྱི་ཁོ་ཚོ་ལྟ་བ་འགྱུར་བའི་སྨོན་ལམ་རྒྱག་དགོས་པ་དེ་རེད་།དེའི་བཞིན་མ་འོངས་བར་བོད་དུ་སྐྱིད་པའི་ཉི་མ་ཞིག་ཏན་ཏན་ཤར་དུས་ཞིག་ལ་།པོ་ཏ་ལའི་ཐང་ཆེན་དུ་ཁོ་ཚོ་ལ་རྗེས་དྲན་གྱིས་རྡོ་རིང་ཞིག་ངེས་པར་ཏུ་འཛུགས་དགོས།རྡོ་རིང་དེའི་སྟེང་དུ་ཐོག་མར་རྙིང་ཧྲུལ་ཅན་གྱི་གཟན་ཤམ་གྱོན་པའི་བཙུན་པ་དང་བཙུན་མ་ཞིག་དང་།དེ་བཞིན་འབྲོག་ལྭ་གྱོན་པའི་འབྲོག་མོ་ཞིག་དང་།ཕྱུང་ལྭ་གྱོན་པའི་ཞིང་པ་གཅིག་།དེ་བཞིན་རལ་བ་ཅན་གྱི་ཚོང་བ་ཞིག་།དེ་བཞིན་རྟ་ལ་ཞོན་པའི་དམག་མི་ཞིག་།དེ་མ་ནེ་ལག་ཏུ་བཟུང་བའི་ཨ་མ་ཞིག་བཅས་ཀྱི་རྡོ་རིང་ཞིག་བཞེངས་དགོས་དགོས་ཡོད་།ཅི་ཕྱིར་ཞེ་ན་།ཁོ་ཚོས་གཞན་གྱི་དོན་དུ་བཏང་བ་ནི་ཆེས་མང་ཞིང་།ཁོ་ཚོ་ལ་ཐོབ་པ་ཆེས་ཉུང་བ་ཤིག་ཡིན་།
བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཁྲོད་དུ་བོད་མི་མང་ཡོད།ཁོ་ཚོ་མི་ཚེའི་ཕྲ་མོར་ཞེད་སྣང་གིས་དཔའ་བོ་དང་དཔའ་མོ་ལྟར་སྔོན་དུ་འགྲོ་བ་དང།་འཇིགས་པ་མེད་པ་ལོ་ངོ་མང་པོ་ཁྲིམས་དུང་ནང་འདུག་པའི་སྐལ་བ་སོགས་མ་བྱུང་མོད་མོད་།་ཐོག་མཐའ་བར་གསུམ་དུ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ཐག་པ་དད་ཅིང་མཆོད་ལ་།དེ་དག་གི་རྗེས་སུ་འབྲངས་ནས་།སྐད་རྒྱག་པ་དང་སྨོན་ལམ་འདེབས་པ་དང་།་རྗེས་སུ་ཡིད་རངས་བྱེད་པ་།དངོས་ཤུགས་བརྒྱུད་གསུམ་རོགས་བྱེད་པ་དག་ཡིན།བོད་མི་མང་ཆེ་ཤོས་ནི་འདིའི་གྲས་རེད་།་བོད་མི་མང་ནི་རང་ཚུགས་བརྟན་ཞིང་།རང་གི་ཆོས་དང་རིག་གཞུང་ལ་དུང་བ་།ལེགས་ཉེས་ཀྱི་བླང་དོར་ཤེས་བ་དག་རེད་།ཁོ་ཚོ་ལ་འགོ་ཁྲིད་རྣམ་དག་རྟུལ་ཕོད་ལྡན་པ་ཤིག་་ཡོད་ན་དེའི་རྗེས་སུ་འབྲངས་ངེས་རེད་།
སྐབས་འཚོལ་རིང་ལུགས་པ།
དེའི་ཁྲོད་དུ་བོད་དུ་སྐབས་འཚོལ་རིང་ལུགས་པ་དག་རེད།བོད་ཀྱི་ལས་བྱེད་མང་ཆེ་ཤོས་དང་།ཡོན་ཏན་པ་ཡིན་ཟེར་བ་མང་ཆེ་ཤོས་ནི་འདིའི་གྲས་རེད་།ཁོ་ཚོ་ལ་སེམས་ཀྱི་གཞི་རྩ་ཤིག་གཏན་ནས་མེད་།ཆབ་སྲིད་ཀྱི་རླུང་གང་ལ་གཡུག་ན་དེའི་རྗེས་སུ་འབྲངས་གིན་རེད་།བོད་མི་མང་ལ་ལྟོས་ནས་ཁོ་ཚོ་བོད་ཀྱ་ལ་རྒྱ་འཛིན་མཁན་དང་།བོད་ལ་ཤ་ཚ་མཁན་ཞིག་ཡིན་པ་བཤད་པ་དང་།རྒྱ་གཞུང་ལ་བལྟས་ན་མེས་རྒྱལ་གཅིག་གྱུར་དང་།མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་མཁན་ཤིག་ཡིན་པར་བཤད་ནས་ཁོ་ཚོའི་རང་གི་སྙན་གྲགས་དང་རྒྱུ་ནོར་ཡར་རྒྱས་གཏོང་མཁན་ཁེ་ཕན་ཁོ་ན་སྒྲུབ་མཁན་དག་ཡིན་པ་ལས་ཁོ་ཚོའི་སེམས་ནང་དུ་བོད་ཟེར་བ་དང་།དེ་བཞིན་རྒྱ་གཞུང་ཟེར་བ་ཤིག་ཀྱང་ཡོད་པ་མ་རེད་།་དེ་བས་ཁོ་ཚོ་ལ་སྐབས་འཚོལ་རིང་ལུགས་པ་རེད་།ཁོ་ཚོ་ཕྱོགས་གཅིག་ལ་བོད་ཀྱི་རིག་གཞུང་དང་།ཆོས་ལུགས་།་དགོན་པ་ཡོད་ཚད་ལ་དགག་ནས་སྐད་ཆ་ཤིག་བཤད་རྒྱུ་ཡོད་པ་དང་།ཕྱོགས་གཅིག་ནས་རྒྱ་གཞུང་ལ་ལས་ཀ་བྱས་ནས་རྒྱ་མིའི་ཕོགས་ཟ་བཞིན་ཡོད་།་སྐད་ཆ་རྡོག་རྡོག་པོ་བཤད་ན་འདི་རེད་།རྒྱ་གཞུང་གིས་ལས་ཁུངས་དག་བེད་སྤྱད་ནས་རང་གི་ཁེ་ཕན་སྒྲུབ་བཞིན་ཡོད་ཅིང་།དེ་བཞིན་རྒྱ་གཞུང་གིས་ཁོ་ཚོས་བེད་སྤྱད་ནས་་རྒྱ་ནག་གི་ལྟ་བ་མཚོན་པ་དང་།སྲིད་བྱས་ལག་བསྟར་བཞིན་་ཡོད་པ་རེད་།་འདི་འདྲ་བྱུང་བ་བོད་གཅིག་པོ་མ་རེད་།འཛམ་གླིང་དམག་ཆེན་གཉིས་བའི་སྐབས་སུ་འཇར་མན་གྱི་ཧྥ་རན་སི་དབང་སྒྱུར་བྱེད་དུས་དང་།འཇར་ཕན་གྱི་རྒྱ་ནག་དབང་སྒྱུར་བྱུང་དུས་མི་འདི་འདྲ་མང་པོ་བྱུང་ཡོད་པ་རེད་།རྒྱ་གཞུང་གིས་ཁོ་ཚོ་བེད་སྤྱད་ནས་རྒྱ་གཞུང་གི་སྲིད་བྱུས་ལག་བསྟར་བྱ་བཞིན་ཡོད་མོད། དོན་གྱིས་རྒྱ་གཞུང་ཁོ་ཚོ་ལ་ཡིད་ཆེས་མེད་།
ཞབས་འདྲེན་པ་།མི་འདི་དག་གིས་སེམས་བསམ་པའི་སྟེང་ནས་རྒྱ་གཞུང་ལ་ཡིད་ཆེས་ཡོད་པ་དང་།ཁོ་ཚོས་རྒྱ་གཞུང་གིས་་བྱ་བ་དང་སྲིད་བྱས་ཇི་མ་ཇི་བཞིན་ཏུ་ལག་བསྟར་བྱ་བཞིན་ཡོད་པ་རེད་།་རྒྱ་གཞུང་ཁོ་ཚོ་ལ་ཡིད་ཆེས་ཡོད་ཅིང་།གནད་འགག་ཅན་གྱི་དཔོན་ས་ཡང་ཁོ་ཚོ་མ་གཏོགས་མཇོག་གིན་མ་རེད་།་དེ་བས་འདི་ཚོ་ནི་བོད་མི་མང་གི་དགྲ་ངེས་ཅན་ཡིན་ཞིང་།ཁོ་ཚོ་ནི་ང་ཚོའི་ཁྲག་མཐུང་མཁན་ཡིན་།གལ་སྲིད་བོད་ལ་སྐྱིད་པའི་རང་དབང་ཞིག་ཐོབ་སོང་ན་།མི་འདི་ཚོ་ནག་ཉེར་སློག་འདོན་བྱ་དགོས་བ་དང་་།དངོས་གནས་བཤད་ན་ཁོ་ཚོ་བོད་ནང་དུ་སྡོད་པར་མི་བཟོད་ཅིང་།སྡོད་ཡང་བསམ་གིན་མ་རེད་།
རིམ་པ་དེ་ལྟར་དང་།དཀར་ནག་གི་དབྱེ་བ་དེ་ལྟར་བྱས་ནས་ད་ནི་ཞོགས་དུང་གི་དཔེ་དེབ་ལ་གདེང་འཇོག་ཇི་ལྟར་བྱ་དགོས་ཞེ་ན་།བསྟོད་ཀྱང་མི་དགོས་སྨོད་ཀྱང་མི་དགོས་བར་།ཉིན་གུང་གི་དུས་སུ་ཞོགས་པར་འཁྲུལ་ཏེ་དུང་ཞིག་བུས་བ་ལ་ངོས་འཛིན་དགོས་པ་དང་།ལྷག་པར་རང་གིས་རང་གི་ལྟ་བ་ནོར་འཁྲུལ་ཅན་དེ་ངོས་ཟིན་ནས།་འགྱོད་སེམས་ཞིག་གིས་ངོས་ནས་བྲིས་པ་ཡིན་པ་ལ་ངོས་འཛིན་བྱེད་ན་འགྲིག་འདུག་སྙམ་།རྒྱུ་མཚན་ཅི་ཡིན་ཞེ་ན་།
