གཡུ་དྲུག་དཀར། རྡ་ས།
ཞོགས་པ། གསར་དུ་བཙས་ཤིང་། གསོན་ཤུགས་ཀྱིས་ཆེར་རྟས་ལ། རྒས་གཉེར་གྱིས་མ་ཁྱབ་ཅིང་། དུག་རླངས་ཀྱིས་མ་གོས་པའི་སེམས་ཀྱི་རང་སྣང་ཞིག ཡུལ་ཁམས་ཤིག ངང་གཤིས་ཤིག
སྔོ་ཤག་ཤག་གི་གསལ་ལྷང་ལྷང་གི་མཁའ་དབྱིངས་ཤིག་གུར་དུ་ཕུབ་པའི་ཞོགས་པ། ཞིག་རལ་དུ་གྱུར་བའི་མདང་དགོང་གི་མལ་ས་ལས་མགོ་བོ་ཡར་དགྱེ་སྟེ། དབུགས་རིང་བཏང་ཆོག་ལ། གླད་སྒྱིང་བྱས་ཀྱང་ཆོག གསེར་མདོག་གིས་བརླན་པའི་ཉི་མའི་མདངས་ཟེར་སྤྲོ་དུས། མཚན་གང་བོར་གཉིད་ཀྱིས་ཁོལ་བོའི་ངོ་གདོང་ལ་ཆབ་ཆུ་གཞོང་བ་གང་གིས་ཁྲུས་ཤིག་བྱས་ཏེ། ཉི་མར་ལྡེ་ཆོག་ལ། འཛུམ་གྱིས་ངོམས་ཀྱང་ཆོག
སེམས་སྦུག་ན་ནག་ཐིགས་ཤིག་ལྟར་བསྡད་ཡོད་པའི་རྨི་ལམ་གྱི་དྲན་པ་དེ་ཡིན་ཡང་། རང་བྱུང་མ་མའི་དྲོད་ལྷམ་ལྷམ་གྱི་ཁ་རླངས་ལྟ་བུའི་ཁ་དབུགས་ཀྱིས་འཁྲུད་ཆོག་ལ། འཇམ་ཤིག་ཤིག་གི་ཞོགས་པའི་རང་བྱུང་ཁམས་ཀྱི་ངོ་སྣང་གསོན་པོས་སྣོག་ཀྱང་ཆོག
ད་དུང་། ལས་ཀར་འགྲོ་བའི་ལམ་བར་དུ། ཁམས་དྭངས་ཤིང་ལུས་བདེ་བོའི་གོམ་ཁ་ཅི་བས་ཡང་པའི་ཞོགས་པ། ཉི་ཟེར་ཀྱིས་བཀྲུས་མ་ཐག་པའི་དེ་རིང་གི་བགྲོད་ལམ་སྟེང་དུ། འོད་འཚེར་འཚེར་གྱི་ཀོ་ལྷམ་དེའི་མ་གཞིའི་ཁ་དོག་ནག་པོ་ཡིན་ཞིང་། མ་གཞིའི་ལྗི་ཚད་ཀྱང་མི་མཐོ་ན་མི་དམའ་ཡང་། ལྡོག་འཕྲོས་ཀྱི་ཉི་མདངས་དཀར་པོ་དེ་ཡིས་ཡར་འགྱོག་པ་ལྟར་ཡང་ལ། གསལ་ལྷང་ལྷང་གི་ཐག་སྒྲ་ལ་ཉན་ན་དེ་བས་ཀྱང་སྤྲོ་བ་དང་། ལམ་འགྲམ་གྱི་མེ་ཏོག་ཁེར་སྐྱེས་དེ་དག་གི་ལྷུག་པོར་གྲོལ་བའི་འཛུམ་མདངས་དེའང་སྙིང་རྗེ་བ་ཞིག་ཅིས་ཀྱང་རེད།
མ་གཞི་ནས་ལམ་ལ་ཆས་ས་ཡིན་པའི་ཞོགས་པ། ཞོགས་ཉི་བཞིན་འཚེར་གྱིན་པའི་བྱིས་པ་ཚོ། ཞོགས་པའི་ངང་གཤིས་ཚེ་སྲོག་གསོན་པོ་ཞིག་གིས་བཀྲམ་སྟོན་བྱེད་ཀྱིན་པའི་བྱིས་པ་ཚོ། མིག་ཟུང་དྭངས་ཤིག་ཤིག ངོ་གདོང་འཇམ་ཤིག་གེར་དཔེ་ཁུག་ཆུང་ཆུང་རེའི་ནང་དུ་ཕུགས་འདུན་ཆེན་པོ་རེ་འཁུར་ནས་རྩེད་མཚར་དང་ཀུ་རེའི་ཁྲོད་ན། ཞོགས་པ་ལྟར་འཇིག་རྟེན་ལ་ལོག་གིན་པའི་བྱིས་པ་ཚོ།
གསལ་ལྷང་ལྷང་གི་དགོད་སྒྲའི་འགྱུར་ཁུགས་སུ་རང་གི་ངང་གཤིས་གླུ་རུ་གྱེར་ཞིང་། འགྲོས་མི་མཉམ་པའི་གོམ་པའི་འདེགས་འཇོག་གིས་རང་གི་ངང་གཤིས་ཀྱི་བྲོ་གར་འཁྲབ་བཞིན། ལམ་ཁ་ཞིག་རྡོག་པས་མནན་ཏེ་རྒྱང་ལྟ་ལ་བྲེལ་བཞིན་པ་མཐོང་ཐེངས་རེར་ཡང་། ཞོགས་པའི་ཡིད་དུ་འོང་བའི་སྣང་བརྙན་ཞིག་ཡིད་ལ་འཇོག་ལ། རང་གི་སེམས་ཀྱི་དུང་ཀ་ཞིག་ཀྱང་ཐང་ལ་ལུད་ཡོང་ཞིང་། ཞོགས་པའི་ཉི་གཞོན་གྱི་དྭངས་ཤ་དེའང་ཁོང་ཚོའི་ལང་ཚོའི་འགྲེལ་བརྗོད་རིང་མོ་ཞིག་ཏུ་འཁུམས། ཁོང་ཚོའི་དྭངས་གཙང་གི་ལང་ཚོ་དེའང་ཞོགས་པའི་ངང་གཤིས་ཀྱི་གསོན་གཟུགས་སུ་མངོན་སུམ་གྱིས་མཐོང་ངོ་།
འདི་ལྟར་བདག་སེམས་ལ་རི་མོ་འབྲི་བའི་ཞོགས་པ། གསར་སྐྱེས་ཀྱི་ཞོགས་པ། ཡིད་རིས་ཐང་ལ་བྱོ་བ་ལྟ་བུའི་ཞོགས་པ། ཁ་བ་བབས་ཀྱང་། ཆར་བ་ཕྱོ་ཡང་། སེར་བས་བརྡུངས་ཀྱང་སེམས་ཀྱི་ན་སོ་སོ་མ་ཞིག སེམས་ཀྱིས་ཉན་བཏུབ་པའི་ངང་གཤིས་སོ།།
ཁྱེད་ཀྱི་རྩོམ་ཐུང་དེ་ལ་ཚོར་ཤུགས་དྲག་པོ་ཞིག་འདུག་་་་་་་་་་ཡང་ཡང་ཕྲིས་དང་ང་ནི་ཁྱེད་ཀྱི་ཀློག་པ་པོ་བཟང་པོ་ཞིག་ཡིན།