ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་གསུང་བཤད་གནང་བ།
ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༠ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་གསུང་བཤད་གནང་དོན།
༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ། དེ་རིང་འདིར་སྐྱབས་ཡུལ་དགེ་འདུན་རྣམ་པ་དང་། བོད་མི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཆེས་མཐོའི་མཛད་གཙོ་རྣམ་པ། སམ་བྷོ་ཊ་དང་དཔེ་སྟོན་སློབ་གྲྭའི་ལས་ཀྱི་སྣེ་མོར་གཏོགས་པའི་ལས་བྱེད་རྣམ་པ། སློབ་ཕྲུག་རྣམ་པ། གཞན་ཡང་ཕྱོགས་མཐའ་ནས་འདུས་པའི་སྐུ་མགྲོན་རྣམ་པ་ཚང་མར་དེ་རིང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་༸ཞབས་སོར་འཁོད་པའི་སྐལ་བཟང་དགའ་སྟོན་འདིར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་འདིར་གཏམ་བཤད་ཞུ་རྒྱུའི་གོ་སྐབས་ཐུང་ངུ་ཞིག་ཐོབ་པ་འདིའི་ཐོག་ལ་དམིགས་བསལ་ཞུ་རྒྱུ་མི་འདུག་སྟེ། ང་རང་སྒེར་དང་འབྲེལ་བ་ཡོད་པའི་དགོངས་སེལ་ཞུ་རྒྱུ་ཞིག་དང་། གསལ་བཤད་ཞུ་རྒྱུ་ཞིག མཐོང་ཚུལ་ཞུ་རྒྱུ་བཅས་ཡིན།
ཐོག་མར་དགོངས་སེལ་ཞུ་རྒྱུ་དེ་བར་ལམ་ཞིག་ནས་ཕྱི་ནང་གི་མི་མང་པོ་ཞིག་དང་ལྷག་པར་དཔེ་སྟོན་སློབ་གྲྭར་ཉམས་ཞིབ་གནང་བར་ཕེབས་མཁན་གྱི་རྒྱ་གར་བ་མཁས་པ་ཁ་ཤས་ཤིག་གིས་ངོས་ལ། ཁྱེད་རང་བཀའ་ཤག་ལ་ཡོད་སྐབས་དཔེ་སྟོན་སློབ་གྲྭ་འདི་ཧ་ཅང་གུ་དོག་པོ་ཞིག་ནང་བཙུགས་འདུག འདི་གང་འདྲ་བྱས་པ་རེད། ཁང་པ་སྐྱོ་པོ། ས་ཆ་ཡང་གུ་དོག་པོ། རྩིག་རྟེན་ཡང་མེད་པ། དེ་འདྲ་ཞིག་གི་ནང་དཔེ་སྟོན་སློབ་གྲྭ་ག་རེ་བྱས་ནས་བཙུགས་པ་ཡིན། དེ་ནོར་འཁྲུལ་ཆེན་པོ་རེད། ཅེས་ངོས་ལ་ལབ་མཁན་དེ་འདྲ་བྱུང་། འདི་ད་ལྟ་ཕྱིར་བལྟས་ཤིག་སློག་སྐབས་འདི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་འདུག