སྐྱོ་བྲག་དགའ་དབང་།
བལ་ཡུལ་འཕགས་པ་ཤིང་ཀུན་ནི། བལ་པོའི་མཐིལ་གྱི་རི་འབུར་ཞིག་གི་སྒང་ལ་ཡོད་ཅིང་། རང་བྱུང་མཆོད་རྟེན་ཆེན་པོ་དེའི་མདུན་ངོས་གཡས་ཟུར་ན། སྐེད་པ་འདོམས་ཆིངས་ཙམ་གྱི་ཅོང་དྲིལ་ཆེན་པོ་ཞིག་རྡོའི་ཀ་གདུང་ལ་དཔྱངས་གདའ། ཅོང་དྲིལ་དེའི་ཐོད་ལ་ཡིག་ཕྲེང་གཅིག་དང་། སྐེད་པར་ཡིག་ཕྲེང་གསུམ་སྟེ། བོད་ཡིག་ཡིག་ཕྲེང་བཞི་ཡོད་པའི་ཐོག་མ་གསུམ་པོ་ནི་སྨོན་ལམ་དང་། ཐ་མ་ནི་རྒྱུ་ཆ་དང་འགྲོ་སོང་རེད། ཡི་གེའི་རྩོམ་པ་པོ་ནི། ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་ཡིན་པར་བྲིས་འདུག་ལ། ཡི་གེའི་དག་ཆ་འགའ་རེ་ནམ་རྒྱུན་གྱི་འབྲི་སྲོལ་དང་མི་མཐུན་པ་ཡོད་པའང་བཟོ་བཅོས་མ་བྱས་པར་དཔེ་བཤུ་བྱས་པ་ནི། འདི་ལྟར།
༡ ༄༅། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་རིན་པོ་ཆེར། དབྱངས་སྙན་དྲིལ་བུ་རྨད་འབྱུང་འདི་ཕུལ་དགེས། བདག་དང་བདག་ལ་འབྲེལ་བཅས་སེམས་ཅན་རྣམས། གནས་སྐབས་མི་ཐུན་གུད་པ་ཞི་བ་དང་། ཚེ་རིང་ནད་མེད་ཆོས་ནོར་
༢ ཡོངས་འཕེལ་ཞིང་། སྒོ་གསུམ་དམ་པའི་ཆོས་ལ་བཞོལ་བ་ལ། ནག་ཕྱོགས་རྣམས་ཀྱི་བརྫི་བར་མི་ནུས་ཅིང་། སྙིང་པོ་དོན་མཆོག་གནས་ལུགས་ལེགས་རྟོགས་ནས། སྐུ་བཞི་རྒྱལ་ཐབ་དམ་པ་ཐབ་པ་དང་། དེ་མ་ཐོབ་ཀྱི་
༣ བར་དུ་གར་གནས་ཀྱང་། བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། ཞི་བ་ཆོས་ཀྱི་སྒྲ་དབྱངས་རྟག་ཐོས་ཤོག །ཅེས་པའང་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོས་སྨོན་ཚིག་ཏུ་བྲིས་པ་ལྟར་འགྲུབ་པར་ཤོག ། ཛ་ཡནྟུ།
༤ དྲིལ་བུ་འདིས་སྒྱུར་ལི་རྡར་ནི་བརྒྱ་དང་བདུན་བཅུའི་རིན་དང་བཟོ་གླ་ཅེས་སྡོམ་ཊཾ་སྟོང་ཕྲག་གཅིག་དང་གསུམ་བརྒྱ་དྲུག་བཅུ་སོང་།།
ད་ལྟར་ཅོང་དྲིལ་དངོས་སུ་བཞུགས་པ་ན། ཡི་གེ་འདི་རྣམས་དོ་གལ་མི་ཆེ་ནའང་། ནམ་ཞིག་ཅོང་དྲིལ་མི་མངོན་པའི་དབྱིངས་སུ་བཞུད་པ་ན་ནི། ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཡིན་པ་སྨོས་མེད་རེད།
