འཇིགས་མེད་བཀྲ་ཤིས་ཀྱིས།
༄༅།། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཟུར་ནས་གང་དུ་ཕེབས་རྒྱུ་ཡིན་མིན་སྐོར་གླེང་སློང་ཞིག་དེ་སྔོན་ནས་ཡོང་གི་ཡོད། ཁ་ཤས་ཀྱིས་སྤྱི་འཐུས་ནང་ལ་ཕེབས་ཀྱི་རེད་ཟེར། ཁ་ཤས་ཀྱིས་ཁྲིམས་ཞིབ་ཁང་ལ་ཕེབས་ཀྱི་རེད་ཟེར། ཁ་ཤས་ཀྱིས་རི་ཁྲོད། ཁ་ཤས་ཀྱིས་གདན་ས། ཁ་ཤས་ཀྱིས་སླར་ཡང་ཝཱར་ཎར་ཕེབས་ཀྱི་རེད་ཟེར། དེ་ཐམས་ཅད་ལ་ཡིན་སྲིད་པའི་ཆ་རེ་ཡོད་པས་མཐའ་གཅིག་ཏུ་མ་རེད་ལབ་མི་ཐུབ། འོན་ཀྱང་སྤོབས་པ་མཐའ་ཡས་ཟེར་བས་ཟམ་གདོང་རིན་པོ་ཆེ་དོལ་དགོན་གསར་པའི་ནང་དུ་འཛུལ་སྲིད་སྐོར་བཤད་སོང། དེ་ནི་གཏན་ནས་མི་སྲིད་པ་ཞིག་རེད། ཆུ་བོ་གངྒཱ་ཝཱ་རཱཎ་སཱི་ནས་དཀྱོགས་ཏེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལ་བཞུར་གྱི་རེད་ཟེར་བ་དང་མཚུངས། འདི་འདྲའི་མི་སྲིད་པ་ཞིག་བཤད་དགོས་དོན་གང་ཡིན་ནམ། མི་སྲིད་པའི་རྟོག་བཟོ་འདི་རིགས་ལ་དཔྱད་ཀྱང་དགོས་པ་ཆུང་བས་བཞག
ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ཟུར་ནས་གང་དུ་ཕེབས་མིན་གྱི་དོན་དངོས་ཐོག་བཤད་ན། སྤྱི་འཐུས་སོགས་ཀྱི་ནང་གནས་སྐབས་ཕེབས་སྲིད་ཀྱང་ཕེབས་གཏན་འཁེལ་བ་ཞིག་མ་རེད་སྙམ། ཕེབས་གཏན་འཁེལ་བ་ནི་རིང་མིན་སྡེ་སྲིད་ཁྲི་པར་ཕེབས་རྒྱུ་ཡིན་པ་དེ་རེད། འདི་ནི། གཅིག་ནས། ༸གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་བཀའ་ཕེབས་བཞིན་པར་མ་ཟད། དགུང་ནའི་བབས་ཀྱིས་ཀྱང་དེ་ལྟར་གནང་རྒྱུ་བཟློག་ཐབས་མེད་པ་ཆགས་ཡོང་གི་ཡོད། བོད་མི་ཚོའི་ངོས་ནས་ཨུ་ཚུགས་ག་ཚད་ཞུས་ཀྱང་དེ་ལ་བཟློག་ཐབས་མེད།
གཉིས་ནས། བཙན་བྱོལ་ནང་གི་ཤེས་འཇོན་གཉིས་ལྡན་གྱི་རྩེ་ཕུད་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིའི་ལས་གནས་ནས་འཁྱུར་ལ་ཉེ་ཡོང་གི་ཡོད། ཁོང་དབུ་སྐྲ་དཀར་ནའང་ད་དུང་ཕྱག་ལས་གནང་མི་ཐུབ་པའི་ཚོད་མིན་པས། མུ་མཐུད་དུ་ཁོང་ལ་བོད་བསྟན་སྲིད་ཀྱི་མཛད་འགན་བསྐུར་དགོས་ལ། དེའང་མཛད་འགན་སྔར་ལས་ལྷག་པ་ཞིག་བསྐུར་དགོས།