སྐབས་དེ་དུས་ས་ཁང་སྟོང་པ་ལམ་སེང་ཡོད་པ་ཞིག་འདི་མ་གཏོགས་མེད་པ་རེད། ཕྱོགས་གཞན་ཞིག་ནས་འགོ་འཛུགས་དེ་རྡ་རམ་ས་ལར་བྱས་པ་ཡིན་ན་ང་རང་དང་ཕྱག་སྦྲེལ་ཤེས་རིག་བཀའ་བློན། གཞན་ཡང་རྡ་སར་ཡོད་པའི་མཁས་དབང་དེ་ཚོས་ཡང་ཡང་གཟིགས་རྟོགས་གནང་རྒྱུར་ཁྱད་པར་ཞིག་ཡོང་གི་རེད་བསམ་ནས་བཙུགས་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་སྐབས་དེར་དཔེ་སྟོན་སློབ་གྲྭར་སློབ་ཕྲུག་འཛུལ་མཁན་ཉུང་ཉུང་ཞིག་ལས་བྱུང་མེད། ཁྲལ་གྱི་བཟོ་འདྲ་བོ་བྱས་ནས་ཕྱོགས་མཐའ་ཁག་ནས་འཁྲིད་ཡོང་བའི་སློབ་ཕྲུག་ཉུང་ཤས་ཤིག་ལས་བཙུགས་པ་ཞིག་ཡིན་སྟབས། ས་ཁུལ་དེ་འགྲིག་གི་ཡོད་པའི་བཟོ་འདྲ་བོ་ཞིག་མཐོང་བ་རེད། བར་ལམ་ཞིག་ནས་དཔེ་སྟོན་སློབ་གྲྭར་སློབ་ཕྲུག་ཇེ་མང་དུ་སོང་བ་ཡིན་སྟབས་ད་ལྟ་གུ་དོག་པོ་ཞེ་དྲགས་ཆགས་ཡོད་པ་འདྲ། དེར་བརྟེན་སྐབས་དེའི་འཛིན་སྐྱོང་གིས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་མ་ཐུབ་པའི་སྐྱོན་ཆ་ཞིག་ཡོད་པ་འདི་ངོས་ལེན་ཞུས་ཐོག་དགོངས་སེལ་ཞུ་རྒྱུ་ཡིན།
དེ་ནས་གསལ་བཤད་ཞུ་རྒྱུའི་དོན་དེ་ག་རེ་རེད་ཅེས་ཞུས་ན། བོད་པའི་སྤྱི་ཚོགས་ནང་ལ་མི་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་འདི་ངས་བཟོས་པ་ལྟ་བུ་ཞིག་ལ་དགོངས་མཁན་དེ་འདྲ་ཡོད་ཚོད་འདུག ཁྱེད་རང་གིས་བཟོས་པའི་ཤེས་ཡོན་སྲིད་བྱུས་དང་། ཁྱེད་རང་གིས་བརྩམས་པའི་ཤེས་ཡོན་སྲིད་བྱུས་རེད་ཟེར་བ་དེ་འདྲ་འབྲི་མཁན་དང་གསུང་མཁན་ཡོང་གི་ཡོད་ཚོད་འདུག ང་ཚོ་བཀའ་ཤག་གི་སྐབས་ལ་འགོ་འཛུགས་བྱས་པ་དངོས་ཡོད་གནས་ཚུལ་རེད་མ་གཏོགས། ཤེས་ཡོན་སྲིད་བྱུས་འདི་ང་མི་གཅིག་གིས་བཟོས་བཞག་པ་ཞིག་མིན་པ་དེ་ངེས་པར་དུ་མཁྱེན་དགོས་པ་ཞིག་རེད། དཔེར་ན། རྒྱ་གར་ནང་ལ་ཌོག་ཌར་བི་ཨར་ཨཱམ་བྷེཊ་ཀར་ Dr.B.R. Ambedkar མཆོག་ལ་རྒྱ་གར་རྩ་ཁྲིམས་ཀྱི་རྩོམ་པ་པོ་རེད་ཟེར་མཁན་དེ་འདྲ་བྱུང་བ་རེད། དེ་འདྲ་ལབ་མཁན་ཡོང་སྐབས་བི་ཨར་ཨཱམ་བྷེཊ་ཀར་མཆོག་གིས་གྲོས་ཚོགས་ནང་ང་རང་ངོ་ཚ་སྟེ་རྔུལ་ཆུ་ཐོན་གྱི་འདུག་ཅེས་གསུངས་མྱོང་བ་རེད། གང་ཡིན་ཟེར་ན། བི་ཨར་ཨཱམ་བྷེཊ་ཀར་གྱིས་རྒྱ་གར་རྩ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་གནང་པ་རེད། ངས་