རྔ་རྒོད།
ཐོག་མར་ཚང་མས་མཁྱེན་དགོས་པ་ཞིག་ནི། ཁོ་བོས་ཞོགས་དུང་གིས་བརྩམས་པའི་«དཔྱོད་ཤེས་རྒྱང་འབོད་»དང་«གནམ་ས་གོ་འབྱེད་»ཙམ་ལས་«དོགས་སློང་སྙིང་སྟོབས་»དང་«རིགས་ཤེས་ཀུན་གྲོལ་»སོགས་བཀླགས་མ་མྱོང་། དམིགས་བསལ་«དཔྱོད་ཤེས་རྒྱང་འབོད་»ལ་དགག་ལན་མང་བོ་བྲིས་ཡོད་པ་ཐོས་ཀྱང་། ཕྲན་གྱིས་ཤེར་རབ་དར་རྒྱས་ཀྱི་དགག་ལན་ཙམ་པོ་ལས་གཞན་པ་གང་ཡང་མ་མཐོང་ཞིང་། ལྷག་པར་ཞོགས་དུང་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ཁོང་ལ་བསྔགས་པའི་རྩོམ་དང་«ཞོགས་དུང་སྙིང་སྟོབས་»ཞེས་པའི་དུས་དེབ་རེ་འགའ་ཡང་པར་སྐྲུན་བྱས་ཡོད་མོད། དེ་ཚོའི་སྐོར་ལ་ཁོ་བོར་ཆ་རྒྱུས་སྤུ་ཙམ་ཡང་མེད། དེའི་ཕྱིར་གོང་གི་ཁོང་གི་བརྩམས་ཆོས་གཉིས་གཞིར་བཟུང་སྟེ། ལས་ཀའི་བར་གསེང་ནས་རང་བློས་དཔག་ཚོད་ཅིག་བྲི་བར་བྱ།
དང་བོ་རང་རེའི་མཁས་པ་གྲགས་ཅན་ནམ་ཉམས་མྱོང་ཅན་ཁག་ཅིག་དང་ཞོགས་དུང་བར་གྱི་ཁྱད་པར་བརྟགས་ཏེ་བཤད་ན་ཁྱེད་ཅག་ལ་གོ་བདེ་ཞིང་ངས་ཀྱང་འབྲི་སླ་བར་འདོད། དཔེར་ན། བྱམས་པ་ཕུན་ཚོགས་དང་། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་རྣམ་གཉིས། གཞན་མཁས་དབང་ཨ་ལགས་དོར་ཞི་ཚང་དང་། མཁས་དབང་ཨ་ལགས་ཟམ་གདོང་ཚང་བཅས་ཀྱིས་མཚོན་པར་སྙམ། བྱམས་པ་ཕུན་ཚོགས་དང་བསོད་ནམས་སྟོབས་རྒྱལ་ལ་མཚོན་ན། སོ་སོའི་ལས་གནས་རྫོགས་དུས། ཕྱག་རྗེས་གང་ཡང་བསྟན་རྒྱུ་མེད་ལ། ལྷག་པར་ང་ཚོའི་རྒྱུད་ལ་དགོས་པའི་བག་ཆགས་ཡག་པོ་ཞིག་དེ་ལས་ཀྱང་བསྐྲུན་ཐུབ་མི་འདུག
འོན་ཏེ། མཁས་དབང་ཨ་ལགས་དོར་ཞི་ཚང་ལ་མཚོན་ན། རང་གི་རིག་གནས་སྤྱིའི་ཐོག་ལ་ཕྱག་རྗེས་རླབས་པོ་ཆེ་འཇོག་མཁན་ཞིག་ཡིན་པས། མ་འོངས་པར་མཁས་དབང་དུང་དཀར་ཚང་ནང་ལྟར། རིག་གནས་སྡེ་ཁག་ནས་གུས་བརྩི་བྱ་ངེས་སོ།། གཞན་མཁས་དབང་ཨ་ལགས་ཟམ་གདོང་ཚང་ལ་མཚོན་ན། ལོ་མང་རིང་བཀའ་སྤྱིའི་ལས་ཁུར་ཞུས་པས་ཕྱག་ལས་ཡག་པོ་ཁ་ཤས་གནང་ཡོད་པ་རེད། དེའི་ཕྱིར། མ་འོངས་པར་རྡོ་སྦིས་དགེ་བཤེས་ཚང་དང་ཡང་ན་ད་ལྟའི་ཁྲི་བྱང་ཚང་གི་ཟོལ་ལྟ་བུ་ཆགས་རྒྱུ་རེད་ལ། མཚམས་རེར་ཁོང་གི་སློབ་མ་འགས་རྗེས་དྲན་རེའང་བྱ་སྲིད་དོ།།