གསུམ་ནས། ༸གོང་ས་མཆོག་གིས་ནམ་རྒྱུན་༸རྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་པ་དང་འགན་འཁྱེར་དགོས་པ་རེད་ཅེས་བཀའ་གནང་བཞིན་པ་ལྟར། ད་ནི་ཁོང་སྐུ་འཚོ་བཞུགས་ཀྱི་རིང་འདིར། ཁོང་མེད་པ་ནང་བཞིན་ལས་ཀ་ཆ་ཚང་བ་ཞིག་བྱེད་སྟངས་སྦྱང་དགོས་པ་རེད། ལག་ལེན་དུ་བསྟར་དགོས་པ་རེད། རྗེས་མ་དུས་ཚོད་དེ་ལ་སླེབས་རག་བར་དུ་བསྒུགས་ནས་སྡོད་མི་རུང། དེ་བསྒུགས་པས་ཕན་ཐོགས་མེད། སྔོན་ཚུད་ནས་སྦྱོང་བརྡར་གནང་དགོས་པ་རེད། འདི་གལ་ཆེན་པོ་རེད། ༸གོང་ས་མཆོག་ནས་བགྲེས་ཡོལ་ཆ་ཚང་གནང་དགོས་གསུངས་པའི་རྒྱུ་མཚན་གྱི་གཙོ་བོའང་འདི་ཡིན་ངེས།
དེས་ན་༸རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་ཆ་ཚང་གནང་སྟེ། བོད་གཞུང་གི་འགན་འཛིན་དབང་ཆ་མ་བཞེས་ཚེ་ཇི་ལྟར་བྱེད་དགོས་ཤེ་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་བ་ལྟར། སྡེ་སྲིད་ལྷན་ཚོགས་འཛུགས་དགོས་པ་དང་། སྡེ་སྲིད་ལྷན་ཚོགས་དེའི་ནང་སྡེ་སྲིད་ཁྲི་པ་ཞིག་དགོས། དེ་ལ་ཟམ་གདོང་རིན་པོ་ཆེ་ཏག་ཏག་ཡོད་པ་རེད། སྡེ་སྲིད་ཁྲི་པ་ནི་བཀའ་བློན་ཁྲི་པའི་ཡན་ཞིག་རེད། སྡེ་སྲིད་ལྷན་ཚོགས་འདི་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་སྐབས་འཛུགས་རྒྱུ་ཞིག་མིན་ནམ་བསམ་མཁན་རེ་ཟུང་ཡོད་སྲིད་ཀྱང་། དེ་འདྲ་མ་རེད། སྐུ་འཚོ་བཞུགས་སྐབས་ལ་བཙུགས་ཆོག་གི་ཡོད་པ་རེད། དེ་ནི་བཅའ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་།
༼༡ ཀ ༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་ཁབ་དང་གཞུང་གི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས་དང།
ཁ རྒྱལ་ཁབ་དང་། མི་མང་གི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོ་བསྡུར་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་རྣམས་སྡེ་སྲིད་ལྷན་ཚོགས་ཀྱིས་ལག་ལེན་མ་བསྟར་མཐུ་མེད་ཀྱི་ཐག་གཅོད་བྱུང་སྐབས་བཅས་སུ་གཞུང་གི་འགན་དབང་འཛིན་མཁན་སྡེ་སྲིད་ལྷན་ཚོགས་ཤིག་དགོས་པ་ཡིན།༽ ཞེས་གསལ་ཡོད། ནང་གསེས་༼ཀ༽པའི་ནང་དུ་༸གོང་ས་མཆོག་སྐུ་མ་འཚོ་བའི་སྐབས་དེ་ཚུད་ཡོད་ཀྱང་དེ་ཁོ་ན་མིན། བགྲེས་ཡོལ་གནང་སྟེ་མཛད་ཁུར་མ་བཞེས་པའི་སྐབས་སུའང་དེ་ཇི་བཞིན་རེད།
