ཨ་འཇམ།
༼གཞན་ཡུལ།༽
ཨེ་གཉིས་ཀྱི་ཁྲག་ཐིགས་ཏེ རྒྱང་ཐག་མི་རིང་ཡང་
ས་གཞི་དང་ནམ་མཁས ང་ཐག་རིང་དུ་དེད་སོང་
ལོ་མའི་ཤག་སྒྲ་ཁོ་ན
འཚོ་བ་འདིའི་སྙིང་པོ་ཡིན
ན་ནིང་གི་ཡིག་འབྲུ་ཁ་ཤས་ཀྱང
ཚད་པའི་ཁྲོད་ནས་བོར་ཟིན་པ་འདྲ
༼ཁྱོད༽
ང་ཐོངས་ཤིག རྨི་ལམ་གྱིས་མགོ་སྐོར་གཏོང་སྲིད
མ་འོངས་པའི་ཉིན་ཐོ་ངོས་ནས
ངས འཁར་རྔ་ནརྡུང་དགོས
ཁྱོད་ཀྱི་རྒྱ་ཆེ་བ་དེ ལམ་ཡིན
༼ཕ་ཡུལ།༽
བར་སྣང་གི་ཕོ་བྲང གང་ན་ཡོད
མི་ལོ་ཟ་ཤེས་དུས་ཚོད་འདིས
ང་སྡོད་དུ་མ་བཅུག ཁྱོད་ཀྱི་མཆན་འོག་ནས
ནར་སོན་སྟངས་འདིའི་མཐའ་མཇུག་གི་མཛེས་སྡུག
ནམ་ཞིག་ལ་སྐྱོང་ཐུབ
༼འཇིགས་སྐུལ་བ།༽
ང་ཚོར་གླུ་དབྱངས་ཤིག་ལེན་དུ་འཇུག་རོགས
ང་ཚོར་གོམ་པ་ཞིག་སྤོ་རུ་འཇུག་རོགས
འབར་རྫས་ཀྱིས་སྐད་ཆ་མ་བཤད་གོང་དུ
སྤང་འཇམ་ས་ཞིག་ཏུ མེ་ཏོག་མང་ས་ཞིག་ཏུ
ཡིད་དུ་འོང་བའི་ཧབ་ཆ་ཞིག་རྒྱག་ཆོག་པར་ཞུ
༼ཁང་རྩེག༽
ཁྱོད་ཀྱི་མགོ་ན དུ་བ་ལང་ལོང
ཁྱོད་ཀྱི་རྐང་ཁ་ན འུར་འུར་ཟང་ཟིང
སྣང་ཚུལ་འདིས
མི་རྣལ་མ་ཚོ་རྒྱང་ཕུད་བཏང་སོང
ལོ་རྗེས་མར་བྲོས་བྱོལ་བ་ཚོས
རང་བྱུང་ཁམས་དངོས་ཀྱི
མཛེས་པའི་རྒྱལ་ཁབ་ཅིག འཛུགས་ངེས
འཛུགས་ངེས
༼མཛེས་པ།༽
འཛམ་གླིང་མཛེས་མ་དང་པོ
མི་མཛེས་གི
ཁ་དང་ངོ་ཡོད་པ་ཙམ་ལས
སེམས་མི་འདུག
༼འགྲུལ་བཞུད་པ།༽
རྡོག་ཁྲེས་འཁུར་མཁན་ཚོ
གངས་རི་བརྒལ་བྱུང
དབྱངས་གསལ་སོ་བཞི་ནས
སྐད་ཆ་གཞན་ཞིག་གི་ངོས་བརྒལ་བྱུང
བོད་མོ་ཚོའི་འཇམ་ཤ་ནས
རྒྱལ་ཁམས་གཞན་གྱི་བརླ་རྐང་བརྒལ་བྱུང
༼གཏམ་རྒྱུད།༽
ཐེངས་ཤིག་ང་ཁྱོད་ལ་དངོས་གནས་དགའ་མྱོང
དེ་ནི་རྡོ་ཞིག་ཡིན་པས་རེད
ཤ་ཟོས་རྗེས ངས་ཁྱི་མང་པོ་མཐོང་བྱུང
དེ་ནི་ཚོགས་པ་ཞིག་གི་མཁས་པ་དག་རེད
ད་ནངས་ཞེ་མེར་ཡང་ཡང་བྱུང་མོད
རིན་པོ་ཆེ་ལྷུང་བར་དོགས་ནས
རྒྱང་རིང་ཞིག་ལ་བལྟས
༼ཤི་བ།༽
རིག་གཞུང་ཤི་སོང
གོམས་སྲོལ་ཤི་སོང
དགེ་རྒན་ཞེས་པའི་དབྱུག་པ་འདི་ཚོ་ཤི་མེད་ཀྱང
རྒྱལ་ཁམས་དང་བརྩེ་བ་ཤི་སོང
༼ཐ་གུ།༽
སྣེ་མོ་གཏན་ནས་མི་མངོན་པས
མུན་པ་བྱུང དམག་འཁྲུག་བྱུང
གལ་སྲིད་སྣེ་གཉིས་དེ་རྙེད་ན
བུ་ཆུང་ཚོ་ངུ་མི་སྲིད་ལ
དགེ་སློང་ཚོ་ཕེབས་ཀྱང་མི་སྲིད
༼མུ་གེ༽
མི་རབས་ཤིག་ལྟོགས་རྗེས
ས་འོག་གི་རིག་གཞུང་དེ་དྲན་བྱུང
སྐད་ཅོར་རྒྱག་མཁན་རེ་གཉིས་ཀྱང
ལྷ་སའི་ཁྲོམ་གྱི་སྨྱོན་པ་མིན་པར་གྱུར་སོང
༼ཉི་གདུགས།༽
ཁྱོད་ཀྱི་ངོ་གདོང་སྲུང་ཐུབ
ཡིན་ནའང དུས་རྒྱུན་དུ
མགོར་བཏེགས་ནས་བཀུར་སྟི་བྱེད་དགོས
དུས་རྒྱུན་དུ སྐེར་བསྙེས་ནས་སྲི་ཞུ་བསྒྲུབ་དགོས
༢༠༠༧ ༤ ༢༥ རྒྱ་གར་བྱང་ཕྱོགས་བོད་བཙན་བྱོལ་རྒྱལ་ས་གཉིས་པ་ནས་བྲིས།