དྲིལ་བུ་འདིའི་སྟེང་གི་ཡི་གེར་དོ་སྣང་མ་བྱས། ངོ་མ་བཀའ་དྲིན་ཆེ། རི་རྩེ་དེ་ནས་རྒྱང་ལྟ་བྱེད་པར་སྤྲོ། ངས་རི་རྩེ་དེ་ནས་དུས་རབས་མང་པོའི་རིང་བལ་ཡུལ་བརྒྱུད་དེ་རྒྱ་གར་དུ་ཆོས་དང་ལོ་ཙ་སློབ་པར་བསྐྱོད་པའི་བོད་ཀྱི་སྐྱེས་པ་མང་པོ་ཟིག་མཇལ། ཁྱད་པར་དུ་རྭ་ལོ་དང་མར་པ་གཉིས་རི་གཤམ་གྱི་ཇ་ཁང་ཟིག་ཏུ་ལྷོད་མཇལ་བྱུང་། སྐོར་ལམ་ནས་ཞབས་དཀར་པར་མཇལ་ཡང་ཁོང་གིས་མ་ཎི་སྐྱོར་བ་དང་ལག་བརྡ་ཙམ་ལས་སྐད་ཆ་མི་བཤད། རྒྱ་བརྩོན་སེང་གེར་མཇལ་ཡང་ཁོང་གིས་ཡིག་སྒྱུར་ཟིག་ཚར་གི་མེད་པར་ཁ་གཡར་ནས་ང་ལ་ཁ་བརྡའི་དུས་ཚོད་སྤྲད་མ་སོང་། རི་གཤམ་གྱི་ཞིང་པའི་བུ་མོ་ཟིག་གིས་ཞོགས་པ་རེ་རེ་བཞིན་ངང་ལག་གམ་ཀེ་ལ་སླེ་བོ་ཆེན་པོ་ཟིག་གི་གང་ཁུར་ཡོང་ནས་སྤྲེའུ་ཚོར་སྤྲོད་པ་ལན་མང་མཇལ། མོའི་སྐྱེ་གཟུགས་མཛེས་ཤིང་གཤིས་ཀར་ལྷོད་བག་ལྡན། སེམས་ལ་བརྟན་པ་མ་ཐོབ་པ་ཚོའི་ཆགས་འབུ་ཉལ་ས་ནས་སློང་བའི་ནུས་པ་ལྡན། རི་ངོས་སུ་སངས་རྒྱས་དང་བྱང་སེམས་ཀྱི་རྡོ་སྐུ་དག་ཁྱི་ལྡོམ་ཚོ་དང་མཉམ་དུ་ཞི་ཞིང་བདེ་བར་གཟིམ། ས་རྡུལ་ལ་མ་འཛེམས་ན་མ་ཎི་འཁོར་ལོ་དག་ལས་བྱིན་རླབས་ཀྱི་བདུད་རྩི་མངར་མིན་སྐྱུར་མིན་རེ་ཚེས་བཟང་དུས་བཟང་ཚོར་འཛག་ཙམ་ཆད་ཙམ་བྱེད།
ཐུགས་རྗེ་ཆེ་བལ་ཡུལ་མཆོད་རྟེན་རྣམ་གསུམ་དང་མགུ་རུའི་གནས་ཆེན་ཁག་མཇལ་དུ་གནས་སྐོར་ཐེང་གསུམ་འགྲོ་མྱོང་ཡང་མཆོད་རྟེན་ཆེན་པོ་
འཕགས་པ་ཤིང་ཀུན་གྱི་སྒོ་ཆེན་གྱི་རྡོའི་སྟེང་གི་ཁ་སྦྱང་ལ་དོ་སྣང་མ་བྱུང་
ན་ད་ལམ་ལོ་རྒྱུས་ངོ་སྤྲོད་གནང་བ་བཀྲིན་ཆེ་ཐུགས་རྗེ་ཆེ་སྐུ་ཚེ་རིང།
ཞྭ་དམར་བཅུ་པར་སྐབས་དེའི་བོད་་གཞུང་ནས་མ་ཉེས་ཁ་གཡོག་འོག་ཚུད་པ་དང་། དེ་ནས་བཟུང་སྐུ་ཕྲེང་ཕྱི་མ་རྣམས་ངོས་འཛིན་་བྱེད་མི་ཆོག་པ་བཟོས་ཡོད། ཁོངགི་བལ་ཡུལ་དང་བོད་གཉིས་ཀྱི་བར་ལ་རྙོག་གྲའི་ནང་ལ་ཚུད་ཅིང་དེའི་བསྐོར་ལོ་རྒྱུས་བལ་པོས་བྲིས་པ་དང་སྐབ་ས་དེ་དུས་རྡོ་རིང་པཎ་ཊི་ཏ་སོགས་བོད་གཞུང་ཕྱོགས་ནས་བྲིས་པ་དང་ཀམ་ཚང་ཕྱོགས་ནས་བྲིས་པའི་ལོ་རྒྱུས་གསུམ་ཆ་ལ་ཆ་རྒྱུས་ལོན་ནས་གསལ་ཁ་གཏོད་དགོས་འདུག་ ཀརྨ་ཞྭ་དམར་པ་མཁྱེན་ནོ།
ངོ་མ་བཀའ་དྲིན་ཆེ། འཕགས་ཤིང་རྩེར་ཐེངས་ག་ཚོད་ག་ཚོད་སོང་ཚར་བ་དང་དྲིལ་བུ་དེའི་སྟེང་གི་ཡི་གེར་ལྟ་མྱོང་། ད་ནི་དྲན་མ་སོང་།