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་ནང་ལ་ཐེ་གཏོགས་གང་ཡང་བྱས་མེད། ཤེས་ཡོན་སྲིད་བྱུས་འདིའི་ཐོག་མའི་བསམ་བློའི་ས་བོན་གང་ནས་རྙེད་པ་རེད་ཟེར་ན། འདས་པའི་ལོ་བཞི་བཅུ་ཞེ་གྲངས་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ནས་ཡང་དུ་བོད་མིའི་མ་འོངས་ཤེས་ཡོན་ཐོག་ལ་བཀའ་སློབ་རིམ་པ་སྩལ་བ་དེ་ཚོའི་ནང་ནས་ཕྱོགས་བསྡུས་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ནས་འབྱུང་བའི་རིགས། དེ་བཞིན་རྒྱ་གར་ནང་གི་སྔོན་བྱུང་མཁས་པ་མང་པོའི་གསུང་དེ་ཚོར་གཞིར་བཞག་སྟེ། ༢༠༠༢ ལོའི་ཕྱི་ཟླ་ ༡ པའི་ནང་ལ་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་རྒྱུན་རིང་ཉམས་མྱོང་ཡོད་པའི་དགེ་རྒན་དང་། སློབ་སྤྱི་ ༢༠༠ ཡས་མས་སྐོར་ཞིག་འདུ་འཛོམས་བྱས་པ་དེ། ཉིན་གསུམ་གྱི་བགྲོ་གླེང་གི་གྲུབ་དོན་ནང་ནས་བསམ་བློའི་ས་བོན་ལྟ་བུ་དེ་དེ་འདྲ་བྱས་ནས་རྙེད་པ་རེད།
དེའི་ཐོག་ནས་རྙེད་པའི་བསམ་བློའི་ས་བོན་དེར་དངོས་སུ་ཡིག་ཐོག་ལ་ཕབ་མཁན་དེ། སྐབས་དེ་དུས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་དགེ་ལེགས་ལེགས་ཀྱི་གཙོ་སྐྱོང་འོག་བོད་ཁྱིམ་གྱི་དགེ་ཟུར་ཌོག་ཌར་བུ་མོ་ཚེ་རིང་ལགས་དང་། བོད་ཁྱིམ་གྱི་ཤེས་རིག་འགན་འཛིན་ངག་དབང་རྡོ་རྗེ་ལགས། རིགས་ལམ་སློབ་གྲྭའི་དགེ་རྒན་བློ་བཟང་རིན་ཆེན་ལགས། ཤེས་རིག་གི་ལས་བྱེད་ཆུང་ཚེ་རིང་ལགས་བཅས་ཁོང་ཚོ་ལས་གྲུབ་པའི་ཟིན་བྲིས་ཚོགས་ཚུང་བཙུགས་ཏེ། ཟིན་བྲིས་དང་པོ་དང་གཉིས་པ་གཉིས་ཀ་ཟིན་བྲིས་ཚོགས་ཆུང་དེ་རང་གིས་བརྒྱབ་པ་རེད། དེའི་རྗེས་ལྡི་ལིར་རྒྱ་གར་མཁས་པ་ཁག་གི་ཚོགས་འདུ་དང་། སྡེ་ར་ལྡུན་གྱི་སྲོང་བཙན་དཔེ་མཛོད་ཁང་དུ་བོད་ཀྱི་མཁས་པ་ཁག་གི་ཚོགས་འདུ། དེ་རྗེས་རྡ་རམ་ས་ལར་ནུབ་ཕྱོགས་མཁས་པ་ཁག་གི་ཚོགས་འདུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཐོག་ནས་ཚོགས་འདུ་རིམ་པ་གསུམ་གྱི་ནང་ལ་ཞིབ་བསྡུར་བྱས། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་རྫོགས་ཀྱི་འབྲེལ་ཡོད་ཚང་མར་ཟིན་བྲིས་དང་པོ་དང་གཉིས་པ་འགྲེམས་སྟོན་ཞུས་ནས། དེའི་ནང་ལ་དགོངས་འཆར་ཡོང་བ་ཆ་ཚང་ཕྱོགས་བསྡུས་བྱས་པ་དེ། མཐའ་མ་ཟིན་བྲིས་ཚོགས་ཆུང་དང་བཀའ་ཤག་གིས་གཏན་ལ་ཕབ་པ་དེ། ཕྱི་ལོ་ ༢༠༠༤ ལོའི་ཕྱི་ཟླ་ ༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཕུལ། སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ཡོངས་ཀྱི་བགྲོ་གླེང་དང་། དེ་བཞིན་ཚོགས་ཆུང་ཟུར་བགོས་ཀྱིས་བགྲོ་གླེང་། དེའི་རྗེས་དོན་ཚན་རེ་རེ་བཞིན་སྤྱི་མོས་མང་མོས་ཀྱིས་གཏན་ལ་ཕབ་ནས་དོན་ཚན་མང་ཆེ་བ་ཞིག་ཆེས་མཐོའི་མང་མོས་ཐོག་ནས་ཕྱིན་པ་དང་། མཐའ་མའི་ཕྱོགས་བསྡོམས་ཀྱི་ཡིག་ཆ་དེ་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པ་རེད།
དེར་བརྟེན་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་གནས་ཚད་མཉམ་པའི་ཡིག་ཆ་ཞིག་ཡིན་པར་ངོས་ལེན་གནང་དགོས་པ་ཞིག་ཡིན་སྟབས། མ་འོངས་པར་འདི་ལ་བསྐྱར་ཞིབ་དང་འགྱུར་བ་གཏོང་དགོས་པའི་རིགས་དེ་ཚོ་གང་ཟག་བྱེ་བྲག་པ་དང་། ལས་ཁུངས་བྱེ་བྲག་པ་ཞིག་གི་དབང་ཚད་འོག་ལ་མེད་པ་བྱས་ཏེ། སྤྱི་འཐུས་ལྷན་ཚོགས་རང་གིས་བསྐྱར་ཞིབ་དང་བསྐྱར་བཅོས་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་ཚང་མས་ཤེས་ཡོན་སྲིད་བྱུས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པ་དང་། སྤྱི་འཐུས་ལྷན་ཚོགས་ངོས་ནས་ཀྱང་འདི་རང་ཉིད་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་ཞིག་ཡིན་དགོངས་ཏེ། བདག་པོའི་འདུ་ཤེས་བཟུང་ནས་འདི་ལ་སྲུང་སྐྱོབ་དང་རྒྱུན་གནས་ཡོང་རྒྱུ། བསྐྱར་བཅོས་དགོས་པའི་རིགས་དེ་ཚོ་དུས་ལ་གཟིགས་ཐུབ་པ་གནང་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསལ་བཤད་ཞུ་རྒྱུའི་འདུན་པ་ཞིག་བྱུང་སོང་།