གཅིག།སྤྱིར་བཏང་དེང་དུས་ས་འཁྲུགས་།གནམ་གཡོས་ཚར་ཡོད་པ་དང་།གནམ་ས་གོ་འབྱེད་ཀྱང་སྔོན་ནས་ཕྱེ་ཚར་བ་ཤིག་རེད་།དཔེ་དེབ་འདི་ནི་ཉིས་སྟོང་དྲུག་གི་ལོའི་སྲམ་བསྲེགས་ལས་འགུལ་ཆེན་མོའི་བྱུང་བའི་རྗེས་ཀྱི་ལོ་གསུམ་དང།ནགས་ཚང་ཞུ་ལུ་དང་བྱ་མདོ་རིན་བཟང་གིས་སོགས་ཀྱིས་སྙིང་སྟོབས་དྲི་མ་མེད་པ་ལས་བྱུང་བའི་བསྟན་བཅོས་རྣམས་བརྩམས་པའི་་རྗེས་ཀྱི་ལོ་གཉིས་དང།ལྷག་པར་ཏུ་ས་བྱ་ལོའི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་ཀྱི་ལོ་གཉིས་ཀྱི་རྗེས་སུ་བྱུང་བའི་སྐད་སྒྲ་མང་པོ་ནང་ནས་ཉིན་གུང་གི་དུང་སྒྲ་ཤིག་རེད་།
གཉིས་།ཞོགས་དུང་གིས་ནུབ་ཀྱི་ལོ་རྒྱུས་དང་།དམངས་གཙོ་ལྟ་བ་སོགས་ལ་བཏུས་ལུང་བཏུས་མང་པོ་བྱས་ནས།་ནུབ་ཀྱི་ལོ་རྒྱུས་དང་།ལྟ་གྲུབ་སོགས་མང་པོ་ཤིག་བཤད་གིན་འདུག་མོད།དོན་གྱིས་ཁོ་རང་ནུབ་ཀྱི་དམར་པོའི་ལྟ་བའི་ལོ་རྒྱུས་ལྟ་བའི་གྲུབ་མཐའ་དང་།ཁྱད་པར་ཏུ་ཨ་རིའི་མཁས་བ་གྲགས་ཅན་ལོ་ལྦེ་སི་ཧ་རི་མོ་རྒན་ (Lewis Henry Morgan) གྱིས་1887ལོར་བརྩམས་པའི་དཔེ་དེབ་གནའ་བའི་མི་སྡེ་ (ancient society) ཟེར་བ་དག་ལས་གཞན་ཅི་ཡང་མི་འདུག།ལྟ་བ་དེ་ནི་རྒྱ་ནག་དུ་ཧྥེ་ཞོ་ཐུང་(费孝通)ཟེར་བ་དེ་སྤེལ་བ་ཡིན་པས།ད་ལྟ་ཡང་ཤུགས་ཆེན་པོ་ཡོད།
གསུམ་།གནམ་ས་གོ་འབྱེད་དུ་།བཙན་པོ་འཛམ་གླིང་རྒྱས་བཤད་དང།ཀུན་མཁྱེན་གྲུབ་མཐའ་སོགས་ལ་ཚིག་འགའ་ཤས་ལབ་ཡོད་པ་ཆེས་མ་དག་པ་།རྨོངས་བཤད་མང་དུ་འདུག་མོད་།འདིར་བརྗོད་བྱ་མ་ཡིན་པས་མི་གླེང་བར་བྱ་།སྤྱིར་བཏང་དེང་དུས་ལས་བྱེད་པ་ཤེས་ཡོན་ཅན་དག་གི་སེམས་ཁམས་དེ་ཧ་ལས་བ་ཤིག་འདུག་།རྒྱུ་མཚན་དང་དཔྱད་པ་སོགས་ཅི་ཡང་མེད་པར་།ཁ་ནས་སྐད་ཆ་ཆེན་པོ་ས་སྟེང་མི་ཤོངས་བ་འགའ་ལབ་ཀྱིན་འདུག་མོད་།ནམ་ཡང་དེ་ལྟར་རྫུན་མདོག་ཅིག་བསྟན་དགོས་བའི་བསམ་པ་དེ་གང་ནས་བྱུང་བ་ཡིན་ནམ།འདི་ལ་ཞིབ་དཔྱད་བྱ་དགོས།
བཞི་།་ཞོགས་དུང་གིས་ལྟ་བའི་སྐོར་ལ་སྐད་ཆ་འགའ་བཤད་བཞིན་འདུག་།སྤྱིར་བཏང་ཞོགས་དུང་གིས་ནུབ་ཀྱི་Individualism་ཟེར་བ་དང་།རྒྱ་ཡིག་ཐོག་个人主义 དེ་བོད་ཡིག་ཏུ་༼བདག༽ཅེས་བསྒྱུར་ནས།བོད་ཀྱི་བདག་མེད་ཀྱི་ཚིག་སོགས་གོ་ཡོང་དུས་།བོད་ཀྱི་ཆོས་ནི་བདག་མི་འདོད་པའི་ཆོས་ཞིག་ལ།བག་འཁུམས་ཀྱི་ཆོས་ཤིག་གོ་ཞེས་དཔེ་དེབ་འགའ་བརྩམས་པ་རེད་།་ཕྲན་གྱིས་ཐོག་དང་པོར་བདག་ཚོགས་པའི་དཔེ་དེབ་དེ་དག་མཐོང་དུས་དགོད་མོ་ཆེན་མོ་ཤིག་བགད་དེ་བསྡད་པ་ཡིན་།རྒྱུ་མཚན་ཅི་ཡིན་ཞེ་ན་།ཁོ་ཚོས་ནུབ་ཀྱི་ Individualism གྲུབ་མཐའི་ནང་དོན་ཞིག་རྩ་བ་ཉིད་ནས་གོ་ཐུབ་མི་འདུག་པའི་ཁར་།ད་དུང་ནང་ཆོས་ཀྱི་དགོངས་དོན་རྣལ་མ་ནི་རྩ་བ་ཉིད་ནས་ཧ་གོ་གིན་མི་འདུག།བཤད་ཚུལ་མང་པོ་འདུག་མོད་།སྤྱིའི་ཆ་ནས་གྲུབ་མཐའ་འདིའི་གཞི་ལམ་འབྲས་གསུམ་གྱི་ནང་གི་གཞི་ནི།རང་ལས་ཐ་དད་པའི་ཕུང་བོ་ཤིག་ལ་བརྟེན་པ་ཅི་ཡང་མེད་། དཔེར་ན་མི་གཞན་དང་།ཚོགས་པ་སོགས་ལ་བརྟེན་པ་མེད་པར་མི་སོ་སོ་རང་གིས་འདི་ཕྱི་གཉིས་ཀྱིས་རྒྱུ་གསོག་པ་དང་འབྲས་བུ་མྱོང་དགོས་བར་འདོད་པ་དེ་ལ་ Individualism ཟེར་།བོད་སྐད་དུ་སོ་སོའི་གྲུབ་མཐའི་སྨྲ་བའམ།རང་བཞིན་གནས་རིགས་ཀྱི་ལྟ་བ་ཞེས་བཏགས་ན་ལེགས་པར་སེམས་།ནང་བའི་ཆོས་སུ།འགྲོ་བའི་སྡུག་གིས་ཕྱག་གིས་མི་སེལ་ལ།ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ།ཞེས་གང་ཟག་སོ་སོས་རང་གིས་ལས་རྒྱུ་འབྲས་སོགས་ལ་བརྟེན་ནས་འཚང་རྒྱ་བར་བྱ་དགོས་བ་དང་གནད་གཅིག་ལ་འབབ།དེ་བས་ནང་ཆོས་ནི་རང་བཞིན་གནས་རིགས་འགོག་མཁན་ཤིག་རེད་ཅེས་སྨྲས་ན་།དེ་ལས་བླུན་པོ་ཤིག་ག་ན་ཡོད།
མཐའ་མ་ནི་།ས་བྱི་་ཞི་རྒོལ་ཆེན་མོ་བྱུང་ནས་ཕར་ཆེར་ལོ་གཉིས་ཀྱི་ཉིན་གུང་ཞིག་ལ་གློ་བུར་ཏུ་ཞོགས་དུང་གིས་དུང་ཞིག་བུས་བ་ནི་བོད་མི་རྣམས་གཉིད་ལས་བསླངས་བའི་དུང་སྒྲ་ཤིག་ནམ་ཡང་མ་ཡིན་ནའང་།ཉིང་གུང་ཚ་གདུང་གི་དུས་སུ་བུ་ཞིག་སྐྱེས་ཟིན་པ་དང་།ཆོས་ཡོད་བར་དོ་ཁམས་སུ་གནས་བ་དང་།ཁྲིམས་མུན་དུ་ཚུད་པ་།དེ་བཞིན་ཆོས་མེད་རྒྱལ་གཅེས་སྙིང་སྟོབས་ཅན་དག་ལ་མ་ཞུམ་སྙིང་སྟོབས་སྐུལ་བའི་དུང་བརྡ་ཤིག་དངོས་གནས་ཡིན།
འདི་ངེས་པར་ཏུ་བརྗོད་དགོས་བ་ཞིག་ལ་།ཞི་རྒོལ་ཆེན་པོ་འདི་ཐོག་དང་པོ་ནས་་ཞོགས་དུང་གིས་རང་གིས་དགག་བྱ་གྱུར་པའི་ཆོས་བ་ཉམས་ཆུང་བ་དང་།བོད་མི་མང་གིས་བསླངས་བ་ཡིན་ཞིང་།ཁོ་ཚོ་སེམས་ཀྱི་་ལྟ་བ་གཙོ་བོ།གཞན་དོན་ཁུར་ཏུ་ལེན་པའི་བྱམས་དང་།སྙིང་རྗེ་།ཞི་བདེ་སྙིང་སྟོབས་ལ་བརྟེན་ནས་བྱུང་བ་ཡིན་པ་ལས་།ཞོགས་དུང་སོགས་ཀྱིས་ཡང་ཡང་སྐུལ་བའི་”བདག”༼དོན་གྱིས་རང་ཁོ་ནའི་ལྟ་བ༽གི་ལྟ་བ་དང་།”སྙིང་སྟོབས”༼དམར་སྲུང་དམག་གིས་རྙིང་བ་བཅོམ་པའི་སྙིང་སྟོབས༽བདེན་པ༼དམར་པོའི་ལྟ་བ༽རྣམས་རྩ་བ་ཉིད་ནས་མིན་པས་བོད་ཀྱི་ཞི་རྒོལ་ཆེན་མོ་འདི་ཞོགས་དུང་གི་ལྟ་བ་དང་འབྲེལ་བ་ཅི་ཡང་མེད།