འོན་ཀྱང་ཞོགས་དུང་གིས་ང་ཚོའི་མི་རིགས་ལ་བཞག་པའི་བག་ཆགས་འདི་ལ། ཡུལ་དུས་ཀྱི་ཁྱད་པར་མེད་ལ། དེ་ལ་སྐྱ་སེར་གྱི་དབྱེ་བ་དེ་ཙམ་མེད། ལྷག་པར་ཆོལ་ཁའི་ས་མཚམས་དེ་ལས་ཀྱང་མེད། དེའི་ཕྱིར་ཁོང་གིས་བཞག་པའི་བག་ཆགས་འདི་ལ་བཟང་ངན་གཉིས་ཡོད་ཀྱང་། སྤྱིའི་ཆ་ནས་བཟང་ཕྱོགས་ལ་འགྲེལ་དགོས་ཏེ། ལྟ་བ་འཇིག་རྟེན་མི་ཆོས་འཚོ་གནས་རིང་ལུགས། སྤྱོད་པ་འཚེ་མེད་རང་གཞན་མཉམ་བཀུར། ནང་དོན་འགྲོ་མིའི་ཐོབ་ཐང་དང་དམངས་གཙོ་བཅས་རེད། དེའི་ཕྱིར་རྒྱབ་ལྗོངས་ན་དངོས་ཡོད་དང་གནས་ལུགས་གཏན་ཚིགས་སོགས་ཀྱི་རྒྱབ་རྟེན་ཡོད། སོང་ཙང་། བསམ་བློ་བ་ཆེན་པོ་ཞོགས་དུང་ནི། གླང་ཆེན་ལྟར། ཤི་ན་གསེར་སྲང་སྟོང་དང་མ་ཤི་ན་གསེར་སྲང་སྟོང་རེད། འོན་ཀྱང་དཔྱོད་ཤེས་རྒྱང་འབོད་ནང་གི་”རྒུད་པ་མཐའ་དག་གི་རྩ་བ་ནི་བག་ཆགས་རྙིང་བ་འདི་ཉིད་རེད་ཅེས་པ་དང་རྙིང་བས་འཇིག་པ་དང་ཟད་པ་རྒུད་པ་ཉམས་པ་ཟག་པ་མཚོན་ཞིང་”ཞེས་པའི་ཚིག་རྣོན་པོ་འདི་ཙམ་མཚོན་ཆ་བགྱིས་ཏེ། ངེད་ཅག་གིས་ཁོང་གི་བརྩམས་ཆོས་སྤྱིའི་སྲོག་ཤིང་དེ་ལ་དགག་སྒྲུབ་བགྱིས་ན། དེ་ནི་མཁས་པའི་ལུགས་ཤིག་མ་ཡིན་སྙམ། གང་ཡིན་ཞེ་ན། «གནམ་ས་གོ་འབྱེད་»དང་«དཔྱོད་ཤེས་རྒྱང་འབོད་»གཉིས་ཀྱི་ལྟ་གྲུབ་གཙོ་བོར་ཚད་ཐིག་ལ་བཞག་སྟེ། སྤྱིའི་གནད་འགག་ལ་བརྟག་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་འདོད། དཔེར་ན། རང་རེའི་ངག་རྒྱུན་དུ། མི་གཅིག་གིས་སྐད་ཆ་གཉིས་བཤད་ན་ཐ་མ་དེ་གཙོ་བོར་འཛིན་དགོས་ལ། དེ་བཞིན་མཁས་པ་ཞིག་གིས་གཞུང་གཉིས་བརྩམས་ན་ཕྱི་མ་དེ་གཙོ་བོར་འཛིན་དགོས་ཏེ། ༧ གུང་ཐང་བསྟན་པའི་སྒྲོན་མེས” ཊཱིཀ་ཆེན་དང་སྡེ་བདུན་གཉིས་ཀ་མཁས་གྲུབ་རྗེའི་གསུང་ཡིན་ཀྱང་ཊཱིཀ་ཆེན་ནི་ཕྱི་རྩོམ་ཡིན་པས། རྩ་བ་དང་མཐུན་ཚབས་ཆེ་བས་དེ་བཞིན་བྱ་དགོས་སོ།།” ཞེས་གསུངས་པ་ལྟར་རོ།།