དེ་ནས་ང་རང་གི་མཐོང་ཚུལ་འདི་ལ་ཐོག་མར་དཔེ་སྟོན་སློབ་གྲྭ་འདི་བཙུགས་སྐབས་ཚང་མ་དོགས་པ་རྣམ་རྟོག་གི་ངང་ལ་བསྡད་པ་རེད་ལ། འཛུལ་མཁན་ཡང་ཉུང་ངུ་ཞིག་ལས་མེད་པ་རེད། ད་ལྟ་འཛུལ་མཁན་འཚང་ཁ་ཤིག་ཤིག་བྱས་ནས་འདིའི་ནང་མ་ཚུད་པའི་སྡུག་བསྔལ་མ་གཏོགས་འདིའི་ནང་འཛུལ་མཁན་མེད་པའི་སྡུག་བསྔལ་མེད་པའི་གནས་སྟངས་དེ་ཡག་པོ་རེད་བསམ་གྱི་ཡོད། ཕྱོགས་གཅིག་ནས་འདས་པའི་ལོ་གཅིག་གི་ནང་ལ་དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་དེ་དག་གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་བཅུ་གཅིག་ནང་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད། སྐབས་དེར་དགེ་རྒན་ཚོ་དང་སྤྱི་ཚོགས་ནང་སེམས་ཁྲལ་ཆེ་ཤོས་ཤིག་གང་ཡོད་རེད་ཅེ་ན། འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་སློབ་ཀྱི་མེད་པར་བརྟེན་དབྱིན་སྐད་ལ་སོགས་པ་ལ་རྗེས་ལུས་ཐེབས་ཀྱི་རེད་བསམ་པའི་དོགས་པ་ཞིག་ཡོད་པ་རེད། འོན་ཀྱང་ད་ལྟ་དངོས་སུ་ཁོང་ཚོ་འཛིན་གྲྭ་བཅུ་པ་བཅུ་གཅིག་ལ་བསླེབས་སྐབས་རྗེས་ལུས་ཐེབས་རྒྱུའི་ཚབ་ལ་སྔོན་འགྲོ་འཛིན་གྲྭ་ནས་ཨིན་ཇི་བསླབས་ནས་ཡོང་མཁན་ཚོ་དང་ཁོང་ཚོ་བསྡུར་སྐབས་སྔོན་ལ་མ་གཏོགས་རྗེས་ལ་མ་ལུས་པ་བྱུང་ཡོད་པ་མིག་མཐོང་ལག་ཟིན་བྱུང་འདུག འདི་གནས་ཚུལ་བཟང་པོ་ཞིག་རེད་བསམ་གྱི་འདུག ཕྱི་ནང་གི་མི་རིགས་མང་པོ་ཞིག་གིས་ང་ཚོའི་ཤེས་ཡོན་སྲིད་བྱུས་འདི་དཔེ་བལྟ་རྒྱུ་འདྲ་བོ་ཞིག་ཡོང་གི་འདུག་ཟེར་ནས་བསྔགས་བརྗོད་གནང་མཁན་མང་པོ་ཡོང་གི་ཡོད། དེར་བརྟེན་སྔོན་མ་ང་ཚོ་དོགས་པ་རྣམ་རྟོག་ཡོད་པ་དེ་དག་ཚང་མ་བསངས་ཐུབ་པ་ཞིག་དང་། སྔོན་མ་ང་ཚོ་དཔེ་སྟོན་སློབ་གྲྭ་འཛུགས་པའི་སྐབས་དེར་འདི་ལ་ཚོད་ལྟ་སློབ་གྲྭ་ཞེས་ལབ་དགོས་རེད་ཅེས་གསུང་མཁན་མང་པོ་བྱུང་བ་རེད། སྐབས་དེར་ང་ཚོས་ཚོད་ལྟ་བྱེད་དགོས་པ་གང་ཡང་མེད། སྔོན་གྱི་མཁས་པ་གོང་མ་ཚོས་ཚོད་ལྟ་གནང་གྲུབ་པ་ཞིག་རེད། འདི་ང་ཚོ་དཔེ་སྟོན་གྱི་ཆེད་དུ་བཙུགས་པ་ཡིན་ཟེར་ནས་དཔེ་སྟོན་སློབ་གྲྭ་འདི་བཙུགས་པ་ཞིག་རེད།