གཞན་ཡང། ༸རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་ཆ་ཚང་གནང་སྟེ། བོད་གཞུང་གི་འགན་འཛིན་དབང་ཆ་དང་རྒྱལ་ཁབ་དབུ་ཁྲིད་ཀྱི་མཚན་གནས་བཞེས་ཀྱི་མིན་གསུངས་པ་འདིས། ༸རྒྱལ་བ་རིན་པོ་ཆེས་བོད་མི་མང་གི་འདི་ཕྱིའི་༸སྐྱབས་མགོན་གནང་གི་མིན་གསུངས་པ་མ་རེད། དེ་ནི་བོད་མིའི་དད་པ་དམ་ཚིག་ལ་འགྱུར་བ་མ་སོང་བར་དུ་གནང་རྒྱུ་ཡིན་ཡིན་པ་རེད། འོ་ན་ག་རེ་གསུང་གི་ཡོད་པ་རེད་ཅེ་ན། ཞེ་ས་མ་ཞུས་ན་༸རྒྱལ་བ་རིན་པོ་ཆེས་བོད་གཞུང་གི་ལས་བྱེད་གནང་གི་མིན་གསུང་གི་ཡོད་པ་རེད། ད་ཆ་༸རྒྱལ་བ་རིན་པོ་ཆེ་བོད་གཞུང་གི་ལས་བྱེད་ནང་གི་ལས་བྱེད་མཐོ་ཤོས་དེ་རེད། ད་ལས་བྱེད་འདི་ནས་བགྲེས་ཡོལ་གནང་གི་ཡིན་གསུང་གི་ཡོད་པ་རེད། ཁོང་དང་སྐུ་ན་མཉམ་པའི་ལས་བྱེད་གཞན་པ་རྣམས་སྔ་མོ་ནས་བགྲེས་ཡོལ་ཞུས་ཚར་བ་རེད། ཞེ་ས་མ་ཞུས་པར་གསལ་པོ་བྱས་ནས་བཤད་ན་དེ་འདྲ་ཞིག་རེད། ཁ་ཤས་ཀྱིས་བགྲེས་ཡོལ་གནང་རྒྱུའི་གསུང་འདི་ལ་གོ་ནོར་ཐེབས་ཀྱི་ཡོད་ཚོད་འདུག དེས་ན། མི་རིང་བར་བགྲེས་ཡོལ་ཆ་ཚང་གནང་བའི་སྐབས་སུ་སྡེ་སྲིད་ལྷན་ཚོགས་འཛུགས་རྒྱུ་དང། ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་རྒྱུ་འདི་འདྲ་ཞིག་ ཕྱོགས་དུ་མ་ནས་དུས་ལ་བབ་ཡོང་གི་ཡོད་པས། སྤོབས་པ་མཐའ་ཡས་ཟེར་བ་སོགས་ཀྱིས་མི་དགོས་པའི་འཇིགས་སྣང་དང་གཟུགས་མེད་ཀྱི་གྲིབ་བཟོ་བྱེད་མི་དགོས་སོ།།
ཟབ་གདོང་རིན་པོ་ཆེ་མཆོག བཀའ་ཁྲིའི་ལམ་སྟོན་པའམ། སྡེ་སྲིད་ལྷན་ཚོགས་སོགས་སུ་གོ་གནས་ད་ལྟ་ནས། གསར་འཛུགས་དགོས་གལ་མི་འདུག་གམ། བཙན་བྱོལ་སྒྲིག་འཛུགས་དང་། གཞིས་བྱེས་བོད་མིས་ཐག་གཅོད་མ་ཕྱིས་མ་དམན་མ་རྒྱང་བར་གསལ་འདེབས་ཞུ་རྒྱུ་ལགས།
དེ་འདྲ་ཞིག་ཡིན་ན་དཔེ་མི་ཚད་ཡག་པོ་ཡོང་ས་གདའ། སྡེ་སྲིད་ལྷན་ཁང་ཞིག་ཀྱང་འཛུགས་ཐུབ་ན། ང་ཚོའི་གཞུང་དེ་གནའ་བོའི་སྐུ་དྲག་གཞུང་དང་ཁྱད་མེད་དུ་འགྲོ་བ་རེད།
ཕལ་ཆེར་དེ་འདྲ་ཡིན་ས་རེད། ཡིན་ནའི་མ་འོངས་པ་ལ་གོ་རིམ་མེད་པ་རེད། གང་ཡང་སྲིད། སྲིད་ཚད་ཆེ་ཤོས་དེ་སྡེ་སྲིད་ལྷན་ཚོགས་དེ་འདྲ་པོ་འདུག
སྡེ་སྲིད་ལྷན་ཚོགས་ཞེས་པ་ཞིག་མི་དགོས་པའི་དོན་དུ་བཀའ་ཁྲི་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་ལམ་སྲོལ་འདི་བཙུགས་པ་རེད། ད་ཁྱེད་ཚོས་ག་རེ་ཤོད་ཀྱི་ཡོད་པ་རེད།
ལྷོ་ཕྲུག་སྣ་བོ་ཆེ་ལགས། ཁྱེད་ཀྱིས་དང་པོ་བཅའ་ཁྲིམས་ལ་གཟིགས། བཀའ་བློན་ཁྲི་པ་དང་སྡེ་སྲིད་ཁྲི་པ་ལོགས་ཀ་རེད།