མཐའ་མ་ངེས་པར་ཏུ་ཞུ་དགོས་རྒྱུ་ཞིག་ལ།སྐུ་ཞབས་དུང་ལགས་ཀྱིས་སྙིང་སྟོབས་ཆེན་མོའི་དཔེ་དེབ་འདི་བྲིས་བ་ལ།བོད་ནང་གི་བོད་མི་ཡོངས་དང་འདྲ་བར་ཁོང་ལ་ཆབ་སྲིད་ཀྱི་འཇིགས་སྣང་ཆེན་པོ་ཤིག་བཟོས་ཡོད་པ་མ་ཟད།ལས་ཀ་སོགས་ནས་ཕྱིར་ཕུད་བྱེད་ཏེ་སྟབས་མི་བདེ་བ་ཞིག་ཏན་ཏན་བཟོས་ཡོད་་ཀྱིན་རེད་།དེ་བས་ང་ཚོ་བློ་སེམས་གཅིག་སྒྲིལ་གྱིས་ཁོ་ཚོ་རྒྱབ་སྐྱོབ་དང་།སྙིང་སྟོབས་ལ་རྗེས་སུ་ཡིད་རངས།ཁྱད་པར་ཁོང་གིས་སྨྱུག་རྩེ་ལས་བྱུང་བའི་སྐད་ཆ་དེ་དག་བོད་གཅིག་པོ་མི་ཚད་འཛམ་གླིང་དུ་ཁྱབ་པར་བྱ་དགོས་ཞིང་།ཁོང་གིས་ག་རེ་གསུངས་བ་དེ་གཙིགས་སུ་མ་བཟུང་བར་།ཁོང་གི་སྐད་ཆ་བཤད་ཆོག་པའི་ཐོབ་ཐང་དེ་གང་ཅིཨི་ཐད་ནས་བརྩི་བཀུར་དང་རྒྱབ་སྐྱོབ་བྱ་དགོས་།ལྷག་པར་ལོ་རྒྱུས་འཇིགས་སྣང་ཅན་འདི་འདྲའི་སྐབས་སུ་སྐད་ཆ་དྲང་མོ་དང་།བདེན་པ་སྒྲུབ་པ་ནི་སྐྱེ་བོ་ཀུན་གྱི་མཆོག་ཡིན།ཞེས་ཀློག་མཁན་ཞིག་གིས་ཟླ་༤ཚེས༡༠་ཉིན།
ཡ་ཡ། གོང་གི་བླ་རྒན་དེ་བྱང་ཆུབ་སེམས་དཔའ་ཞིག་རེད། ཞོགས་དུང་བོད་པའི་དཔའ་རྒོད་ཅིག་རེད། ཡིན་ན་ཡང་ལྟ་བ་འདྲ་མིན་ཡོད་པ་རེད། ལྟ་བ་མ་འདྲ་བས་མི་དེ་མི་རིགས་ཀྱི་དཔའ་བོའི་གྲས་ནས་སྤྱུག་ཐུབ་ཀི་མ་རེད། ལྟ་ལོག་པ་ཞིག་ཡིན་ཞེས་ཁོ་རང་གིས་ངོས་ལེན་བྱས་ཡོད་པ་རེད། ཞོགས་དུང་གི་ལྟ་བ་ལོག་ས་དེ་བོད་པའི་རིག་གཞུང་གཅིག་པོ་མ་ཡིན་པར་རྒྱ་ནག་གི་ཆབ་སྲིད་ལངས་ཕྱོགས་ཀྱང་ཡིན་པ་གནམ་ས་གོ་འབྱེད་ཀྱིས་གསལ་བོར་བསྟན་འདུག དེ་ཙམ་ཡིན།
མགོ་རུལ་།ཁྱོད་ཀྱིས་བཤད་པ་དེར་འཐད་པ་རེད་།ལྟ་བ་གང་ཞིག་འཛིན་རྒྱུ་ནི།མི་སྒེར་རང་རང་ནས་ཐག་གཅོད་རྒྱུ་ཤིག་རེད།བོད་ཀྱི་སྤྱི་དོན་དང་འབྲེལ་བ་ཆེན་པོ་མི་འདུག།ཡིན་ནའང་ལྟ་བའི་གནད་ག་རེ་ཡིན་པ་དང་།ལོ་རྒྱུས་དངོས་ཞིག་བརྗོད་རྒྱུ་ནི་གལ་ཆེན་པོ་ཤིག་ཆགས་འདུག་བསམ་གིན་འདུག།
ཀློག་པ་དེ་ལ།
ཁྱེད་རང་གིས་བོད་མི་མང་དང་།སྐབས་འཚོལ་རིང་ལུགས་བར་གྱི་གཉིས་ཀྱི་བར་ཏུ་ད་དུང་བོད་མི་འགའ་ཤས་འདུག་བསམ་གིན་འདུག།དེ་ནི་རྒྱལ་གཅེས་མགོ་གཉིས་མ་དག་རེད་།བོད་ཀྱི་ལས་བྱེད་མང་ཆེ་ཤོས་དང་།ཡོན་ཏན་པ་ཡིན་ཟེར་བ་མང་ཆེ་ཤོས་ནི་འདིའི་གྲས་རེད་བསམ་བཞིན་འདུག་།ཁོ་ཚོའི་ལུས་ཀྱི་བརྟེན་ས་ནི་རྒྱ་གཞུང་ཡིན་མོད་།སེམས་དང་བསམ་པའི་ཐོག་ནས་བོད་ཟེར་བ་འདི་ཡོད་པ་མ་ཟད།གོ་སྐབས་གང་ཡོད་ལ་བརྟེན་ནས་བོད་ཀྱི་ལས་དོན་སྒྲུབ་བཞིན་ཡོད།དེ་བས་རང་དབང་མེད་པ་དང་།འཇིག་རྟེན་མཐུན་སྤྱོར་གྱི་མགོ་གཉིས་ཡོད།དེ་དང་བསྟུར་ན།སྐབས་འཚོལ་བ་ནི་ཉུང་ཉུང་རེད།འདི་གཉིས་ཀྱི་ཁྱད་པར་ནི་ཤིན་ཏུ་གལ་ཆེ་བས་།རྗེས་སུ་འདི་ལྟར་ཁྱད་པར་ཕྱེ་བའི་རེ་བ་ཡོད།
ཀློག་པ་པོ་།ཞེས་བཅོས་རོགས་གནང།
ཞོགས་དུང་གིས་བྲིས་པའི་གནམ་ས་གོ་འབྱེད་ཅེས་པའི་དེབ་དེ་ནི་ལོ་རྒྱུས་ཀྱི་དོན་སྙིང་ཡོད་པའི་དེབ་ཅིག་རེད། གལ་སྲིད་དེ་ལ་གདེང་འཇོག་དང་དཔྱད་བརྗོད་སྤེལ་ན་བོད་ཀྱི་མིག་སྔའི་ཛ་དྲག་གནས་བབ་དང་དེབ་དེས་སྤྱི་ཚོགས་ཁྲོད་ཐོན་དང་ཐོན་སྲིད་པའི་ཤུགས་རྐྱེན་གྱི་ཕྱོགས་ནས་གླེང་ན་འོས་ཤིང་འཚམས་པར་མཐོང། ཚིག་དུམ་སྒྲིག་ནས་སྐྱོན་བརྗོད་བྱ་ས་ཞིག་ཨེ་རག་ལྟ་བ་དང། བསམ་བློ་དང་ལྟ་ཚུལ་གྱི་ཕྱོགས་ནས་རང་དང་མ་མཐུན་པ་ཙམ་གྱིས་ལོག་ལྟ་ཆད་ལྟ་སོགས་སུ་སྒྲོག་མཁན་ཡོང་ཆོག་ཀྱང། ཤེས་ལྡན་མི་སྣ་ཡིན་ཟེར་མཁན་ཚོས་གནད་དོན་འདིའི་ཐད་བསམ་གཞིག་གཏོང་དགོས་པར་མཐོང་སྟེ། གང་ཏུ་བསམ་བློ་དང་ལྟ་བ་སྣ་གཅིག་ལས་གླེང་སྤྱོད་མི་ཆོག་པའི་ཁོར་ཡུག་ཏུ་དོན་དམ་གྱི་རང་དབང་མེད་ལ། ཧ་ཅང་གདུག་རྩུབ་ཅན་ཞིག་ཡིན་པ་འུ་ཅག་མང་པོ་ཞིག་གི་མྱོང་པས་ཀྱང་ཤེས་པས་སོ།
དུས་ཆར་གྱིས་བཤད་པ་དེ་བདེན་པ་རེད།
གཅིག།ང་ཚོས་ཞོགས་དུང་གིས་བྲིས་བའི་དཔེ་དེབ་འདི་ལོ་རྒྱུས་ཀྱི་དོན་སྙིང་གང་འདྲ་ཡོད་པ་ནས་གླེང་དགོས་།དེ་ན་ཐོག་མར་དོན་སྙིང་གང་ཡོད་པ་དེའི་གཏན་ལ་འབེབས་དགོས་།དེ་ན་དོན་སྙིང་གང་ཡིན།
གཉིས་།དཔེ་དེབ་ལ་དོན་སྙིང་ཡོད་པ་མ་ལྟོས་བར་།དུས་སྐབས་འདི་སྐབས་སུ་ཞོགས་དུང་གིས་དཔེ་དེབ་ཅིག་བྲིས་བ་ནི་བོད་མི་གཞན་དག་དང་འདྲ་བར་།སྙིང་སྟོབས་ཆེན་པོ་ཡོད་པ་དང་།རྒྱལ་ཞེན་ཆེ་བའི་རྟགས་རེད།འདི་ལ་རྩོད་པ་ཅི་ཡང་མི་འདུག།
གསུམ།ཞོགས་དུང་གིས་དཔེ་དེབ་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཁོ་ན་ལ་དངོས་མ་བཟུང་བར་ཁོང་ལོ་རྒྱུས་ཀྱི་ལྟ་བ་ནས་གླེང་ཡོང་དུས་།ང་ཚོས་ཀྱང་ལྟ་བས་ཐོག་ནས་གླེང་དགོས་བཞིན་ཡོད་།དེ་འཛམ་གླིང་ཡོངས་ཀྱི་འགྲོ་སྟངས་ཤིག་རེད།
བཞི།འདིར་རྒྱ་གཞུང་མ་གཏོགས་མི་སུ་ཤིག་གིས་ཀྱང་ཞོགས་དུང་གིས་་སྐད་ཆ་དེ་འདྲ་གླེང་མི་ཆོག་པ་དང་།ལྟ་བ་དེ་འདྲ་འཛིན་མི་ཆོག་ཟེར་གྱིན་མི་འདུག་ལ་།ཁོར་ཡུག་སྤྲོད་མི་ཆོག་ཟེར་གིན་མི་འདུག།དེ་བས་ཁྱེད་ཀྱིས་དོན་མེད་ཀྱི་སྐྱོན་འཛུགས་དེ་།དོན་མི་རྩོད་པར་ཆབ་སྲིད་ཀྱི་སྐད་ཆ་ཤིག་རེད།ང་ཚོས་ངེས་པར་ཏུ་ཞོགས་དུང་གིས་སྐད་ཆ་དེ་འདྲ་བཤད་ཆོག་པའི་ཆབ་སྲིད་ཀྱི་ཁོར་ཡུག་དང་།གླེང་མོའི་དབང་ཆ་སྤྲོད་དགོས་།དེ་བཞིན་ཁོས་བཤད་པའི་སྐད་ཆ་ཐམས་ཅད་ལ་མཁས་བའི་ཚིག་དང་ངོས་འཛིན་བྱས་བརྟག་དཔྱད་བྱེད་དགོས་།དེ་བས་ཁྱོད་ཀྱིས་ཆབ་སྲིད་ཀྱི་སྐད་ཆ་དེ་དག་ཁྱེར་མ་ཡོང་།སུ་ལའང་ཕན་ཐོགས་མི་འདུག།
Hi!
Friends, first all of this letter, I have to say I am very sorry actually I really like to write Tibetan but in my computer it doesn’t have Tibetan form so I have bee writing in English. Second my English also it is broken, because had to learn it only few months. Anyway, sometime all of us have different opinion and ideas but we have to say very carefully how to do best way to go our mean goal. If you we always uncomfortable feeling to show inside, it is really nothing point or it doesn’t have anything purpose. So I really agree with Du-Char. Thanks for a lot to you. I will try to put Tibetan form in my computer if It will be ok than we can more discus about Zhogs-Dung.
Kunga
ཆོལ་གསུམ་དང་དུས་ཆར་གཉིས་ཀྱིས་གོང་གི་རྩོམ་དེའི་ནང་དོན་གསལ་བོ་ཞིག་རྟོགས་བསམ་མི་འདུག།
གོང་དུའང་བཤད་སོང་།
གཅིག་།
ཞོགས་དུང་གིས་ང་ཚོའི་ལྟ་བ་གང་ཡིན་ལ་དགག་པ་རྒྱག་ཆོག་ཆོག་བཞིན་དུ་།ང་ཚོས་ཀྱང་ཁོ་ལ་དགག་པ་རྒྱག་ཆོག་པའི་ཁོར་ཡུག་ཅིག་ངེས་པར་ཏུ་སྐྲུན་དགོས་།འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།ཞོགས་དུང་གིས་རྒྱུ་མཚན་འདི་ཧ་གོ་ངེས་རེད་སྙམ་པའི་ཡིད་ཆེད་ཡོད།
གཉིས།ལོ་རྒྱུས་དང་ལྟ་བ་གང་ཐད་ནས་།ཞོགས་དུང་དཔེ་དེབ་འདི་ལ་དོན་སྙིང་གང་འདྲ་ཡོད་པ་རྟོག་དཔྱོད་བྱ་དགོས་།བདེན་པ་ཤིག་བཤད་རྒྱུ་ཤིན་ཏུ་ནས་གལ་ཆེ།
ཧ་ཧ། གོང་གི་རྩོམ་པ་པོ་དེས་འདིར་མཆན་འགོད་ཀྱིན་ཡོད་པ་འདྲ། (Individualism ཟེར་།བོད་སྐད་དུ་སོ་སོའི་གྲུབ་མཐའི་སྨྲ་བའམ།རང་བཞིན་གནས་རིགས་ཀྱི་ལྟ་བ་ཞེས་བཏགས་ན་ལེགས་པར་སེམས་། ཟེར་)འོན་ཀྱང་སོ་སོའི་གྲུབ་མཐའ་སྨྲ་བ་དང་། རང་བཞིན་གནས་རིགས་ཞེས་པ་གཉིས་ནང་ཆོས་ཀྱི་ནང་དུ་དོན་རྩ་བ་ནས་ཐ་དད་རེད་ལ། སོ་སོའི་གྲུབ་མཐའ་སྨྲ་བ་ཞེས་པ་ནི། བྱེ་བྲག་སྨྲ་བ་སོགས་སོ་སོའི་གྲུབ་མཐའ་སྨྲ་བ་ལ་ཟེར། དེ་ནས་རང་བཞིན་གནས་རིགས་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་ཟེར་བ་རྒྱུད་བླ་མའི་བསྟན་བཅོས་སོགས་སུ་ཡོངས་གྲགས་ཡིན་པ་ལས་ Individualism འདི་ལ་མི་ཟེར་རོ། །
ནང་ཆོས་དང་ནུབ་ཀྱི་གྲུབ་མཐའི་ལུགས་ཉུང་ཙམ་སྤྱོང་ཡོད་ན།ནུབ་ཀྱི་Individualism་གྲུབ་མཐའི་སྨྲ་བ་དག་གིས་འདོད་པའི་གཞི་དང་།ནང་བའི་བསྟན་བཅོས་དག་ལས་བྱུང་བའི་རང་བཞིན་གནས་རིགས་གཉིས་གཅིག་མིན་པ་ནི་སུས་ཀྱང་བལྟས་ན་ཤེས་གསལ་རེད་།ཡིན་ནའང་སྒྲ་ཡངས་མཇུག་གིས་དབང་དུ་བྱས་ན་སོ་སོར་གྲུབ་མཐའ་སྨྲ་བའམ།ཁྱད་པར་ནུབ་ཀྱི་རང་བཞིན་གནས་རིགས་ཀྱི་ལྟ་བ་ཞེས་བཏགས་ན་Individualismཟེར་བའི་གྲུབ་མཐའ་གཞི་དང་ཅུང་ཟད་ཐག་ཉེ་བར་སེམས་།
དེ་བཞིན་ཕྱི་རོལ་དང་ནང་བ་གཉིས་ཀྱི་ཐར་བ་དང་།བདག་དང་།གཞི་ལམ་འབྲས་གསུམ་སོགས་ཚིག་གཅིག་བཀོལ་བཞིན་ཡོད་ནའང་།མཚན་ཉིད་གཅིག་མ་ཡིན་པ་དེ་འདྲ་རེད།དཔྱད་པར་བྱ་ཤིན་ཏུ་ནས་མང་པོ་འདུག་མོད།ད་ལམ་འདི་ཙམ།
རང་བཞིན་གནས་རིགས་ཀྱི་མཚན་ཉིད་ཅིག་ཞོག་དང་།དེ་ནས་གོང་གི་སྐད་ཆ་དེ་ལ་རྒྱུ་མཚན་ཡོད་མེད་ཧ་གོ་ཡོང་གིན་རེད་།
ཚིག་རྫོབ་འཚང་ཁ་ཤིག་ཤིག ལུག་རྭ་ནང་བཅུག་འདྲ་འདི་ཀློག་མ་སྤྲོ་བར་བསྡད་ཡོད་རུང། མཆན་རེ་ཟུང་གིས་མ་ཀློག་རང་ཀློག་བྱས་སོང་།
༡ དུས་འགྱུར་ཞིག་མ་རེད།
༢ ལྔ་བཅུ་ང་དགུ་ནས་ད་ལྟ་བར་གྱི་བོད་དོན་ལས་འགུལ་ནང་། མཐོ་བ་དཔོན། བླ་མ། གྲྭ་པ། ཏང་ཡོན། ལས་བྱེད་པ། ཡོན་ཏན་པ། སློབ་མ། མི་མང་དཀྱུས་མ། མདོར་དེད་ན་སྐྱ་སེར་ཕོ་མོ། མཐོ་དམན་ཚང་མ་ཡོད་པ་རེད།
དེ་འདྲ་སོང་ཙང་། རྒྱལ་བ་རིན་པོ་ཆེས་ཀྱང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚང་མ་དང་། ཏང་སྲིད་དམག་གསུམ་གྱི་ལས་བྱེད་པ་ཚོར་ཡང་བསྔག་བརྗོད་བྱས་པ་ལྟར་རེད། ཏིན་ཞའོ་ཕིང། འཆི་ཁའི་མིག་མ་བཙུམ་སྔོན། ཏང་ནང་དུ་བསྡད་ནས་མི་རིགས་ཁ་བྲལ་སྤེལ་བར་སེམས་ཁྲལ་ཡོད་ལབ་ནས་ཕྱི་མར་གཤེགས་པ་དེས་ཀྱང་ཤེས།
༣ བོད་ནང་གི་ལས་བྱེད་པ་ཚོར་སྐྱོན་བརྗོད་བྱས་པ་དེའང་ཚིག་པ་གླང་ལ་ཟོས་ན་གླང་ལྕག་རྟ་རེད། གཞུང་གི་ཕོགས་ཟ་གི་ཡོད་ནའང་ཞབས་ཞུ་སྒྲུབ་ས་བོད་མི་མང་རེད། ང་ཚོ་རྟ་དང་གུང་གཞུང་སྲབ་རེད། སྟབས་བསྟུན་བྱེད་དགོས་རྒྱུ་རེད། ཁྱེད་རང་ཕྱི་ལོགས་སུ་ཡོད་ནའང་མིང་ཙམ་ཡང་གླེང་ཕོད་གི་མེད་པ་དེ་ལའང་བསམ་བློ་ཞིག་ཐོང་།