དེར་བརྟེན་དེ་རིང་དཔེ་སྟོན་སློབ་གྲྭ་ལོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་སློབ་གྲྭ་འདིའི་ནང་རྒྱུན་མཐུད་ནས་ཕྱག་ལས་གནང་མཁན་གྱི་དགེ་རྒན་ལས་བྱེད། ཞིབ་ཚགས་པོས་སློབ་སྦྱོང་གནང་མཁན་གྱི་སློབ་ཕྲུག་ཚང་མར་ངས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཤེས་ཡོན་སྲིད་བྱུས་བཟོས་པའི་སྐབས་ཐོག་མཐའ་བར་གསུམ་དུ་ཐུགས་ཞིབ་དང་བཀའ་སློབ་སྩལ་བ་དང་། དཔེ་སྟོན་སློབ་གྲྭ་འདིར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་མཚན་གསོལ་མཛད་པ། དེ་རིང་མཛད་འཆར་མང་པོ་ཞིག་ཕྱིར་བསྡུ་མཛད་པའི་སྐབས་ཤིག་ཡིན་ནའང་ལོ་བཅུ་འཁོར་བའི་དུས་ཆེན་འདིའི་ཐོག་དངོས་སུ་༸ཞབས་སོར་འཁོད་པ་འདི་ཚང་མའི་བསོད་ནམས་ཀྱི་བསྐལ་པ་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཆབས་གཅིག ཁྱེད་རང་ཚོར་མི་ཚེ་དོན་ལྡན་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད། །
༼སྐབས་དེར་དགེ་རྒན་ཚོ་དང་སྤྱི་ཚོགས་ནང་སེམས་ཁྲལ་ཆེ་ཤོས་ཤིག་གང་ཡོད་རེད་ཅེ་ན། འཛིན་གྲྭ་བཞི་པ་ནས་མ་གཏོགས་སྐད་ཡིག་གཞན་སློབ་ཀྱི་མེད་པར་བརྟེན་དབྱིན་སྐད་ལ་སོགས་པ་ལ་རྗེས་ལུས་ཐེབས་ཀྱི་རེད་བསམ་པའི་དོགས་པ་ཞིག་ཡོད་པ་རེད། འོན་ཀྱང་ད་ལྟ་དངོས་སུ་ཁོང་ཚོ་འཛིན་གྲྭ་བཅུ་པ་བཅུ་གཅིག་ལ་བསླེབས་སྐབས་རྗེས་ལུས་ཐེབས་རྒྱུའི་ཚབ་ལ་སྔོན་འགྲོ་འཛིན་གྲྭ་ནས་ཨིན་ཇི་བསླབས་ནས་ཡོང་མཁན་ཚོ་དང་ཁོང་ཚོ་བསྡུར་སྐབས་སྔོན་ལ་མ་གཏོགས་རྗེས་ལ་མ་ལུས་པ་བྱུང་ཡོད་པ་མིག་མཐོང་ལག་ཟིན་བྱུང་འདུག༽ ཅེས་གསུངས་པ་བདེན་ན་ནི་རྒྱལ་ཁ་ཆེན་པོ་ཞིག་རེད། །
ཟམ་གདོང་རིན་པོ་ཆེས་དགོངས་སེལ་ཞུ་བ་མཐོང་བ་ཐེངས་དང་པོ་ཡིན། ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་ཁོང་ནི་ནོར་འཁྲུལ་ངོས་ལེན་བྱེད་མཁན་ཞིག་མ་རེད
གསུང་བཤད་གནང་དགོས་བྱུང་ན་ཟམ་གདོང་རིན་པོ་ཆེ་འགྲན་ཐུབ་མཁན་ཡོད་མ་རེད་དོ་།
ན་མོ་གུ་རུ་བྷེ། ལྷ་ཡིས་རྒྱལ་བོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཅེས་ལོག་པར་རྟོགས་པ་དང་། དལ་བརྒྱད་འབྱོར་ཅུའི་ལུས་རྟེན་བླངས་ཀྱང་། དེ་ངོས་མི་བཟུང་ཞིང་། ལོག་ལམ་དུ་འགྲོ་བཞིན་པ་རྣམས་ལ་གདམས་པ་ལགས་སོ།
ཚང་མས་ལྟ་སྡོད་ཨ། གཞི་རིམ་ཤེས་ཡོན་སྲིད་ཇུས་ལམ་འགྲོ་བྱུང་མི་འདུག ཟམ་གདོང་རིན་པོ་ཆེ་ཡིས་གོང་ས་མཆོག་གི་དགོངས་གཞི་ཡིན་པ་བསྒྲུབས་སོང་། དེ་ནས་ཡེ་ཤེས་དབྱིངས་དཔྱད་ཡིན་པས། སྐྱོན་བརྗོད་མཁན་བྱུང་ན་མཚན་སྨོད་རེད་ཅེས་སྡིག་པ་མིག་བཙུམས་བྱེད་རྐྱང་རེད།
ཟམ་གདོང་རིན་པོ་ཆེས་ལས་དོན་ཡག་པོ་རེ་བྱུང་རྗེས་ད་དུང་རྗེས་དེར་དགོངས་སེལ་དང་ཡང་ན་བཟོད་གསོལ་རེད་ཞུ་གསོལ་ཡོད་པ་རེད། སྤྱི་འཐུས་ཚོགས་གཙོ་འཁྱོལ་སྐབས་བཟོད་གསོལ་ཞུས་པ་དང་།
བཀའ་ཁྲི་མཐའ་འཁྱོལ་སྐབས། གཞིས་ཆགས་བསྐོར་བསྐྱོད་ཀྱིས་མི་མང་ལ་དགོངས་སེལ་ཞུས་པ།
དེ་རིང་ཡང་དཔེ་སྟོན་ལ་དགོངས་སེལ། ང་གནང་སྟངས་འདི་ལ་ངོ་མཚར་རམ་ཡ་མཚན་ཅུང་ཙམ་སྐྱེས།
ཡག་སྡུག་གང་བྱུང་ཡང་ཁུངས་བཅོལ་ས་སྟོན་པ་བཅོམ་ལྡན་འདས་དང་གོང་ས༧མཆོག་གཉིས་སྟོན་སོང་གདའ། ད་འགྲེལ་བཤད་ཅིག་རྒྱོབ་དང་མི་ཚེ་གང་ལ་མགོ་སྒུར་བཅུག་ཀི་རེད་དོ།།
ཟམ་གདོང་སྤྲུལ་སྐུ་ལྟ་བུའི་གཏམ་བཤད་ངག་རྩལ་བྱང་ཆ་ཅན་ཞིག་བོད་གངས་ཅན་ལ་ཧ་ཅང་གི་དཀོན་པོ་ཡིན། ཁོང་གི་གཏམ་བཤད་ངག་རྩལ་ངས་ནམ་ཡང་ཡིད་སྨོན་འཆོར་བཞིན་ཡོད། ཁོང་གིས་གཏམ་གང་བཤད་པ་ཚང་མ་སྒྲ་གདངས་དག་པོ། མི་དགོས་པའི་ཚིག་ལྷག་ཉུང་ངུ་། ཡིག་སྐད་དང་ཐག་ཉེ་བ། དོན་ཉུང་བ། གནད་འདུས་པ། སྐད་ཀྱི་གདངས་མཐོ་དམན་རན་པ་བཅས་ཤིན་ཏུ་ངོ་མཚར་ཆེན་པོ་ཡོད། ཁོང་གི་གཏམ་བཤད་ལ་མ་ཚང་བ་གཅིག་ཡོད་པ་དེ་ཀུ་རེ་དང་བཞད་གད་ཀྱིས་མི་སེམས་ལ་མཚར་སྣང་དང་གད་མོ་སློང་ནུས་པའི་ཁྱད་ཆོས་དེ་མེད།
བོད་དོན་འཐབ་རྩོད་ཀྱི་ཆེད་དུ་དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་ཡོད་པའི་བོད་ཕྲུག་གང་མང་དགོས་རྒྱུ་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ངའི་གོ་ཐོས་ལྟར་བྱས་ན་རྒྱ་གར་ནང་ཡོད་པའི་བོད་ཕྲུག་ཚོ་ཕྱི་རྒྱལ་སོགས་མཐོ་རིམ་སློབ་གྲ་ཁག་ལ་འགྲོ་རྒྱུར་ཨིན་ཇིའི་སྐད་ཡིག་གནས་ཚད་སྐྱོ་དྲགས་པའི་རྐྱེན་གྱིས་ཡིག་ཚད་མ་ལོན་པར་མཐོ་རིམ་སློབ་གྲའི་རྐུབ་སྟེགས་ཤོར་གྱི་ཡོད་པའི་གནས་ཚུལ་འདུག་པས་དངོས་འབྲེལ་ཡིན་ན་ཕངས་པོ་ཞེ་དྲགས་རེད་ལ་སེམས་ཁྲེལ་བྱེད་དགོས་ངེས་ཤིག་རེད།