བྲོ་འཚལ།
སེམས་དང་སེམས་པ་གླན་ནས།།
ཉི་མ་ཟླ་བ་འགོར་ཡང་།།
སྐྱིད་སྣང་བདེ་བོའི་ཚོར་བ།།
ད་རེས་མ་གཏོགས་མ་བྱུང་།།
བདེ་བ་སྐད་ཅིག་ཡུན་ལ།།
ཚོར་བ་ཞེ་གཅིག་རྗེས་ལ།།
འདྲ་འདྲེས་ཚོར་སྣང་བར་ནས།།
མི་ལོ་སུམ་ཅུ་བརྒལ་ཐལ།།
སྐྱིད་ལ་བདེ་སྡུག་རེས་མོས།།
ཚེ་ལ་བར་ཆད་དགུ་འཐུད།།
ཀྱ་མ་ཀྱོག་གི་འཚོ་བ།།
གཉིད་མ་སད་ཀྱིས་རྫོགས་ཐལ།།
སྐྱིད་ཅིག་རེ་བར་བཟུང་ནས།།
ལ་ལུང་གོམ་པས་གཞལ་ཡང་།།
ཕྱི་ཡུལ་འཚོ་བའི་ཀློང་ན།།
བདེ་བོའི་སྣང་བ་མི་འདུག།
རང་སེམས་རང་ལ་གཏད་ཀྱང་།།
ཀྱ་ཀྱུ་རྒྱུ་མའི་བར་ནས།།
རྫུན་དང་ཕྲ་མའི་རླུང་བུ།།
དོན་ལྡན་སྣོད་དྲུག་ཁེངས་སོང་།།
དཀའ་སྡུག་མཉམ་གནས་ཟེར་བཞིན།།
རང་དོན་རང་ལ་མེད་ན།།
ཁ་ཡག་ངོ་འཇམ་ཁྲོད་ནས།།
ག་སར་གང་དུ་ཡིབ་འགྲོ།།
སྡུག་ལ་ཚད་ཐིག་གཞལ་ནས།།
སྐྱིད་ལ་ཚད་ཐིག་འཇོག་བཞིན།།
མཁོས་འབྱོར་རྩོད་ལ་རྔམ་དུས།།
མི་ཡི་མི་ཚེ་མིན་འགྲོ།།
རིག་ན་རིག་པས་ཆོག་མོད།།
མ་རིག་དགུ་མཐོང་གླེང་བཞིན།།
གཞན་སྐྱོན་བར་ནས་བཙིར་ཏེ།།
སྤོབས་གཏམ་ལུང་པ་བརྒྱངས་ཡོང་།།
རིག་རིག་གཅིག་ཏུ་བསྒྲིགས་ནས།།
མཐོང་མཐོང་ལུང་དུ་བསྡེབས་ནས།།
རྫིག་རྫིག་མཁས་ཉམས་ཀློང་ནས།།
ནང་ཁུལ་གཡོས་ལ་ཤོར་འགྲོ།།
སྤྱི་དོན་ཁ་ལ་འཁྱེར་ནས།།
རང་དོན་ཁོག་ཏུ་སྦས་ནས།།
ཁོམ་མེད་ཉིན་མཚན་བར་ནས།།
ལག་པ་ཕྱི་ནང་བརྗེ་ཡོང་།།
ཡོད་ན་ཡོད་པའི་མི་ཆོག།
མེད་ན་མེད་པའི་མི་ཟིན།།
ཕག་ཁྱིའི་སྐྱེས་པར་བཟུང་ནས།།
ཚེ་ལ་བཞི་ཤད་འགོད་འགྲོ།
མདོར་ན་མི་ཤེས་མི་ནུས།།
གཅིག་ཀྱང་ཁས་ལེན་མཆིས་ན།།
འཇིག་རྟེན་མི་ཆོས་དཀྱིལ་ནས།།
ལྐུགས་པའི་ངང་ཚུལ་ཡལ་འགྲོ།།
སྐྱེ་བའི་ཉིན་མོ་ནས་བཟུང་།
འཆི་ལ་མ་ཐུག་བར་དུ་་།
འདི་ཡིན་དེ་མིན་བྱ་བ་།
མཐའ་ཚོད་གཅོད་པ་དཀའ་འོ་།
ཕར་དགའ་ཚུར་དགའ་ཟེར་ནས།།
ལོ་དང་ཟླ་བ་འགོར་ཡང་།།
བརྩེ་དུང་བརྩེ་དུང་ཟེར་བ།།
དེ་རིང་གཞི་ནས་རྟོགས་སོང་།།
སྐུད་མེད་ཁ་པར་ནང་ནས།།
ཁྱེད་ལ་དགའ་གི་ཟེར་བའི།།
བསླུ་བའི་ཚིག་གི་མདའ་མོ།།
དེ་རིང་སྙིང་ལ་ཕོག་སོང་།།
ཆམ་པ་རིམས་ནད་སོགས་ལ།།
བཅོས་པའི་སྨན་ཞིག་ཡོད་ཅིང་།།
ཁྱོད་ཀྱིས་གནང་བའི་སྙིང་ནད།།
བཅོས་པའི་ཐབས་ཤིག་མི་འདུག།
ཀུན་དགའ་དོན་འགྲུབ་ཟེར་བས།།
དེང་གི་མི་རྣམས་བསླུས་ཀྱང་་།།
ཁྱོད་ཀྱི་བཅོས་མའི་འཛུམ་གྱིས།།
བདག་གི་སེམས་པ་བསླུས་སོང་།།
རྒྱུ་དང་དཔལ་འབྱོར་བར་ནས།།
ཁྱོད་ཀྱི་གདོང་ན་འཛུམ་ཞིག།
སྐྱོ་གདུང་མནར་བའི་བདག་ལ།།
སྡུག་གི་མུན་པ་འཐིབ་ཡོད།།
ཁྱོད་ལ་སེམས་ཞིག་ཡོད་ཚེ།།
སྡུག་གི་མུན་པ་འཇོམས་པའི།།
བརྩེ་བའི་སྒྲོན་མེའི་འོད་སྣང་།།
ང་ལ་མྱུར་དུ་བསྩོལ་ཅིག།
དེང་རབས་མི་ཡི་དྲང་བདེན།།
དབང་དང་འབྱོར་གྱིས་བསླུས་པས།།
བློ་གཏད་བཅོལ་སའི་མི་ཞིག།
འཇིག་རྟེན་འདི་ན་རྙེད་དཀའ།།