འཇིགས་མེད་ཀྱིས་ཚད་མཐོའི་བསམ་ཚུལ་གསར་པ་ཞིག་བཀོད་འདུག་དྲ་གྲོགས་འགའ་ཤས་ནས་སྡེ་སྲིད་ལྷན་ཚོགས་དེ་སྐུ་དྲག་ལྷན་ཚོགས་ཏུ་གོ་བ་བླངས་པ་ནི་གུ་ཡངས་དཀྱེལ་ཆེའི་བསམ་བློ་མེད་པ་རང་རེད།སྡེ་སྲིད་ཅེས་པའི་ཐ་སྙད་དེ་སྔར་སྐུ་དྲག་ལམ་ལུགས་ཀྱི་སྲིད་གཞུང་ནང་བེད་སྤྱོད་བཏང་པས་ཡིན་ནམ།དེ་ནི་རིག་གནས་གསར་བརྗེའི་སྐབས་ཡིག་འགོ་ཡོད་པའི་ཡི་གེ་ནི་བསམ་བློ་རྙིང་པའི་མཚོན་བྱེད་རེད་ཟེར་བ་དང་འདྲ།
མང་ཆེ་བས་སྡེ་སྲིད་ལྷན་ཚོགས་སྐོར་མཁྱེན་གྱི་མེད་པ་འདྲ། བཅའ་ཁྲིམས་ལ་མ་གཟིགས་པས་ཡིན་སྲིད། སྡེ་སྲིད་ཅེས་པའི་ཐ་སྙད་ཙམ་ལ་བརྟེན་ནས་སྐུ་དྲག་ལམ་ལུགས་རེད་ཀྱང་ཟེར། འོ་ན་ད་ལྟའི་བཀའ་བློན་དང་བཀའ་ཤག་སོགས་ཀྱང་སྐུ་དྲག་ལམ་ལུགས་ཡིན་ནམ། ཐ་སྙད་དེ་ཚོ་སྔ་མོའི་བོད་གཞུང་གི་ལས་ཚན་གྱི་ཐ་སྙད་རེད། འདི་འདྲའི་ཐ་སྙད་ཙམ་ཡང་མི་བཟོད་པ་ནི་རྒྱ་དམར་གྱི་སློབ་གསོ་ཐེབས་རྒྱུ་མངས་དྲགས་པས་རེད།
སྡེ་སྲིད་ལྷན་ཚོགས་སྐོར་ངོ་སྤྲོད་ཕྲན་བུ་ཞིག་ཞུས་ན། སྡེ་སྲིད་ལྷན་ཚོགས་ལ་སྡེ་སྲིད་གསུམ་ཡོད། དེ་གསུམ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་འོས་འདེམས་བྱེད། འོས་ཆོས་ནི་བཀའ་བློན་དང་གཅིག་པ་ཡིན། ལས་ཡུན་ལོ་གསུམ་རེད། སྡེ་སྲིད་གསུམ་གྱི་ནང་ནས་གཅིག་སྡེ་སྲིད་ཁྲི་པར་བསྐོ་དགོས། དེའང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་འདེམས་བསྐོ་བྱེད། སྡེ་སྲིད་ཁྲི་པའི་ཡུན་ཚད་ལོ་གཅིག་རེད། བསྐྱར་འདེམས་ཡོང་ཆོག
ལྷན་ཚོགས་འདིའི་འགན་དབང་ནི། ༸གོང་ས་མཆོག་ལ་ཡོད་པའི་གཞུང་གི་འགན་འཛིན་དབང་ཆ་དེ་ལྷན་ཚོགས་འདི་ལ་ཡོད་པས། བཅའ་ཁྲིམས་གཞིར་བཟུང་ཐད་ཀར་རམ་གཤམ་འོག་འགན་ཁུར་སྲི་ཞུ་བ་བརྒྱུད་དབང་ལུང་ཁྱབ་བསྒྱུར་གནང་རྒྱུ། དེའང་༸གོང་ས་མཆོག་གིས་རྒྱལ་ཁབ་དབུ་འཛིན་གྱི་མཚན་ཐོག་ནས་གནང་རྒྱུའི་འགན་དབང་ ༩ ཡོད་པ་ལས་ ༢ མ་གཏོགས་གཞན་ཆ་ཚང་སྡེ་སྲིད་ལྷན་ཚོགས་ལ་གཅིག་མཚུངས་སུ་ཡོད། དེ་དག་ནི།
༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།
༢ ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་དང་བཀའ་རྩ་ཁྱབ་བསྒྲགས།
༣ བྱས་རྗེས་གཟེངས་རྟགས་དང་། གོ་མིང་བདག་རྐྱེན།
༤ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང། བར་མཚམས་འཇོག་པ། གྲོལ་བ། བསྡུ་བསྐོང།