༤ ཚིག་ཐལ་སོང་བ་མང་པོ་འདུག ཆད་སོང་བའང་མང་པོ་འདུག གནམ་ས་གོ་འབྱེད་རང་གི་ཐོག་གནད་དུ་བཏོན་ནས་དཔྱད་ཞིབ་བྱས་མི་འདུག བརྗོད་དོན་ཉ་ཉོག་ཚང་མའི་རྒྱབ་ལོགས་སུ། སྤྱིར་བཏང་གིལྟ་བའི་ཐོག་ནས་ཞོགས་དུང་ལ་དགའ་མི་དགའ་བ་ཡོད་པ་དེ་ཞི་མིའི་སྐྱག་པ་ས་སྦས་གཏོང་མ་ཤེས་པར་ཕྱི་ལ་མངོན་འདུག
༥ སྙུ་གུའི་རྩེ་མོ་ཅུང་ཟད་ཡོ་འདུག
རྒྱ་ནག་ཉམས་ཞིབ་པའམ་ཀློག་པ་པོ་ལགས། རང་བཞིན་གནས་རིགས་ནི། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་པ་ལྟར། སེམས་ཅན་རྣམས་ཀྱི་རྒྱུད་ལ་རིགས་ཁམས་བདེ་བར་གཤེགས་པའི་སྙིང་སྟོང་གསལ་སྤྲོས་པ་དང་བྲལ་བ་གནས་པ་དེ་ལ་ཟེར་ཞིང་དེས་སེམས་ཅན་རྣམས་ལ་རང་བཞིན་གྱིས་ཁྱབ་པའམ་དེ་གནས་པས་ན་འགྲོ་བ་རྣམས་སངས་རྒྱ་བའི་རིགས་ཡིན་ཞེས་པའོ། ། འདི་ལ་གོ་དོན་ཞིབ་མོ་ཡོད་ནི་རེད། འོན་ཀྱང་སྐབས་མིན་པས་ན་དེ་ཙམ་མོ། །
བདེ་བར་གཤེགས་པའི་སྙིང་པོ་ཞེས་བཅོས་དགོས།
གཞིས་ལུས་བོད་པ་ལགས་།དེ་ཀ་རང་རེད་།འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཞན་ལ་མ་ལྟོས་བར་རང་བཞིན་གྱི་དྲི་བྲལ་གྱི་རང་ཤིག་ཡོད་པ་དེ་ལ་ཟེར་།དེ་ནི་མི་གཞན་དང་ཚོགས་པ་གཞན་གྱིས་སུས་ཀྱང་བཟུང་་མེད་པར་སེམས་ཅན་སོ་སོ་ལ་དབང་བ་དེ་ལ་ཟེར།དེ་ན་ལྟ་བའི་གནད་དེ་ཡང་Individualism་ཟེར་བ་དང་ཅུང་ཟད་ཐག་ཉེ་བར་བསམ་།ནུབ་ཀྱི་ལྟ་བ་འདི་ཡང་ཐོག་མར་ཆོས་ཀྱི་གྲུབ་མཐའ་ལས་བྱུང་ཞིང་།བདེན་པའི་མཐར་ཐུག་དེ་གང་ཟང་སོ་སོ་དང་།དཀོན་མཆོག་གཉིས་ཀྱི་བར་ལས་གཞན་ཅི་ཡང་མེད་ཟེར་བ་དེ་རེད་།འདི་ལ་ཞིབ་དཔྱད་བྱ་དགོས་བ་མང་དུ་འདུག།
མགོན་པོ་ཕྱག་གཉིས་བ་ལགས་།
༡་དུས་འགྱུར་ཅིག་མ་ཡིན་ཏེ།དེ་ན་རྒྱུ་མཚན་ཞིག་གསུང་བར་ཞུ།
༢རྩ་བའི་ཆ་ནས་འཐད་པ་འདུག།ཡིན་ནའང་institutions སྒྲིག་འཛུགས་ཀྱི་ངོས་ནས་བཤད་ན།རྒྱལ་གཅེས་མགོ་གཉིས་མ་རུ་ཆགས་བསྡད་འདུག།སེམས་བོད་དུ་འཁོར་།ལུས་རྒྱ་ནག་ཏུ་བརྟེན།བོད་ལ་institutionsདཔྱད་པའི་གཞུང་ལུགས་ཞིག་ད་ལྟ་བར་ཏུ་ཡོད་སྲོལ་མི་འདུག་པས།འདི་ལ་དཔྱད་པ་གཏོང་བ་ཤིན་ཏུ་གལ་ཆེན་པོ་རེད་བསམ་བཞིན་ཡོད།སྤྱིའི་ཆ་ནས་འདི་ལ་རྩོད་དོན་གཉིས་ཡོད།ཁ་ཅིག་གིས་ཆབ་སྲིད་ཀྱི་གནས་བབས་ལ་བསྒྱུར་དགོས་ན།ངེས་པར་སྒྲིག་འཛུགས་ནང་གི་མི་དག་གིས་བསྒྱུར་དགོས་བ་དང།ཁ་ཅིག་གིས་་institutions་སྤྱིའི་ཆ་ནས་ཆབ་སྲིད་དེ་ལ་ཞབས་འདེགས་བྱ་མཁན་ཞིག་ཆགས་བསྡད་ཡིན་པས་།ཆབ་སྲིད་ཀྱི་སྒྲིག་དེ་གཏོར་དགོས་བ་ཤིག་ལ་ངོས་འཛིན་བྱ་དགོས་།གཉིས་ཀ་ལ་བདེན་པ་དང་།ལུང་འདྲེན་རྒྱུ་མང་པོ་འདུག།
༣སྐད་ཆ་འདི་བདེན་པ་རེད་།སྤྱིའི་ཆ་ན་ཞོགས་དུང་གིས་ཀྱང་རང་མིང་བཀོལ་མི་འདུག།ཡིན་ནའང་ང་ཚོས་ཁོ་སུ་ཡིན་པ་ཧ་གོ་གིན་རེད།དེ་བཞིན་ཀློག་པ་པོས་ཀྱང་རང་མིང་བཀོལ་མི་འདུག་།ཁྱད་པར་ནི་གཉིས་ཀའི་སྡོད་ཡུལ་མི་གཅིག་པ་དེ་རེད།འཇིགས་སྣང་ཡོད་པ་མི་འདྲ་བ་དེ་རེད།སྙིང་སྟོབས་ཆེ་ཆུང་གི་ཁྱད་པར་མ་གཏོགས་དཔྱད་པ་གཏོང་ཆོག་མིན་སྐད་ཆ་ཤིག་མེད་པར་བསམ་།
༤ཁྱོད་ཀྱིས”གནམ་ས་གོ་འབྱེད་རང་གི་ཐོག་གནད་དུ་བཏོན་ནས་དཔྱད་ཞིབ་བྱས་མི་འདུག བརྗོད་དོན་ཉ་ཉོག་ཚང་མའི་རྒྱབ་ལོགས་སུ། སྤྱིར་བཏང་གིལྟ་བའི་ཐོག་ནས་ཞོགས་དུང་ལ་དགའ་མི་དགའ་བ་ཡོད་པ་དེ་ཞི་མིའི་སྐྱག་པ་ས་སྦས་གཏོང་མ་ཤེས་པར་ཕྱི་ལ་མངོན་འདུག”འདི་ཤིན་ཏུ་ནས་གལ་ཆེན་པོ་རེད།རྒྱུ་མཚན་འགའ་ཤས་འདུག་སྙམ།
གཅིག།གནམ་ས་གོ་འབྱེད་ཀྱི་གནད་དེ་གང་ཡིན་ནམ།
གཉིས།ཞོགས་དུང་ལ་དགའ་འམ་མི་དགའ་ཟེར་བ་དེ་གང་ལ་ཟེར་གིན་ཡོད།ཞོགས་དུང་གི་རྩོམ་ལ་དཔྱད་ན་།ཞོགས་དུང་ལ་མི་དགའ་བ་ཆགས་ཀྱིན་ཡོད་དམ།དེ་ན་ཞོགས་དུང་གིས་བོད་ཀྱི་རིག་གནས་ལ་དང།ཆོས་ལུགས་།གྲུབ་མཐའ།དད་པ་ཡོད་མཁན་གྱི་མི་ཚང་མ་ལ་མི་དགའ་བ་རེད་དམ།།ཁོས་དེ་དག་ལ་དཔྱད་པ་གཏོང་གིན་འདུག།
གསུམ།ང་ཚོས་ལྟ་བའི་གཞུང་ཤིག་དང་།གནད་དོན་ངོ་མ་ཤིག་གླེང་ཡོད་དུས་།མི་དེ་ལ་དགའ་མིན་གྱི་སྐད་ཆ་རེ་མ་གླེང་ན་མི་འགྲིག་གམ་།ཀློག་པ་པོ་དེས་ཁོ་ལ་དགའ་མིན་གྱི་སྐད་ཆ་ཅི་ཡང་བཤད་གིན་མི་འདུག་།དེ་བས་ཁོང་གི་སེམས་ཁོང་དུ་ལྡིང་ནས་ཞོགས་དུང་ལ་”མི་དགའ་བ་”ཟེར་བའི་ཚིག་འདི་ཁྱེར་ནས་མ་ཡོང་ན་མི་འགྲིག་གམ།ངས་བདག་ཚོགས་པ་ནང་གི་མི་ཁ་ཤས་ངོ་ཡག་པོ་ཤེས་བཞིན་ཡོད་།ཁོ་ཚོ་ལ་དགག་པའང་རྒྱབ་མྱོང།ང་ཚོའི་བར་ཏུ་ཕན་ཚུན་དགའ་མི་དགའ་བའི་སྐད་ཆ་ཤིག་ད་བར་ཏུ་མེད་།དེ་བས་དམར་བོའི་སེམས་ཁམས་ཀློག་པའི་འཐབ་རྩོད་ཀྱི་སྐད་ཆ་དེ་འདྲ་ཁྱེར་མ་ཡོང་བ་ན་ལེགས་།
རི་བོ་བལྟ་ཞིང་ཆུ་བོ་འཐུང་གིན་ཡོང་།
