གཡུ་དྲུག་དཀར། རྡ་ས།
ཟབ་སྦྱོང་རེ་ཚོགས་སོང་། ཟབ་སྦྱོང་རེ་གྲོལ་སོང་། ཤུལ་ན་ཅི་ཡང་ལྷག་མི་འདུག ཟབ་སྦྱོང་རེ་ཚོགས་པའི་འགོ་མཇུག་བར་གསུམ་གྱི་གོ་རིམ་ཧྲིལ་བོའི་ཤུལ་ན་ཅི་ཡང་ལྷག་མེད་པའི་ངང་ཚུལ་ལ་བསམ་ན། ཟབ་སྦྱོང་རེ་ཚོགས་པའི་གོ་རིམ་དེ་ཇི་འདྲ་ཞིག་ཡིན་ཨང་སྙམ།
ཟབ་སྦྱོང་རེ་ཚོགས་པའི་གོ་རིམ་སྒྲིག་དུས་ཀྱི་ཐོག་མའི་མ་རྩ་ནི་སྦྱིན་བདག་ཁག་ཡིན་ལ། ཟབ་སྦྱོང་གི་སྦྱིན་བདག་ཚོ་རྒྱུ་འབྱོར་གྱིས་ཕྱུག་རབས་དང་རྒྱ་ཆེ་རབས་ཟེར། ཟབ་སྦྱོང་གི་སྦྱིན་བདག་ཚོ་ལྷག་བསམ་དག་རབས་དང་སྙིང་རྗེ་ཆེ་རབས་ཟེར། ཟབ་སྦྱོང་གི་སྦྱིན་བདག་ཚོ་གཏོང་ཕོད་ཆེ་རབས་སོགས་ཟེར། དེ་ནི་བདེན་ཏེ། ཟབ་སྦྱོང་ཞིག་ཚོགས་པར་དོན་ངོ་མར་ཅི་ཞིག་ཡོད་པ་ནི་སྦྱིན་བདག་ཡིན་ལ། ཟབ་སྦྱོང་ཞིག་ཚོགས་པའི་སྙིང་སྟོབས་ཤིག་གདའ་བ་སྦྱིན་བདག་གིས་ཡིན་ལ། ཟབ་སྦྱོང་ཞིག་ཚོགས་པར་བཅུད་ཅིག་འདུག་པའང་སྦྱིན་བདག་གིས་བྱས་པ་རེད། མདོར་ན། སྦྱིན་བདག་བཀའ་དྲིན་ཆེན་པོ་འདི་དག་གི་རྐྱེན་པས། ཟབ་སྦྱོང་ཚོགས་པའི་གོ་རིམ་འདི་འདྲ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་དང་། མ་འོངས་པར་ཡང་གོ་རིམ་འདི་བསྐྱར་ཟློས་ཡང་ཟློས་བྱ་ངེས་རེད།
ཟབ་སྦྱོང་རེ་ཚོགས་པའི་གོ་རིམ་སྒྲིག་མཁན་ནི་ཟབ་སྦྱོང་བཀོད་སྒྲིག་པ་དག་ཡིན་ལ། ཟབ་སྦྱོང་བཀོད་སྒྲིག་བྱེད་མཁན་དག་གི་རླངས་འཁོར་དང་སྦག་སྦག་འཁོར་ལོ་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། མི་རྣམས་ཕར་འགྲོ་ཚུར་འོང་དང་ཡར་དགྱེ་མར་སྒུར་བྱེད་པ་སོགས། ཁོང་ཚོའི་ཕྱི་ནང་གཉིས་ཀ་ཟིང་ཟིང་འུར་འུར་བྱེད་ཀྱིན་པར་ལྟོས་ན། ཟབ་སྦྱོང་ཚོགས་པའི་གོ་རིམ་ནི་ཇི་འདྲའི་འཁྲིགས་ཆ་དོད་པ་ཞིག་རེད་ཨང་སྙམ་ཡང་། དེའང་ཐོག་མའི་འགོ་འཛུགས་དང་མཐའ་མའི་མཇུག་བསྡོམས་ཙམ་ལས་ཅི་ཡང་མིན་ལ། ཟབ་སྦྱོང་གི་འགོ་རྔ་གཉིས་ཀྱི་འཁྲིགས་ཆ་འདིའི་ཁྲོད་ནས། ◌ཟབ་སྦྱོང་གི་དཀྱིལ་སྙིང་ལ་དུས་རྒྱུན་གས་ཆག་འགྲོ་བཞིན་ཡོད་མོད། བཀོད་སྒྲིག་པ་དག་ག྄ིྭས་དཔེ་ཡག་པོ་བྱུང་བ་ལས་ཅི་ཡང་མི་མཐོང་བས། ཟབ་སྦྱོང་རེ་བཀོད་སྒྲིག་བྱས་རྗེས་ཁོང་ཚོའི་ངོ་གདོང་འཛུམ་གྱིས་ཁེངས་ནས་ཕན་ཚུན་ལ་རྒྱལ་ཁ་ཆེན་པོ་ཞིག་གི་ཉམས་སྣང་སྦྱིན་ལ། ཁོང་ཚོར་མཚོན་ན་ཟབ་སྦྱོང་ཞིག་གོ་སྒྲིག་བྱེད་པའི་དོན་སྙིང་ཡང་དེ་ཙམ་དུ་ཟད་དོ།།
ཟབ་སྦྱོང་ཚོགས་པའི་གོ་རིམ་ཁྲོད་ཀྱི་ཆེས་ཐོག་མའི་ལྟད་མོ་ནི། འཕྲེད་དར་ཆེན་པོ་རེའི་སྟེང་དུ་ཚོན་སྣ་ཅི་རིགས་ཤིག་དང་ཀུན་སློང་སྣ་ཚོགས་ཤིག་བསྡེབས་ནས་འབུར་དོད་ཀྱིས་བཞེངས་པའི་ཡིག་ཆེན་དེ་དག སྒོ་ཆེན་རེའི་ཡ་ཐེམ་གྱི་མཐོ་ས་དང་ལམ་ཁ་ཞིག་གི་བར་སྣང་ལ་བཀལ་ཏེ། རླུང་ཡན་རེས་ལྷབ་ལྷབ་གཡོ་དུས་ག་ལེར་འགུལ་གྱིན་པའི་བརྗིད་ཉམས་དེ་རུ་སེམས་མོད། དེའང་ཐག་རིང་དང་མཐོ་ས་ནས་མཛེས་བར་སྣང་བའི་མཇའ་རིས་ལྟ་བུ་ཞིག་ལས། ལག་པས་འཛིན་རྒྱུ་ཞིག་ཡེ་ནས་མེད་པས། ཡིག་གཟུགས་ཆེན་པོ་ཞིག་ལས་ཅི་ཡང་མིན་པའི་མིང་བྱང་རྫིག་པོ་རེ་འབྲི་བའང་། དོན་ངོ་མར་མི་ཆེན་སུ་ཞིག་གི་ངོ་སོ་ཡིན་ཨང་།
ཟབ་སྦྱོང་ཚོགས་པའི་གོ་རིམ་ཁྲོད་ཀྱི་མི་སྣ་གཙོ་བོ་ནི། ཕྱོགས་ཡར་མར་ནས་འགྲོ་སོང་ཆེན་པོ་བཏང་ནས་གདན་དྲངས་པའི་ཟབ་སྦྱོང་ཟབ་ཁྲིད་བྱེད་མཁན་རྣམ་པ་ཡིན་ལ། ཟབ་སྦྱོང་བཀོད་སྒྲིག་བྱེད་མཁན་ཚོས་ཁོང་ཚོ་རེ་རེར་མིང་རྫིག་པོ་རེས་འབོད་ཅིང་། ཁོང་ཚོའི་ཆུ་ཚོད་གཅིག་རིང་གི་གཏམ་བཤད་དེ་ལའང་མིང་རྫིག་ཐག་ཆོད་པ་རེ་བཏེགས་ཡོད་ངེས། འོན་ཀྱང་། དོན་ངོ་མར་ཟབ་ཁྲིད་ཀྱི་སྟེགས་བུ་ནི་ཆ་མི་སྙོམས་པའི་འཇིག་རྟེན་ཟེར་བ་དེ་དང྄ོྭས་ཡིན། སྟེགས་བུ་འདིར་མཚམས་རེར་ནེ་ཙོ་ལྟ་བུའི་མི་རེ་འབབ་ཅིང་། བསྐྱར་ཟློས་ཡང་ཟློས་ཀྱིས་ཆུ་ཚོད་གཅིག་རྫོགས་ངེས། སྐབས་རེར་སྟག་པགས་གྱོན་པའི་བུང་བུ་རེ་ཡོང་ནས་ཁ་འཁོབ་ལག་འཁོབ་ནས་ཆུ་ཚོད་གཅིག་བསྐྱལ་ངེས། ལན་རེར་ངོ་ཚ་མེད་པའི་སྤྱང་ཀིས་ཧམ་བཤད་རྐྱང་རྐྱང་བྱས་ཏེ་ཆུ་ཚོད་གཅིག་ཟ་ངེས། སྐབས་ལ་ལར་གཡོ་ཅན་ཝ་མོ་རེ་སླེབས་ནས་ཁ་འཇམ་ལག་འཇམ་གྱིས་ཆུ་ཚོད་གཅིག་ག་ལེར་ཕར་འདེད་ངེས། ལན་འགར་རྒྱུན་ཤེས་ཀྱི་རྩལ་རྫོགས་པའི་སྤྲེའུ་རེ་ཡོང་ནས་ཡར་མཆོང་མར་མཆོང་བྱས་ཏེ་ཆུ་ཚོད་གཅིག་རྩེད་མཚར་གྱི་ྐློང་ནས་འདའ་བས། ཟབ་སྦྱོང་ཟབ་ཁྲིད་ཀྱི་གོ་རིམ་ལ་སྡོམ་ཚིག་འགོད་ཐབས་མེད་ལ། དེས་རྐྱེན་པས་ཟབ་སྦྱོང་གི་ཤུལ་ནའང་ཅི་ཡང་ལྷག་གིན་མེད་ཅིང་། ཟབ་སྦྱོང་ཚོགས་པའི་གོ་རིམ་ཁྲོད་ཀྱི་ཉེས་ཅན་པ་གཙོ་བོའང་ཁོང་ཚོ་ལས་སུ།
ཟབ་སྦྱོང་རེ་ཚོགས་པའི་གོ་རིམ་ཁྲོད་ན། གསར་འགོད་པ་དག་གིས་སྒྲ་ལེན་འཕྲུལ་ཆས་དང་པར་ཆས་དག་ཐོགས་ནས། བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྒྲ་ལེན་པ་དང་པར་ལེན་པའི་བྱ་འགུལ་དེས། ཟབ་སྦྱོང་ཚོགས་པའི་གོ་རིམ་ལ་རྫིག་ཉམས་ཤིག་ཁ་སྣོན་བྱེད་ཀྱིན་ཡོད་ལ། གསར་འགོད་པ་མང་པོ་ཟབ་སྦྱོང་ཚོགས་པའི་གོ་རིམ་ལ་ཞུགས་ཡོད་པས། ཟབ་སྦྱོང་ཚོགས་པའི་གོ་རིམ་ལ་ཤུལ་རྗེས་གཅིག་ཀྱང་མེད་མི་སྲིད་དེ། གསར་འགོད་པ་དག་གིས་དཀའ་སྤྱད་སྡུག་རུས་ཀྱིས་ཚགས་པར་སྟེང་གི་གསར་འགྱུར་ལེ་ཚན་ཁྲོད་པར་རིས་དང་བཅས་ཏེ་བཀོད་པའི་ཟབ་སྦྱོང་སྐོར་གྱི་གནས་ཚུལ་དེ། སུས་ཀྱང་མཐོང་སྲིད་པའི་ཟབ་སྦྱོང་གི་ཤུལ་རྗེས་དེ་ཡིན་ཨང་།