༥ དགོས་གལ་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་སུ་གསུང་བཤད་དང། གསུང་འཕྲིན།
༦ ཛ་དྲག་དང་། གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང།
༧ དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་ཁྱབ་བསྩལ་རྒྱུ་བཅས་ཡིན།
གཞན་གཉིས་ནི།
༡ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང། ལས་དོན་བར་མཚམས་འཇོག་པ།
༢ བཀའ་ཤག་གམ། བཀའ་བློན་སུ་རུང་འཕོ་འགྱུར། ཞེས་པ་འདི་གཉིས་ཡིན། འདི་གཉིས་ཀྱང་ཐད་ཀར་གནང་མི་ཆོག་པ་ཙམ་ལས། བཀའ་ཤག་གམ་སྤྱི་འཐུས་ལྷན་ཚོགས་སོ་སོར་གོ་བསྡུར་གྱིས་མང་མོས་བྱུང་ཚེ་གནང་ཆོག་པ་ཡིན།
བཀའ་ཤག་ནི་སྡེ་སྲིད་ལྷན་ཚོགས་འདིའི་དབུ་ཁྲིད་འོག་གི་ཆབ་སྲིད་ཀྱི་འགན་ཁུར་རྐང་ལེན་བྱེད་མཁན་དེ་ཡིན།
འཇིགས་མེད་ལགས་ཀྱིས་སྡེ་སྲིད་ཀྱི་སྐོར་ཞིབ་གླེང་གནང་འདུག་པས་ཐུགས་རྗེ་ཆེ།གནས་རིམ་འདི་གླེང་རྒྱུ་དུས་ལ་བབས་འདུག་གུས་པས་ཁྱེད་ལ་རམ་འདེགས་ཀྱིས་གླེང་འདོད་ཀྱང་གུས་པར་ད་ཆ་སྟོང་པའི་དུས་ཚོད་ཅུང་ཟད་ལས་མེད།
འདི་ད་བཙོག་གི་གོ། མི་འགའ་ཤས་ཤིག་གིས། དང་པོ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་སྐྱར་དུ་འདེམས་པའི་ཆེད་ཁྲིམས་ལ་སྐྱར་བཅོས་བྱེད་པར་འབད་པ་རེད་དེ་དེ་མ་ཡོང་བ་རེད། ད་གཉིས་པ། སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་བ་ཟེར་བ་དེར་ལག་པ་འཆང་རྒྱུ་ཡིན་ན་ཁྲིག་ཁྲིག་མེད་གི
ཟམ་གདོང་རིན་པོ་ཆེས་ད་བར་དྲང་པོ་དྲང་རྐྱང་དང་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་རེད། གྲུབ་འབྲས་སོན་མིན་ལ་མ་ལྟོས་པར་ཤེས་རིག དཔལ་འབྱོར། སོ་ནམ། འཛིན་སྐྱོང་བཀའ་ཤག་བཅས་ལ་འགྱུར་བ་ཡང་ཆེན་པོ་ཞིག་བཏང་རེད། ཁོང་ལ་མུ་མཐུད་རྒྱབ་སྐྱོར་འཐོབ་བཞིན་པ་འདིའང་ཁོང་ནས་ཕྱག་ལས་ཡག་པོ་གནང་བ་དེའི་འབྲས་བུ་ཞིག་ཡིན་པ་གདོན་མི་ཟ།
རེད་དེ། སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་བ་ཟེར་བའི་ཐ་སྙད་རྙིང་དྲི་འཚུབ་འཚུབ་འདིས་ང་ལ་དབུགས་སུབ་ཐེབས་གྲབས་བྱས་བྱུང་། ཐ་སྙད་འདི་གོ་བ་དང་། མི་མང་གིས་ཐད་ཀར་འདེམས་པའི་ཆེས་མཐོའི་བཀའ་ཁྲི་མཆོག་དང་ང་ཐེ་བའི་བོད་མི་མང་རྣམས་སླ་ང་ཞིག་གི་ནང་བླུགས་་ཡོད་པ་ལྟ་བུའི་སེམས་ཚོར་སླེབས་བྱུང་། སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་པ་དེ་སླ་ང་དེའི་ཁ་གཅོད་ལྟ་བུ་ཞིག་ཏུ་ཆག་གི་མ་རེད་དམ་བསམ་བྱུང་།