གང་ལྟར་ཐོག་མར་«དཔྱོད་ཤེས་རྒྱང་འབོད་»པར་སྐྲུན་བགྱིས་པས། དེ་དང་མཉམ་པོར་ཞོགས་དུང་གི་མཚན་སྙན་ནི་ཐོད་བརྒལ་རང་བཞིན་གྱིས་ཡོངས་གྲགས་སུ་གྱུར། དེའི་ཕྱིར། བླ་མ་དང་དགེ་འདུན་པ། ཡང་ན་མང་ཚོགས་ཁྲོད་ཀྱི་རྒན་པ་ཚོས། ཞོགས་དུང་ལ་བསྟན་བཤིག་དང་ལྟས་ངན་བརྗོད་པ་རེད། འོན་ཀྱང་མི་རབས་གསར་བ་དང་སློབ་དགེ་ཡང་ན་བསམ་བློ་བ་གང་མང་གིས་ཁོང་ལ་རྒྱབ་སྐྱོར་དང་། བསྟོད་བསྔགས་ཀྱང་བྱས་ཡོད། གཞན་«གནམ་ས་གོ་འབྱེད་»པར་སྐྲུན་བྱས་པས། ང་ཚོས་ཁོང་གི་རྣམ་དཔྱོད་དང་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་ཁོང་ལ་དཀར་འདོན་དང་དགོངས་དག་ཞུས་པ་རེད། དེའི་ཕྱིར་༢༠༡༠ ལོར་ཞོགས་དུང་དང་«གནམ་ས་གོ་འབྱེད་»མི་ཤེས་མཁན་གྱི་བོད་པ་ཞིག་ཕལ་ཆེར་མེད་མོད། འོན་ཀྱང་ལོ་དེར་ཕྱི་སྡོད་ཆབ་སྲིད་རྩོམ་པ་བོ་འཇམ་དབྱངས་ནོར་བུ་མཆོག་ལ་ཞོགས་དུང་དང་«གནམ་ས་གོ་འབྱེད་»ཀྱི་སྐོར་བཀའ་འདྲི་ཞུ་དུས། འཇམ་དབྱངས་ནོར་བུ་མཆོག་གིས། «གནམ་ས་གོ་འབྱེད་»དང་ཞོགས་དུང་སྐོར་སྤུ་ཙམ་ཡང་མ་མཁྱེན་པར་བརྟེན། མཐར་འུ་ཐུག་ནས་ཞོགས་དུང་དང་«གནམ་ས་གོ་འབྱེད་»ཀྱི་དྲི་བའི་ཚབ་ཏུ་གླུ་བ་ཤེར་བསྟན་གྱི་ལོ་རྒྱུས་བཤད་པ་རེད། བྱས་ཙང་། ཕྱི་སྡོད་པ་ལ་ལས་བོད་ནང་གི་གནས་ཚུལ་ངོ་མ་མཁྱེན་མདོག་སྟོན་གྱིན་ཡོད་མོད། མཐའ་གཅིག་ཏུ་དེ་ཚོར་ཡིད་རྟོན་མི་རུང་བ་འདིས་མཚོན་པར་སྙམ།
གཞན་ཡང་འདིར་དགོད་གཏམ་ཞིག་བསྙད་ན། ༢༠༠༨ ལོར་ཞོགས་དུང་མཆོག་ལ་དགའ་སྐྱོ་འཇིགས་གསུམ་གྱི་ཚོར་བ་མི་འདྲ་བ་གསུམ་སྐྱེས་པ་ལྟར། དེ་མཚུངས་༢༠༡༠ ལོར་རྩོམ་པ་བོའི་དཔུང་ཁག་གཅིག་གི་སྨྱུག་ཁ་དང་མཁས་པ་གང་མང་གི་ངག་སྒོ་ནས་ཞོགས་དུང་སྐོར་ལ་སྔ་ཕྱི་མི་མཐུན་པའི་གཏམ་འཆལ་མི་འདྲ་བ་གསུམ་ཁོ་བོའི་མཐོང་ཐོས་སུ་གྱུར། དང་བོར། ཞོགས་དུང་ལ་ལྟ་བ་དང་གཞི་འཛིན་ས་མེད་སྐོར་སོགས་ངན་དགུ་བརྩིས། བར་དུ། ཞོགས་དུང་བཙོན་ལ་སྦྱར་བའི་གཏམ་ངན་ཐོས་པ་དེ་དང་མཉམ་པོར་ཁོང་ལ་བསྔགས་བརྗོད་ཀྱི་མེ་ཏོག་དང་མི་རིགས་ཀྱི་དཔའ་བོ་སོགས་ཡོད་ཚད་བཟང་བཟང་གིས་བརྒྱན། ཐ་མར། ཞོགས་དུང་བཙོན་གྲོལ་ཐོབ་པའི་གཏམ་བཟང་དེ་བསྒྲགས་དུས། མུ་མཐུད་དུ་ཁྱེད་ཅག་གིས་ཞོགས་དུང་ལ། དངོས་ཤུགས་བརྒྱུད་གསུམ་ནས་ངན་ཞིག་བཙལ་སོང་། སྤྱིར་ན། ང་ཚོའི་རྒྱུད་ན་མ་འཁྲུལ་བའི་བློ་ཚད་མ་ཞིག་མེད་པ་བདེན་མོད། འོན་ཀྱང་མངོན་སུམ་དེ་ང་ཚོས་ཁས་ངེས་པར་ལེན་དགོས། དེའི་ཕྱིར། དཔེ་དོན་མཚུངས་མིན་གང་ལྟར། མཁས་པའི་ངག་རྒྱུན་ཏུ། “མཁས་པ་བརྒྱ་ལ་ལན་འདེབས་ལས། བླུན་པོ་གཅིག་ལ་ལན་འདེབས་དཀའ” ཞེས་བཤད་མོད། ཁོ་བོས་དེ་ནི་སློབ་གསོའི་སྐབས་དང་སྦྱར་ན་ལྡོག་ཕྱོགས་ནས་གོ་བ་ཞིག་ལེན་གྱིན་ཡོད།
གཞན་ཞོགས་དུང་གི་བརྩམས་ཆོས་གང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། རྒྱུ་མཚན་དང་གནས་ལུགས་ཡོད་པ་གང་ཞིག་ལ། གང་ལ་འཕངས་ན་དེ་ལ་ཕོག་ཅིང་། སུ་ལ་གཟས་ན་དེ་ལ་གནོད་པར་མ་ཟད། ཁོང་གི་རྩོམ་ཡིག་གང་གི་འགན་དེ་རང་གི་སྲོག་ལ་བབས་ཀྱང་། དེ་ལ་ཁོང་གིས་འགན་འཁུར་ཐུབ་པའི་རྟོགས་པ་སྔོན་དུ་སོང་ཕྱིར། ཕྱི་འགྱོད་མི་འདུག
དེར་འབྲེལ་གྱི་བསམ་གཞིག་གཞན་པ་ཞིག་བཏང་ན། ཞོགས་དུང་གི་རྩོམ་འགྲོས་ལ་མཁས་དབང་དུང་དཀར་ཚང་དང་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་རྣམ་གཉིས་ཀྱི་རྩོམ་འགྲོས་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ལ། ལྷག་པར་དགག་སྒྲུབ་དང་དྲིས་ལན་སྐབས་སུ། དཔལ་དོན་འགྲུབ་རྒྱལ་གྱི་རྩོམ་འགྲོས་དང་མཐུན་པ་ཧ་ཅང་མང་བོ་ཡོད་པ་ནི་མངོན་སུམ་རེད།
མཇུག་གི་གཏམ།