རྩོམ་པོ་འདིས་མིང་མི་གསལ་བ་ལ་བལྟས་ཡོང་ན།ཞོགས་དུང་ལ་མངོན་གསལ་དོད་པོས་འཚང་འབྱིན་བྱེད་ཕོད་ཀྱི་མེད་པ་ཤུགས་ཀྱིས་རྟོགས་ཡོང་བ་དང་།དུས་དང་དགོས་མཁོ།སྤྱི་ཚོགས་ཀྱི་ངོ་བོ་གང་ལའང་ཆོས་ལུགས་ཀྱི་མཁྲེགས་ཤིང་ཁོ་ནའི་ཚད་ཤིང་འཁྱེར་མཁན་ཞིག་་་ཡང་ན་ལོ་རྒྱུས་ཀྱི་དཔྱད་སྟོབས་རིག་པའམ་དངོས་ཡོད་འཚོ་བའི་བདེན་དོན་ལ་མི་ཕྱོགས་པའི་སྐད་ཆ་ཞིག་ཏུ་འདོད་པས།ང་ཚོས་ཞོགས་དུངས་གླེང་ཞོར་དུ་འདི་ལྟ་བུའི་རྩོམ་པ་པོ་ཁ་ཤས་ཀྱང་གླེང་དགོས་པའི་ཚད་དུ་སླེབས་འདུག་པ་མ་ཡིན་ནམ།
མིག་ཅེར་ཏེ་ཐེངས་གཅིག་བཀླགས་ཟིན། བདེན་རྫུན་མཐའ་གཅོད་དང་། ལྟ་བ་མཆོག་དམན། སྡང་ཞེན་དགྲ་ཉེ། དཔའ་སྡར་མཁས་བླུན་སོགས་ར་རོའི་གཏམ་ལ་ཟ་ཟིས་ལན་སློག་འདུན་མེད། འོན་ཀྱང་ཀ་མེད་སུམ་ཅུའི་སྲོག་དང་འབྲེལ་བའི་རེ་སྐུལ་ཅིག་ཞུ་འདོད་བྱུང་། སྐད་ཀྱི་བརྗོད་པ་དང་། ཚིག་གི་སྡེབ། མིང་དང་ཐ་སྙད་ཀྱི་དག་ཆ་བཅས་རང་སྣང་གང་ཤར་གྱི་ཚུལ་དུ་མི་སྤེལ་བར་བོད་རང་གི་སྐད་བརྡའི་ངོ་བོ་མ་བརླག་པ་ཞིག་ཡོང་བར་རང་ཉིད་ནས་མགོ་རྩོམ་དགོས་ལ། སྐྱ་སེར་རྒན་གཞོན་ཚང་མས་རང་ངོས་ནས་རང་དབང་གིས་སྒྲུབ་ཆོག་པ་ཞིག་ཀྱང་རེད། རང་ལ་ཡོད་པའི་རང་དབང་གི་ཐོབ་ཐང་ཕྲན་བུ་འདི་རང་ནུས་ཅི་ལྕོགས་ཀྱིས་རང་ཡལ་དུ་མི་གཏོང་བར་ཞུ། གཞན། ཁྲིམས་དང་དབང་སྒྱུར་བའི་བཙུར་གནོན་འོག་ལག་པ་ཡར་བཀྱགས་ཤིང་ངོ་གདོང་རྗེན་པར་བསྟན་ཏེ་བདེན་པ་དྲང་བོར་བརྗོད་པའི་སྙིང་སྟོབས་དེ་ནི་མི་ཚང་མས་སྒྲུབ་ཐུབ་པའི་ལས་ཞིག་ག་ལ་ཡིན་དེ་མ་ཡིན་ནོ། འོན་ཀྱང་། དེང་སྐབས་རྒྱ་ནག་དུ་དར་ཆེ་བའི་ཚོང་རྟགས་རྫུན་མ་ལྟར། རང་ཉིད་ཀྱི་ངོ་རྟགས་འཛིན་པར་བྱེད་པའི་རང་གི་མིང་ཙམ་ཡང་། རང་དབང་ལུང་པ་ནས་རང་རྩོམ་གྱི་སྟེང་ལ་འབྲི་མི་སྤོབས་པའི་སྙིང་ཁམས་འདི་ཙམ་གྱིས་མི་རིགས་རྒྱལ་ཁབ་ཀྱི་རང་དབང་བརྩོད་ལེན་བྱ་ཐུབ་རྒྱུ་ཕར་ཞོག ཐ་ན་ནམ་ཞིག་རང་ཉིད་རང་ལའང་ལྐོག་གྱུར་དུ་མི་འགྱུར་བས་ངེས་བ་མེད་པས་ན་ངན་གཤིས་འདི་རིགས་སྙིགས་དོར་ཡོང་བར་ཚང་མས་དོ་སྣང་གནང་རྒྱུ་གལ།
རྡུལ་ཕྲན།
རེད་ལགས་།ཚང་མ་གླེང་དགོས་ནི་རེད་།མིང་བཀོད་ཡོད་མེད་ཐབས་ཅད་གླེང་དགོས་ནི་།ལྷག་པར་ཏུ་ལོ་དྲུག་ཅུ་ཙམ་ཞིག་ལ་།ང་ཚོས་རྟག་པར་ནམ་ཡིན་ཡང་འདི་འདྲ་གླེང་ཡོད་པ་མ་ཚད་།
“ཆོས་ལུགས་ཀྱི་མཁྲེགས་ཤིང”༼རྙིང་ཞེན༽”་ལོ་རྒྱུས་ཀྱི་དཔྱད་སྟོབས་རིག་པ”༼དོན་གྱིས་ལོ་རྒྱུས་དངོས་རྩོད་རྩོད་སྒྲུབརིག་པའམ་ the Historical materialism༽”དངོས་ཡོད་འཚོ་བའི་བདེན་དོན་”༼ལྷ་མེད་སྨྲ་བ༽
དེ་དག་གི་དགོངས་དོན་ཐམས་ཅད་དངོས་སུ་ཡང་བཏབ་ཡོད་པ་རེད།དེ་བས་ད་ལྟ་ང་ཚོས་གོང་གིས་ཚིག་ཉུང་ཉུང་དེ་འདྲ་ཞིག་བྲིས་ནས་སྐད་ཆ་བཤད་ནའང།དོན་གྱིས་ནུབ་དང་ཤར་གྱི་གྲུབ་མཐའི་ལྟ་བ་མཚོན་པའི་ཚིག་ཅིག་མ་བཀོལ་བར་སྐད་ཆ་བཤད་མི་ཐུབ་པའི་བཟོ་རུ་འདུག།ཉེན་ཁ་ཆེ་བ་ཞིག་ལ་ང་ཚོས་བོད་ཀྱི་མཁས་བ་སྔོན་མ་དག་ལ་ཚིག་འདི་དག་གི་ནང་དོན་དང་།ལྟ་བའི་གནད་ལ་དཔྱད་པ་ཙམ་གྱི་སྐལ་བ་ཡང་མ་སྤྲད་པར།ལ་ལ་བསད་།ལ་ལ་ཁྲིམས་མུན་དུ་བཅུག་ནས་བཞག་པ་རེད།ད་ནི་དེ་དག་གི་དོན་སོགས་གསལ་བོ་རྩོད་དགོས་བ་མ་ཟད་།ཚིག་རེ་རེ་ནས་རྩོད།དེ་ནས
་ཞོགས་དུང་སོགས་ཀྱི་ལྟ་བ་ངམ་ངམ་ཤུགས་ཀྱི་ཡོང་གིན་རེད།དེའི་རྗེས་ཀློག་པ་པོ་དེའི་མིང་ཡང་ཐོན་ཡོང་བའི་ཡིད་ཆེས་ཡོད།
ད་ནི་རྩོད་པའི་དུས་ལ་བབས་།བསམ་པ་རྣམ་དག་དང་།ཕྱི་ནང་གི་རིགས་པ་དཔུང་དུ་བཞག་ནས་རྩོད་།རྩོད་རྒྱུའི་སྙིང་སྟོབས་ཡོད་དམ།
ཚེ་རིང་རྒྱལ།
ཁྱོད་ཀྱི་རྩོམ་པ་པོ་དེའི་མིང་ཤེས་ནས་ཇི་ལྟར་བྱ་རྩིས་ཡོད།ང་ཚོ་བོད་དོན་འདི་མིང་ལ་ལྟོས་ནས་རྩོད་བཞིན་ཡོད་དམ་།དཔའ་བོ་དང་སྡར་མའི་ཁྱད་པར་སུས་ཤེས་།ད་དུང་མི་ཚེའི་རིང་བོ་རེད་།
ཟླ་བ་འགའ་ཤས་ཀྱིས་སྔོན་དུ་མི་ཚང་མས་ཞོགས་དུང་ལ་བསྡིག་བཞིན་འདུག།ཁྱེད་རང་གིས་སྐད་ཆ་འདི་འདྲ་བཀོལ་བཞིན་འདུག་།དེ་དུས་ཕྲན་སོགས་ཞོགས་དུང་ལ་བསྡིག་པའི་མི་ཚོགས་ནང་དུ་ཞུགས་མེད་།སྐད་ཆ་དྲང་མོ་ཤིག་བཤད་རྒྱུ་གལ་ཆེ།
གནམ་ས་གོ་འབྱེད་ལ་ཤོག་གྲངས་ཉིས་བརྒྱ་དང་གྱ་ལྔ་ཡོད་པ་ལས། ངས་ཤོག་གྲངས་༡༢༡་བཀླགས་ཚར། རྩོམ་པ་པོའི་བློ་སྟོབས་དང་བློས་བཏང་ལ་རྗེས་སུ་ཡི་རངས་ཤོར་བ་མཚུངས་སུ། དཔེ་དེབ་དེའི་དོན་ཁོག་ལ་སུན་སྣང་ཅུང་ཙམ་སྐྱེས་སོང་། ངས་ད་བར་དུ་བཀླགས་པ་ལས་ཤོག་གྲངས་བརྒྱད་ཅུ་དང་གྱ་གཅིག་གཉིས་ཀྱི་ཐོག་ན་ས་བྱི་ལོའི་ཡར་ལངས་ཀྱི་སྐབས་སུ་བོད་པ་བསད་རྨས་དང་འཛིན་བཟུང་བྱས་པའི་གྲངས་ཀ་ལ་ཚོད་དཔག་ཅིག་བྱས་ཡོད་པ་མ་གཏོགས། དེ་འཕྲོས་ཤོག་གྲངས་བརྒྱ་ལྷག་རྩོམ་པ་པོ་རང་གི་བསམ་ཚུལ་དང་ལྟ་བ་རེད། དོན་དངོས་ཀྱིས་བརྒྱ་ཆའི་ལྔ་ཡང་མི་ཟིན་ལ་ལྟ་བ་དང་གཞུང་ལུགས་སྐམ་བཤད་ཀྱིས་བརྒྱ་ཆའི་དགུ་བཅུ་གོ་ལྔ་ལྷག་ཟིན་འདུག ཤོག་གྲངས་བརྒྱ་དང་ཉེར་གཅིག་ནས་མར་ལ་དེ་ལྟར་མིན་པར་དོན་དངོས་མང་ཙམ་བྲིས་ཡོད་པ་ཡིན་ནམ། དེ་ངས་མི་ཤེས། ཀློག་མས་བལྟ་རྒྱུ་ཡིན།