མ་གཞི་སྡེ་སྲིད་ལྷན་ཚོགས་ཟེར་བའི་ཚིག་འདི་ནི། བཀའ་ཤག་སྔོན་མའི་སྐབས་ཀྱི་ཚིག་རྙིང་ཞིག་རེད། ང་ཚིག་རྙིང་ཡིན་པ་ཙམ་ལ་བརྟེན་ནས་མ་དགའ་བ་མིན་པར་ཚིག་རྙིང་དགོས་མཁོ་མེད་པ་ཞིག་ཡིན་པ་ལ་བརྟེན་ནས་ཡིན། ད་ཆ་བཀའ་ཤག་དང་བཀའ་བློན་ཁྲི་པ་སྔོན་མ་དང་མི་འདྲ་བར་འགྱུར་བ་ཕྱིན་ཏེ། བཀའ་ཁྲི་མི་མང་གིས་ཐད་ཀར་འདེམས་བཞིན་པ་རེད། ཡ་མཚན་པ་ཞིག་ལ། བཀའ་ཤག་ལ་སྦྲུལ་ཤུན་བརྗེས་པ་ལྟ་བའི་འགྱུར་བ་ཕྱིན་ན་ཡང་སྡེ་སྲིད་ལྷན་ཚོགས་ཟེར་བའི་ཚིག་རོ་དེ་ད་རུང་མ་ཤི་བར་རོ་བཅའ་ཁྲིམས་ནང་ལྷག་ཡོད་པ་རེད་པས།
དེ་ཡིན་པ་ཡིན་ན། མི་མང་གིས་ཐད་ཀར་འདེམས་པའི་རྩ་ཆེ་བའི་ཆེས་མཐོའི་བཀའ་ཁྲི་དེའང་དེ་འདྲའི་རྩ་ཆེ་བ་ཞིག་དུ་མཐོང་དཀའ་ལ། མང་གཙོ་ཟེར་ནས་ཁ་ལ་འཁྱེར་བཞིན་པ་དེའང་ཕྱི་རྫིག་ནང་སྟོང་ཞིག་ལས་མ་འདས།
མགོན་པོ་ཕྱག་གཉིས་པར་སེམས་ཚོར་དེ་འདྲ་སླེབས་པར་ཁག་མེད། རྒྱ་དམར་གྱི་སློབ་གསོའི་འོག་འདུག་རྒྱུ་མངས་དྲགས་པས་རེད། དོན་དངོས་ཐོག་སྡེ་སྲིད་ལྷན་ཚོགས་ནི་དེ་འདྲའི་སེམས་ཚོར་སླེབས་དགོས་ས་ཞིག་མིན། སེམས་བདེ་མོ་གྱིས།
ཁྱེད་ཀྱིས་བཀའ་ཤག་དང་སྡེ་སྲིད་ལྷན་ཚོགས་གཅིག་ཏུ་འཁྲུལ་གྱི་མེད་དམ་བསམ་པ་ཞིག་འདུག དེ་གཉིས་ལོགས་ཀ་རེད། བཅའ་ཁྲིམས་ལ་གཟིགས། མ་མཐའ་ཡང་ངས་གོང་དུ་བཀོད་པའི་མཆན་དེ་ལ་གཟིགས།
སེམས་མི་བདེ་གི སེམས་མ་བདེ་ཙང་མཆན་འབྲི་གི་ཡོད་པ་རེད། བཀའ་ཁྲི་མི་མང་གིས་ཐད་ཀར་འདེམས་པ་རེད། སྡེ་སྲིད་ལྷན་ཚོགས་དང་དེའི་ཁྲི་བ་དེ་མི་མང་གིས་ཐད་ཀར་འདེམས་པ་མ་རེད། ཡིན་ནའང་། དེ་བཀའ་ཁྲི་ལས་མཐོ་བ་ཡོད་པ་རེད། མདོར་དེད་ན། མི་མང་གིས་འདེམས་པའི་ཆེས་མཐོའི་བཀའ་ཁྲིའི་མགོ་གནོན་དང་ཁོང་གི་སྐུ་དབང་ལ་སྟངས་འཛིན་བྱེད་མཁན་རེད།
སྔོན་མའི་བཀའ་ཤག་སྒང་ལ་ཛ་དྲག་སྐབས་སྡེ་སྲིད་ལྷན་ཚོགས་ལྟ་བུ་ཞིག་དགོས་ངེས་ལྟ་བུར་མཐོང་ཡང་། ད་ལྟ་ནི་དེ་ལྟ་མ་ཡིན་ནོ། དེ་ལྟར་བྱས་ན། ང་ཚོས་ངོམ་སོ་ལྟ་བུ་བྱེད་བཞིན་པའི་ད་ལྟའི་མང་གཙོའི་རྣམ་པ་དེ་ཡང་ཅུང་སླ་རུ་ཕྱིན་པ་རེད། མི་མང་གིས་ཐད་ཀར་འདེམས་པའི་བཀའ་ཁྲིའི་སྐུ་དབང་ཆུང་དུ་ཕྱིན་པ་རེད།
ད་ངས་བལྟས་ནས་ཡོང་དུས། ང་ཚོ་བོད་པ་རྣམས་ལ་སེམས་ཁྲལ་་ལྗི་རུ་ལྗི་རུ་རེད་འདུག བཀའ་ཁྲི་གསར་པར་དོ་འཁུར་བྱེད་དགོས་རྒྱུ། བཀའ་ཁྲི་འཕོས་འགྲོ་མཁན་ལ་སེམས་ཁྲལ་བྱེད་དགོས་རྒྱུ། ཡིན་ནའི་ང་ཚོ་ལ་སྤོབས་པ་མཐའ་ཡས་ཡོད་སྟབས། ཁོང་གིས་ང་ཚོའི་རྡོག་མཁྲེགས་མང་པོ་ཞིག་འཁུར་གྱི་ཡོད་སྟབས། བློ་ཅུང་བདེ་བ་འདུག
སྤོབས་པ་ལགས། ཐུགས་རྗེ་ཆེ། ཁྱེད་སྒེར་གྱི་བདེ་སྡུག་བཞག་ནས་ནམ་ཡིན་རུང་སྤྱི་པའི་མི་ཞིག་གི་སྟེང་ལ་བསྡད་ནས་བསམ་བློ་བཏང་། སྐད་ཆ་བཤད། དེས་ང་ཚོ་ཚང་མར་ཕན་གྱི་འདུག ཐུགས་རྗེ་ཆེ། ཡ་རྒན་མོ་ངས་ཁྱོད་ལ་འོ་ཞིག་བྱེད། སྨོན་ལམ་རེ་གཉིས་འདེབས།
སྡེ་སྲིད་ལྷན་ཚོགས་བཙུགས་པས་བཀའ་ཁྲིའི་སྐུ་དབང་ཆུང་དུ་འགྲོ་རྒྱུ་གང་ཡང་མེད། ༸གོང་ས་མཆོག་གི་སྐུ་དབང་མེད་པར་ཆགས་ཀྱི་རེད། སྡེ་སྲིད་ལྷན་ཚོགས་ལ་ཡོད་པའི་སྐུ་དབང་ནི་༸གོང་ས་མཆོག་གི་སྐུ་དབང་དེ་རེད་མ་གཏོགས། བཀའ་ཁྲིའི་སྐུ་དབང་ནས་ཏིལ་འབྲུ་ཙམ་ཡང་འཁྱེར་གྱི་མེད། བཀའ་ཁྲིའི་སྐུ་དབང་རང་འཇགས་གནས་ཀྱི་རེད། བཀའ་ཁྲི་མི་མང་གིས་ཐད་ཀར་འདེམས་པ་ཡིན་ནའང། བཀའ་ཁྲི་ལ་སྐུ་དབང་ཆ་ཚང་ཡོད་པ་མ་རེད། ད་ལྟའང་དེ་ག་རེད། བཀའ་ཁྲིའི་གོང་ན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅེས་པ་དེ་ཡོད་པ་རེད། དེ་ནི་ད་ལྟའི་ཆར་༸གོང་ས་མཆོག་རེད། བཀའ་ཁྲི་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གཉིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་མཚན་གནས་ཐ་དད་པ་གཉིས་རེེད། དེ་གཉིས་ཀྱི་འགན་དབང་ཡང་ཐ་དད་སོ་སོ་རེད། ༸གོང་ས་མཆོག་བགྲེས་ཡོལ་གནང་ན་རྒྱལ་ཁབ་དབུ་ཁྲིད་ཀྱི་འགན་དབང་དེ་སྡེ་སྲིད་ལྷན་ཚོགས་ནས་བཞེས་དགོས་པ་རེད། བཀའ་ཤག་གིས་བཞེས་རྒྱུ་མ་རེད་ལ། བཀའ་ཁྲིས་བཞེས་རྒྱུའང་མ་རེད། འདི་བཅའ་ཁྲིམས་ཀྱི་གཏན་འབེབས་རེད། འགྲོ་སྟངས་འདི་མི་འགྲིགས་ན་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས། དེ་མིན་འགྲོ་ས་འདི་མ་གཏོགས་མེད།
གཞན་ཡང། བཀའ་ཁྲིའི་གོང་ན་ཡོད་པའི་སྡེ་སྲིད་ཁྲི་པ་དེ་མང་ཚོགས་ཀྱིས་ཐད་ཀར་འདེམས་ཀྱི་མེད་པ་ཙམ་གྱིས་བཀའ་ཁྲི་ལ་གནོད་རྒྱུ་ཅང་ཨེ་ཡོད། དེ་ཡོད་ན། ད་ལྟའི་ཆར་བཀའ་ཁྲིའི་གོང་ན་སྤྱི་འཐུས་ཚོགས་གཙོ་དང་ཁྲིམས་ཞིབ་པ་ཆེ་བ་གཉིས་ཡོད་པའང་མང་ཚོགས་ཀྱིས་ཐད་ཀར་བདམས་པ་མིན་པས། དེས་བཀའ་ཁྲི་ལ་གནོད་དགོས་ཚོད་རེད་དེ། དེ་འདྲ་ནི་ཅང་མི་འདུག་གཱ