ཞོགས་དུང་གི་ངོས་ནས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། བདེན་བཞིའི་གནས་ལུགས་དང་། ས་བཅུའི་རྣམ་བཞག་ཆ་ཚང་རྟོགས་ཀྱིན་མེད་པ་ནི་གསལ་བོ་རེད། འོན་ཀྱང་འཇིག་རྟེན་མི་ཆོས་གཙོ་བོར་བཟུང་སྟེ། བདག་འཛིན་དང་རང་དོན་གལ་ཆེན་དང་གཙོ་བོ་ཡིན་པར་བཤད་པ་ནི་སྨྱོ་གཏམ་རང་མ་ཡིན་པར་ཁོ་བོས་རྟག་ཏུ་འདོད་ཀྱིན་ཡོད། དེའི་ཕྱིར་ཁོ་བོས། སྐུ་ཞབས་ཞོགས་དུང་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་རེག་པའི་གོ་སྐབས་འདུག་ཅེས་བཤད་མྱོང་། ད་ནི་ལས་ཀའི་དབང་གིས་འདིར་མཚམས་འཇོག་དགོས་བྱུང་།
༢༠༡༣/༡༡/༢༧ ལ་དབྱིན་ཡུལ་ནས།
གཞན་ཞོགས་དུང་གི་བརྩམས་ཆོས་གང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། རྒྱུ་མཚན་དང་གནས་ལུགས་ཡོད་པ་གང་ཞིག་ལ། གང་ལ་འཕངས་ན་དེ་ལ་ཕོག་ཅིང་། སུ་ལ་གཟས་ན་དེ་ལ་གནོད་པར་མ་ཟད། ཁོང་གི་རྩོམ་ཡིག་གང་གི་འགན་དེ་རང་གི་སྲོག་ལ་བབས་ཀྱང་། དེ་ལ་ཁོང་གིས་འགན་འཁུར་ཐུབ་པའི་རྟོགས་པ་སྔོན་དུ་སོང་ཕྱིར། ཕྱི་འགྱོད་མི་འདུག
དངོས་གནས་རེད། བོད་མི་རིགས་ཁྲོད་ཞོགས་དུང་ནང་བཞིན་གྱི་མི་བུ་རྟོག་སད་ཅན་དང་དཔྱོད་ཤེས་ཅན་ཤིན་ཏུ་ཉུང་བས་སྟབས་ཀྱིས་མི་རིགས་འདི་ཐུར་དུ་རྒུད་པར་འདོད།
ཡོན་ཏན་ལགས ཁྱེད་ཀྱི་དཔྱད་བརྗོད་ཐང་ཅིགབཀླགས་ཟིན། ཡང་བསྐྱརབ་ཀླག་ངོས ངོ་མ་ཡག་གི
ཞོགས་དུང་དང་དགེ་ཆོས་དོན་གྲུབ་རྒྱལ་སོགས་ཀྱི་ལྟ་བ་ལངས་ཕྱོགས་ལ་དགག་སྒྲིབ་སྟོད་བསྔགས་དང་གང་ཞིག་བྱེད་འདོད་པའི་མི་བུ་གང་ཞིག་ཡིན་ན་་་སྔོན་འགྲོའི་ཆ་རྐྱེན་ཞིག་ངེས་པར་དགོས་སྙམ། དེ་ནི་བོད་ཀྱི་རིག་གཞུང་གཙོའི་ཤར་ནུབ་ཀྱི་ལྟ་གྲུབ་ཟེར་ན་འདྲ་གང་ལྟར་མ་མཐའི་དཔེ་ཀློག་འོས་འཚམས་རེ་བྱས་ཏེ་་་ད་གཟོད་་གང་ཞིག་དགག་འདོད་ན་ཅི་ཞིག་གླེང་ན་འོས་སྙམ། དེ་མིན་གཡམ་རྒྱུགས་ཟེར་བའི་དཔེ་ལས་མ་འདས་་་་
ཞོགས་དུང་སྐོར་བརྟག་ན་མ་མཐའ་བོད་ཡིག་གི་དག་ཆ་དགག་སྒྲུབ་དང་བསྟོད་བསྔགས་ས་མཚམས་སོགས་ཤེས་དགོས། དེའི་ཐོག་རང་བཞིན་གྱི་ལྷན་སྐྱེས་ཤིག་ཀྱང་མཁོ། རྩེད་མོ་ཆུ་བ་ལགས།
བཀླགས་ནས་བུད་སོང་། ཡག་པོ་བྲིས་འདུག