ཞིན་ཅང་འོས་ལངས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ན་ནིང་སྟོན་ཁར་སི་ཡ་ཊོ་གྲོང་ཁྱེར་ན་ཡོད་པའི་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོའི་ནང་ལ་ཚོགས་སོང་།གཏམ་བཤད་གནང་མཁན་ལྔ་ཡོད་པ་ཚང་མ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྐྱང་རྐྱང་རེད། སྤྱི་ཚོགས་རིག་པའི་ལྟ་བ་འདྲ་མིན་དང་གཞུང་ལུགས་འདྲ་མིན་ལ་ཆ་རྒྱུས་ཤིན་ཏུ་ནས་ཀྱང་ཡོད་འོས་ཆེ་བའི་མཁས་པ་དེ་དག་གིས་ལྟ་བ་འདྲ་མིན་དང་རང་རང་གི་བསམ་ཚུལ་བཤད་རྒྱུ་གཙོ་བོར་བཟུང་མ་སོང་། འོས་ལངས་སྐབས་ཀྱི་གནས་ཚུལ་ནི་དུས་ཚོད་རེ་རེ་དང་། གོམ་བགྲོད་བྱས་ནས་སྲང་ལམ་རེ་རེ་ལ་ཐོན་སྐབས་ཀྱི་གནས་ཚུལ་ངོ་མ་ཅི་བྱུང་དང་། རྒྱ་ནག་གི་གསར་ལམ་རེ་རེ་ནས་ཅི་ཐོན། གནས་ཚུལ་ངོ་མ་དང་གསར་ལམ་གནས་ཚུལ་བར་གྱི་ཧེ་བག་ཅི་ཡོད་སོགས་བརྗོད་པ་གཙོ་བོར་བཟུང་ནས་བརྗོད་ནས་ཚོགས་འདུར་ཉན་དུ་ཡོང་བ་རྣམས་ལ་འོས་ལངས་དེ་རང་ཇི་ལྟ་བུ་ཞིག་ཡིན་པ་གསལ་པོ་ཡོང་ཐབས་ལ་འབད་བརྩོན་བྱས་སོང་།
ལྟ་བ་དང་བསམ་ཚུལ་ནི་གནས་ཚུལ་ངོ་མ་ཞིག་ལ་བསམ་བློ་གཏོང་སྟངས་རེད། བསམ་བློ་གཏོང་སྟངས་གང་ཞིག་ཡང་དག་ཡིན་མིན་ནི་དངོས་དོན་གྱི་ཞིབ་ཆའི་ཤེས་ཚད་ལ་རག་ལས་ཡོད། དོན་དངོས་ཀྱི་ཤེས་ཚད་ཅི་ཙམ་གྱིས་ཞིབ་ན་བསམ་བློ་གཏོང་སྟངས་ཀྱང་དེ་ཙམ་གྱིས་ཡང་དག་པ་ཡོང་གི་ཡོད་པ་རེད། དཔེ་དེབ་ཅིག་གི་ནང་དང་གཏམ་བཤད་ཅིག་གི་ནང་དུ་སྤྱིར་བཏང་དངོས་དོན་བྲིས་པ་མང་ཞིང་ལྟ་བ་བྲིས་པ་ཉུང་དགོས། དངོས་དོན་ལས་ལྟ་བ་མང་སྐབས། ལྟ་བ་དེ་དག་བརླན་བྲལ་སྐམ་བཤད་དུ་འགྱུར་ཉེན་ཆེ།
གནམ་ས་གོ་འབྱེད་ཀྱི་ཤོག་གྲངས་བརྒྱ་དང་ཉེར་གཅིག་ནས་མར་ཉིས་སྟོང་བརྒྱད་ལོའི་འོས་ལངས་ངོ་མ་དང་དེ་རྗེས་འབྲེལ་གྱི་དོན་དངོས་མང་ཙམ་ཞིག་བྲིས་ཡོད་པར་སྨོན།
ངས་བསམ་ན་ཞོགས་དུང་གིས་བཤད་སྟངས་ལས་༢༠༠༨ལོའི་ལས་འགུལ་དེ་ནི་ཁོ་རང་གི་བྱས་རྗེས་ཤིག་ཏུ་ཡང་བགྲང་གིན་ཡོད་པ་འདྲ། ཞོགས་དུང་གིས་བག་ཆགས་དོང་སྤྲུགས་སོགས་བརྩམས་པའི་རྐྱེན་གྱིས་བོད་མི་ཚོར་རང་དབང་དང་འདྲ་མཉམ་གྱི་ཆེད་དུ་སྲོག་དང་བརྡོས་ཕོད་པའི་སྙིང་སྟོབས་ཤིག་སྐྱེས་པ་དང་། དེ་ལས་གསར་བརྗེ་བྱེད་ནུས་པའི་ལས་འགུལ་ཞིག་བསླངས་པར་བཤད་འདོད་ཡོད་པ་འདྲ། ཞོགས་དུང་རང་གིས་བག་ཆགས་དུང་སྤྲུགས་ཀྱི་ནང་གི་འབོད་སྐུལ་ངོ་མ་དེ་གསར་བརྗེ་མ་བྱས་ན་བོད་ལ་ཐར་བ་མེད་སྐོར་ཞིག་རེད། གནམ་ས་གོ་འབྱེད་ལས་ད་ནི་བོད་མིས་གསར་བརྗེའི་མགོ་བཙུགས་སོང་བས་ཁོང་ལ་དགའ་བ་སྐྱེས་ཚུལ་སོགས་འདུག་པས་ཕལ་ཆེར་ཞོགས་དུང་རང་གིས་བོད་མི་ལོ་སྟོང་ཕྲག་གི་གཉིད་མོ་ཆེ་ལས་བསླངས་པའི་དོན་ཞིག་བཤད་འདོད་ཡོད་པ་འདྲ། སྤྱིར་བཏང་དེབ་འདི་རང་གི་སྟེང་ལས་ཞོགས་དུང་དཔའ་བོ་ཡིན་དང་མཁས་པ་ཡིན་པ་ཚང་མ་བསྟན་འདུག་པས་རིན་ཐང་ཆེན་པོ་རེད་བསམ་གྱིན་འདུག
ཞོགས་དུང་གིས་བཤད་པའི་རྙིང་ཞེན་ནི
“ཕྱིར་དྲན་ཞིག་བྱས་ན། བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་། བོད་མི་ཚོའི་ཤེས་རབ་དང་བློ་གྲོས། འཇོན་ནུས་མཐའ་དག་ནང་སེམས་ཀྱི་ཕྱིར་དུ་ཤུགས་ཕུལ་ཏེ་སེམས་ཀྱི་དེ་ཉིད་བཙལ་ཅིང་ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས་ཏེ་མི་ལོ་སྟོང་ཕྲག་ཡས་མས་འགོར། དུས་ཡུན་རིང་པོ་དེ་འདྲའི་ནང་ལ། ཁོང་ཚོས་དེ་སྔའི་བཙན་པོའི་སྐབས་ཀྱི་ས་ཁོངས་འདུ་ཤེས་དང་རིགས་རྒྱུད་འདུ་ཤེས། ཁྱིམ་སྲིད་འདུ་ཤེས། དཔའ་བོའི་འདུ་ཤེས་རྣམས་རིང་དུ་སྤངས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཚང་རྒྱ་བའི་གདམས་པ་གཅིག་པུ་དེ་གཞི་རྒྱ་ཆེན་པོ་དང་། ཁ་ཞེ་གཉིས་མེད་དང་། བློ་ཐག་རྦད་ཆོད་ཀྱིས་ལྷུར་བླངས་པ་སྟེ། བློ་སྦྱོང་ཞེན་པ་བཞི་བྲལ་གྱིས་བདེན་པ་བཞི་དང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་སོགས་བཤད་ཅིང་བསྒྲུབས་ཏེ་འོངས་པ་དེ་འདྲ་རེད།”
གོང་གི་ཚིག་རེ་རེ་ལ་ཞིབ་དཔྱད་བྱོས་དང་།ག་རེ་ལབ་གིན་འདུག་།”སེམས་ཀྱི་ཕྱིར་ཏུ་ཤུགས་ཕུལ”སྐད་ཆ་འདི་བྱུང་སྟངས་གང་ནས་བྱུང་བ་རེད།མི་མང་ལ་སེམས་ཀྱི་ཕྱིར་ཏུ་ཕུལ་བའི་ཆབ་སྲིད་ཀྱི་རང་དབང་ཡོད་ན།དེ་འགྲིག་མི་འདུག་ཅེས་སུས་ལབ་ཕོད་ཀྱིན་འདུག་།ད་དུང”་ཆོས་དང་ཆོས་ལུགས་མཐའ་གཅིག་ཏུ་བསྒྲུབས”ཟེར་བ་གང་ལ་ངོས་འཛིན་བྱ་དགོས་ནི་རེད།འོག་ཏུ་སྐད་ཆ་ཐམས་ཅད་དོན་གྱིས་གོང་གི་སྐད་ཆ་འདིའི་ནང་དུ་འདུ།ཁོང་གིས་བག་ཆགས་དོང་སྤུག་སོགས་ལས་བྱུང་བ་ལྟར་།དོན་གྱི་རིག་གནས་ཀྱི་གསར་བརྗེ་ཤིག་གླེང་གིན་ཡོདཔ་ལས་།འདན་ཚན་པས་བཤད་པའི་”གཅིག་གཅོད་དང་། སྒེར་ལྡེམ། རྒྱལ་པོའི་ལམ་ལུགས་སོགས་སྲིད་གཞུང་ལམ་ལུགས་རྙིང་པ་”ཞེས་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དང་།ཆབ་སྲིད་ཀྱི་གསར་བརྗེ་ཤིག་གླེང་གིན་ཡོད་པ་མ་རེད་།དེ་བཞིན་ཁོང་གིས་རྒྱ་གཞུང་ལ་བཤད་པའི་སྐད་ཆ་དེ་ཡང་དོན་གྱིས་་མོའི་ཡི་དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་དང་།མ་རྩ་རིང་ལུགས་ལ་བཤད་པའི་སྐད་ཆ་དང་གཅིག་པ་གཅིག་མཚུངས་རེད།