ཟབ་སྦྱོང་རེ་ཚོགས་སོང་། ཟབ་སྦྱོང་རེ་གྲོལ་སོང་། ཤུལ་ན་ཅི་ཡང་ལྷག་མི་འདུག ཟབ་སྦྱོང་རེ་ཚོགས་པའི་འགོ་མཇུག་བར་གསུམ་གྱི་གོ་རིམ་ཧྲིལ་བོའི་ཤུལ་ན་ཅི་ཡང་ལྷག་མེད་པའི་ངང་ཚུལ་ལ་བསམ་ན། ཟབ་སྦྱོང་རེ་ཚོགས་པའི་གོ་རིམ་དེ་ཇི་འདྲ་ཞིག་ཡིན་ཨང་སྙམ།
ཟབ་སྦྱོང་དེ་འདྲ་ཡག་པོ་དང་བཟང་པོ་ཞིག་སྤྲོད་ཀྱི་ཡོད་ན་ང་འདྲ་བ་འདི་ཚོར་ཡང་ཟབ་སྦྱོང་རེ་སྤྲད་ན་མི་ཆོག་གཱ ཟབ་སྦྱོང་འདི་མི་ཤེས་མཁན་ཞིག་ལ་སྤྲོད་པ་ལས་ཤེས་མཁན་ཚོར་སྤྲོད་དགོས་པ་མ་རེད་ཡ།
ཟབ་སྦྱོང་གི་སྐོར་ནས་བྲིས་པའི་ཟབ་སྦྱོང་འདི་དངོས་གནས་ཡག་པོ་འདུག བཀའ་དྲིན་ཆེ་རྒྱུ་བོ་ཁྱོད།
སྟོང་བ་རེད། སྟོང་བ་མ་རེད། ད་ནི་གང་ཡང་མ་རེད། སྤྱིན་བདག་གིས་འགྲོ་སོང་རེད། ཟབ་སྤྱོང་གི་དུས་ཚོད་ནི་ཆུད་ཟོས་སུ་བཏང་བ་འདྲ། ཧཧཧ ཀུ་རེ་ཡིན། དེ་ཡི་ཁྲོད་ནས་མི་གཅིག་ལ་གོ་རྟོགས་རེ་བསྐྱེད་དུ་བཅུགས་ཡོད་ངེས། དཔེར་ན་ཁྱེད་རང་བཞིན།
དོན་དངོས་སུ་ངྷ་ས་ན་ཟབ་སྦྱོང་མང་ཡ། མི་མང་བོས་བཟ་སྦྱོང་ལ་ཟ་སྦྱོང་ཟེར་བ་དེ་ལའང་གོ་རྒྱུ་ངེས་ཅན་ཞིག་འདུག གཡུ་དྲུག་དཀར་ལགས་ཀྱིས་མུ་མཐུད་དུ་སྤེལ་རོགས།
།
ཟབ་སྦྱོང་ལས་ གཟབ་སྦྱོང་ ཚིག་དེ་ ཉེ་བ་ མ་ཡིན་ ནམ། རྒྱ་ཆེ་བ་ ལས་ ཟབ་པ་ སྟོང་ཉིད་ ལྟ་བུ་ སྦྱོང་རྒྱུ་ ཡིན་ནམ། དངོས་གཞིའི་ ལས་འགན་ མ་འཇུག་གོང་ སྔོན་འགྲོར་ གཟབ་གཟབ་ ཏན་ཏན་ ཏིག་ཏིག་གི ཚུལ་དུ་ གཟབ་སྦྱོང་ཞིག་ ཚོགས་པ་ མ་ཡིན་ནམ། གང་ དགའ་བགྱིད་ འདུག གང་ ཡག་བགྱིད་ འདུག ག་འདྲ་ཟེ་ བྲིས་ན་ བགྱིད་རེད། གཟབ་ཅེས་ འདི་འདྲ་ཟེ་ བྲིས་ན་ ཡག་བགྱིད་ རེད། ཅེས་ ཆུ་སྐྱེས་ སྒྲོལ་མའི་ མཆན་ཤོག་ལ་ འདྲི་བ་ མེད་ཙང་ ཡང་བསྐྱར་ འདིར་ བཀོད་པ་ ཡིན། ཀརྡོས།
ག་འདྲ་ཟེ་བྲིས་ན་༼ཡག་༽བགྱིད་རེད། ཡག་ཆད་འདུག