རྒྱང་མིག
ཁུ་སིམ་པའི་ཞོགས་པ་དེར
“ལོས་ཡུས་ས་”མཚོ་ངོགས་སུ་འགྲེང་ནས
ཕྱོགས་མཐའ་ཀུན་ལ་རྒྱང་ལྟ་བྱས
སྐབས་དེར་
ནམ་མཁར་སྤྲིན་ཚོགས་བྱེའུ་མགོ་ཙམ་ཡང་མེད
ཁོར་ཡུག་ཀུན་ཉི་ཞགས་ཀྱིས་དམ་དུ་འཁྱུད
ཡུལ་ལྗོངས་རྣམས་ཧ་ཅང་ཉམས་དགའ
ལྷིང་འཇགས་ཆེ སོས་བག་དལ
དྲན་གདུང་ཞིག་གི་སྣེ་མོས
མིག་ཟུར་མཚོ་ངོས་ལ་དྲངས
བསིལ་རླུང་གིས་གཡོས་པའི་རླབས་ཕྲེང་རེ་རེ
ཡིད་ཀྱི་དྲན་འགྱུ་རེ་རེར་གྱུར
འཁྱུག་རྩལ་ལྡེམ་པའི་ཉ་མོའི་ཚོགས
གསལ་ཐིང་ངེར དགའ་ལྷང་ངེར
མཚོ་ནང་ཇི་དགར་རྩེན་པ་མཐོང་དུས
ཡིད་ཀྱི་རེ་སྨོན་མ་ལུས་ཅིག་ཅར་དུ་ཕྲོགས
རེད་དེ
སྙན་ངག་མཁན་པོ་དག་གིས
མཐུན་འགྲིག་བརྩེ་དུངས་ཀྱི་དཔེར་མཚོན་དུ
མཚོ་དང་ཉ་མོ་འཇོག་པར་གནས་ལུགས་ལྡན
ཇི་འདྲའི་དངོས་གཤིས་ཉམས་དགའ་བ་ཞིག་ཨང་
ལྷན་སྐྱེས་ཀྱི་དངོས་གཤིས་དེར་བསམ་དུས
རྒྱང་ན་གནས་པའི་སྙིང་ཉེ་མ་ཁྱེད
ངའི་ཡིད་ཀྱི་མཚོ་མོར་དབང་མེད་དུ་དྲངས
ཀྱེ་ཀྱེ སྙིང་སྡུག་མ
དུས་ནམ་ཞིག་ལ
ད་ལྟ་མིག་ལམ་དུ་རྒྱུ་བཞིན་པའི་ཉ་མཚོ་ཇི་བཞིན
ངེད་གཉིས་མཇལ་འཛོམས་ཀྱི་དགའ་བདེ་མྱོང་ཐུབ་བམ