རྟ་ནག་སྐལ་བཟང་ལུང་རིགས།
བསམ་བློའི་གསེར་ཐག་རིང་མོ་ལྕགས་དང་ཐོ་བས་བརྡུངས་ན།།
བདེན་པའི་མྱི་སྐད་གཤའ་མ་གྱོད་དང་ཁ་མཆུས་གཏུགས་ན།།
རང་དབང་སྐྱིད་པའི་སྒོ་མོ་མཚོན་དང་དམག་གིས་བསྐོར་ན།།
མ་བསྙེངས་གངས་རིའི་འབྲོང་རྒོད་བདེན་པ་རྭ་རྩེར་བསྐྱོན་ན།།
བཙན་པོའི་སྙིང་སྟོབས་སད་པའི་རྟེན་འབྲེལ་ཨེ་ཡིན་བསམས་ནས།།
སྙིང་ཆུང་རྟེའུ་འདྲ་བོ་དགའ་བའི་མཆོང་རྕེད་བྱེད་གི།
ས་ཆེན་སྤར་མོས་བཙིར་བའི་དཔའ་སྙིང་ལུ་གུ་ལྡིང་ལྡིང་།།
བདེན་པ་སྲོག་གིས་བསྐྱོར་བའི་སྙིང་སྟོབས་སེང་གེ་འགྱིང་འགྱིང་།།
ཁྲི་མུན་དམྱལ་ཁམས་གཏོར་བའི་སྟོབས་ཤུགས་སྟག་མོ་མཆོང་མཆོང་།།
ནག་ཕྱོགས་གཡུལ་ལས་རྒྱལ་བའི་སྙན་པ་རྫ་རྔ་རྡུང་རྡུང་།།
བལྟས་ན་མེད་མེད་འདྲ་བའི་བདེན་པའི་རྒྱབ་དཔུང་མཐོན་པོ།།
བརྟགས་ན་ཡོད་ཡོད་འདྲ་འདིས་སེམས་པ་དགུང་ལ་སྤུར་ཐལ།།
སྐྱོབས་པའི་ལྷ་ཞིག་ཡོད་པ་རྗེས་དཔག་ཚད་མས་མ་མཐོང་།།
བདེན་པའི་རྒྱབ་དཔུང་མཐོ་བ་མངོན་སུམ་ཚད་མས་གྲུབ་སོང་།།
གཟའ་བདུད་བགེགས་ལ་བཙུད་པའི་ཉི་མའི་འཇིགས་སྐྲག་གླེང་བ།།
སྲིད་པ་རྒན་པོས་བཟོས་པའི་བཅོས་མའི་གཏམ་རྒྱུད་ཙམ་རེད།།
ཁྲི་མུན་དོང་ལ་ལྷུང་བའི་འཇིགས་པའི་སྣང་བ་ཆེན་མོ།།
མ་མྱངས་སེམས་ཀྱི་བརྟགས་ན་དངངས་པས་ལྷེམ་ལྷེམ་འདར་གི།
བཙན་པོའི་རལ་གྲི་བསྣམས་པའི་དཔའ་བོ་སྟག་གིས་བསྟོད་དོ།།
བདེན་པའི་ཨུ་ཚུགས་བསྐྱོེར་བའི་མི་བོ་སེམས་ཀྱིས་མཆོད་དོ།།
སྟག་མོ་ནགས་ལ་ཤོར་བའི་གཏམ་བཟང་རྒྱང་ནས་གོ་འོ།།
མ་ངོ་བུ་ངོ་འཕྲོད་པའི་དགའ་སྟོན་གླུ་ཡིས་བསུ་འོ།།
སྙིང་སྟོབས་མེ་རུ་འབར་ཏེ་མེ་ཡིས་ནགས་རི་སྲེགས་ཤིག
བདེན་པ་དགྲ་རུ་ལངས་ནས་དགྲ་བོའི་སྙིང་ཁྲག་གཏོར་ཅིག