ཞོགས་དུང་གི་ལམ་ལུགས་གསར་བ།
“ཁོ་བོས་དེའི་ཕན་ཆད་ནས་མཐོང་བ་ནི། བཙན་པོའི་སྐབས་ཀྱི་བག་ཆགས་ཏེ་བག་ལ་ཉལ་བའི་ཁྱིམ་སྲིད་འདུ་ཤེས་གཏིང་ནས་སད་དེ། རིགས་རྒྱུད་དང་ས་ཁོངས་ཀྱི་“བདག”འཚོལ་བའི་སྙིང་སྟོབས་དེ་ཡིན་སོང་། རྒྱུ་མཚན་ནི། སྤྱི་ལྡོག་ནས་བལྟས་ན། བོད་རྣམས་ལ་ད་ལྟའི་དུས་ནའང་སྲིད་འབྱོར་རིག་གསུམ་གྱི་རྟོགས་པ་ཆེར་རྒྱས་མེད་ པ་དང་གཅིག དད་པ་ཅན་དུ་ཁས་འཆེས་པའི་མི་འབོར་མང་ཤོས་གསར་བརྗེ་རུ་མ་ཞུགས་པ་དང་གཉིས། ལས་ཞུགས་མི་སྣ་གཙོ་བོ་ན་གཞོན་ཡིན་པ་དང་གསུམ་བཅས་ལ་དཔག་ན། གསར་བརྗེ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་དད་པ་ལས་གཞན་སོ་སོའི་བག་ཆགས་ཕུགས་ སྦུབས་ཀྱི་སྙིང་སྟོབས་སོས་པ་ཡིན་པར་ཐག་བཅད་ཆོག་པ་འདྲ།”
ཚིག་དང་དོན་རེ་རེ་ནས་དཔྱད་པ་ཐོངས་དང།ཞོགས་དུང་གིས་དོན་གྱི་རིག་གནས་གསར་བརྗེ་དང་།སེམས་ཀྱི་འཆར་སྟངས་སོགས་ལས་གསར་བརྗེ་ཞིག་ལས་།ཆབ་སྲིད་ཀྱི་གསར་བརྗེ་ཞིག་རྩ་བར་བཞག་ནས་ལབ་གིན་མི་འདུག།དེ་ན་ཁོའི་གསར་བརྗེ་འདི་ཡང་དོན་གྱི་མོའི་རྙིང་གཏོར་དང་།རིག་གནས་གསར་བ་དང་།སེམས་ཀྱི་འཆར་སྟངས་གསར་འཛུགས་རྒྱུའི་ལྟ་བ་ཞིག་ལས་།”འདན་ཚན་པས་བཤད་པ་ལྟར་གྱི་”དམངས་གཙོ། འདྲ་མཉམ། ཞི་བདེ། རང་དབང་ལྡན་པའི”་ལམ་ལུགས་ཤིག་རྩ་བ་ཉིད་ནས་ཡིན་ཚོད་མི་འདུག་།”
སྤྱིར་བཏང་མོའི་ཡང་་ཚིག་འདི་ཚང་མ་བདེ་སྤྱོད་བཏང་ཡོད་པ་རེད།ཞོགས་དུང་གིས་བཤད་པ་ལྟར།དེ་ལྟར་དངོས་སུ་ཡོང་བ་ལ་རིག་གནས་དང་།བསམ་བློའི་གསར་བརྗེ་བྱ་དགོས་ཞེས་བཤད་ཡོད་པས།སྤྱིར་བཏང་འདི་ནས་ངས་མོའི་དང་ཞོགས་དང་གཉིས་ཀྱི་ཚིག་ལ་ཚིག་ལ་ཚིག་བསྡུར་།དོན་ལ་དོན་བསྡུར་ནས་བཤད་ན་ལེགས་ལམ་དུ་ཡོད་མོད་།ཕྲན་གྱི་སྡོད་གནས་སུ་མོའི་གསུང་རྩོམ་བོད་འགྱུར་མ་མེད་པ་དང་།དེ་བཞིན་སྔོན་གྱི་མཁས་བ་དག་གིས་འགྱུར་ཡོད་པ་དག་གད་སྙིགས་སུ་འཕེན་མ་ཕོད་པ་དང།ལྷག་པར་ཏུ་ད་ལྟ་སྙིང་སྟོབས་ཅན་ཁོ་རང་ལ་ཆབ་སྲིད་ཀྱི་འཇིགས་ཞེན་ཆེན་པོ་དང་།བོད་མི་མི་ཟད་པའི་གོད་ཆགས་ཆེན་པོའི་དུས་སྐབས་སུ་སླེབས་འདུག་པས་།བར་སྐབས་ཀྱི་སྐད་ཆ་མང་པོ་མི་བཤད་པའི་ཐབས་སུ་འབད་།
ཡང་འདན་ཚན་པ་དང་ཞོགས་དུང་གཉིས་ཀྱིས་།དངོས་གཙོ་དང་།སེམས་གཙོ་གཉིས་ཀྱི་ཁྱད་པར་།དེ་བཞིན་ཨ་རིའི་དང་།ཧྥ་རན་སི།དེ་བཞིན་དབྱིན་ཇིའི་གསར་བརྗེ་སོགས་མང་པོ་གླེང་གིན་འདུག་མོད།འདིའི་སྐོར་ལ་སྐད་ཆ་བཤད་འདོད་མེད་།རྒྱུ་མཚན་ཅི་ཡང་།ཕྲན་གྱིས་ལོ་བཞི་ཙམ་ལ་ཨ་རིའི་ཆབ་སྲིད་དང་།ལོ་རྒྱུས་སློབ་སྤྱོང་བྱས་ནས་ཡོང་བ་ཡིན་ཕྱིར་།ཞོགས་དུང་སོགས་ཀྱི་འདིའི་སྐོར་གླེང་ཡོང་དུས་།ཁ་ཆེ་པགས་པ་ཉོ་མཁན་ཞིག་གིས་ནང་ཆོས་བཤད་པ་བཞིན་འདུག་།དེ་བས་འདི་ལ་རྩོད་པ་རྒྱག་གིན་མིན།
http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos?feat=directlink#
མི་དེ་ཚོ་སྣང་མེད་བྱས་པ་ཡིན་ན་ང་ཚོ་བོད་པ་ཚང་ལ་མ་འོངས་བའི་སྐྱེས་དེ་ཚོ་མང་པོ་ཞིག་ལོག་ལམ་ལ་ཁྲིད་ཐག་ཆོད་རེད་
དགོང་དག་གཞོན་སྐྱེས་
དགོང་དག་གཞོན་སྐྱེས་ཟེར
དམར་སྲུང་དམག་མི་རྣམ་པ།
ད་གང་དུ་སོང་བ་ཡིན་ནམ།ཧེ་ཧེ
དོན་གྱི་ཞོགས་དུང་གི་ལྟ་བ་ཟེར་བ་དེ་གང་ཡིན་ནམ།
༼༡༽རྙིང་གཏོར་གྱི་ལྟ་བ་ཁོ་ན་ཡིན་ན་།དམར་སྲུང་དམག་གི་ལྟ་བ་རེད་
༼༢༽དམངས་གཙོ་ལྟ་བ་བཤད་གིན་ཡོད་ན་།རྙིང་བ་ལ་སྡང་དགོས་བའི་རྒྱུ་མཚན་མི་འདུག།
དོན་གྱི་བོད་ཀྱི་དེང་རབས་རྩོམ་རིགས་ཟེར་བ་འདི་ཡང་རིག་གསར་ཁྲོད་ལས་བྱུང་ཞིང་།དམར་སྲུང་དམག་གིས་རྒྱུན་སྐྱོང་བའི་རྩོམ་ཡིག་ཅིག་དང་།བསམ་པའི་མཁྱེར་སྟངས་ཤིག་རེད་བསམ་གིན་འདུག་།
ཞོགས་དུང་གིས་གནམ་ས་གོ་འབྱེད་ཀྱི་མགོ་སྟོད་ཅིག་ཏུ། སྐབས་འདིའི་ལས་འགུལ་ནང་དད་པ་ཅན་དུ་གྲགས་པ་ཕལ་མོ་ཆེ་མ་ཞུགས་པས་དེ་ཆོས་དད་སོགས་ཀྱི་དབང་གིས་མིན་པར་བསྒྲུབས། དེ་རྗེས་གཙོ་ཤུགས་གྲྭ་བཙུན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ངུར་སྨྲིག་གི་གསར་རྗེ་ཡིན་པ་བསྒྲུབས་ཀྱིན་ཡོད་པ་ཞིག་ཚོར་སོང་། དེ་ག་རེ་ཡིན་ནམ།
ཡང་སྙིང་ངས་ཚིག་ཐག་གཅོད་ཐུབ་པ་ཞིག་ནི་ཞོགས་དུང་གི་ད་སྔོན་བཏོན་པའི་ལྟ་བས་སྒུལ་ཤུགས་བྱས་ནས་ས་བྱི་ཞི་རྒོལ་བྱུང་བ་གཏན་ནས་མིན། དེའི་སྐབས་ཀྱི་སྒུལ་ཤུགས་གཙོ་བོ་ནི་དད་པ་ཁོ་ན་ཡིན།