ད་བྱས་ན་ཟམ་གདོང་རིན་པོ་ཆེ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་ཕེབས་ཀྱི་རེད་ཟེར་གྱི་ཡོད་རེད་དམ།
བླ་ན་མེད་པའི་དབུ་ཁྲིད་ལ་ཕེབས་ཟེར་ན་འགྲིག་གི་ཨེ་ཡོད། བླ་ན་མེད་པའི་དབུ་ཁྲིད་ཅེས་པ་འདི་སྙན་ངག་གི་བསྟོད་ཚིག་ལྟ་བུ་ཞིག་དང་ཁ་རྒྱུན་གྱི་འབོད་སྟངས་ཤིག་རེད་མ་གཏོགས། ཁྲིམས་ཡིག་ནང་གཏན་འབེབས་བྱས་པའི་ཚིག་ཅིག་མ་རེད། དེར་བརྟེན་བླ་ན་མེད་པའི་དབུ་ཁྲིད་ཡིན་མིན་ལ་ཁྲིམས་ཐོག་ནས་ཚད་འཛིན་བྱེད་ས་ཅང་མེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཅེས་པ་ལ་ཁྲིམས་ཐོག་ནས་འཛིན་ས་ཡོད། གལ་སྲིད་ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་པ་ཡིན་ན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆགས་སོང་བ་རེད། འོན་ཀྱང་རྒྱལ་ཁབ་དབུ་ཁྲིད་ཀྱི་འགན་དབང་ནི་སྡེ་སྲིད་ཁྲི་པ་གཅིག་པུས་བཞེས་རྒྱུ་མིན་པར། སྡེ་སྲིད་ལྷན་ཚོགས་ཏེ་སྡེ་སྲིད་གསུམ་མཉམ་འདུས་ཀྱིས་བཞེས་རྒྱུ་ཡིན་པས། ཐག་གཅོད་གང་ཡང་སྡེ་སྲིད་ཐུན་མོང་ཐོག་ནས་གནང་དགོས་པ་ལས། སྡེ་སྲིད་ཁྲི་པ་གཅིག་པུའམ་གཞན་གཉིས་སུ་རུང་ལྟ་བུ་མི་གཅིག་གིས་གནང་ཆོག་གི་མེད། སྡེ་སྲིད་ཁྲི་པ་ནི་སྡེ་སྲིད་གསུམ་ལྷན་དུ་ཚོགས་སྐབས་གཙོ་སྐྱོང་གནང་མཁན་དང། ལྷན་ཚོགས་དེའི་ཚབ་བྱེད་མཁན་ཞིག་རེད།
གལ་སྲིད། བླ་ན་མེད་པའི་དབུ་ཁྲིད་ཅིག་དགོས་ཀྱི་ཡོད་ན། མི་མང་གིས་འདེམས་པ་དེ་ཆགས་དགོས་པ་རེད། བཀའ་ཁྲིའི་སྒང་ན་དབུ་ཁྲིད་ཅིག་ཡོད་ན་སྐུ་དབང་ཆུང་དུ་འགྲོ་ད་འགྲོ། དེར་མ་ཟད་མི་མང་གི་དབང་ཚད་ལའང་སྣང་ཆུང་ལྟ་བུར་ཕྱིན་ཡོད་པ་རེད།
སྤྱི་འཐུས་ཚོགས་གཙོ་དང་ཁྲིམས་ཞིབ་པ་ཆེ་བ་གཉིས་ལོགས་ཀ་རེད། དེ་གཉིས་འཛིན་སྐྱོང་གི་སྡེ་ཁག་མ་རེད། ཁྱོད་ཀྱིས་བཤད་པ་ལྟར་བྱས་ན། སྤྱི་འཐུས་ལྷན་ཚོགས་ཀྱང་བཀའ་ཁྲིའི་སྒང་ན་ཡོད་པ་རེད། སྡེ་སྲིད་ལྷན་ཚོགས་དང་ཁྲི་བ་ཟེར་བ་དེ་ཚོ་བཅའ་ཁྲིམས་ནང་ནས་ལེན་དགོས་པ་རེད།
ཕྱག་གཉིས་པ་དང་། འཇིགས་མེད་ལགས་གཉིས་ཀྱིས་བགྲོ་གླེང་མིག་དཔེར་འོས་པ་གནང་གིན་འདུག་པས་ཐུགས་རྗེ་ཆེ།
འཇིགས་མེད་པས་རྩ་ཁྲིམས་གཞི་ལ་བཞག་ནས་གསལ་བཤད་གནང་བ་དང་ཕྱག་གཉིས་པས་སྤྱི་ལྡོག་གི་ཆ་ནས་སེམས་ཚོར་གནང་བ་གཉིས་ཀ་ངའི་བློ་ལ་བབས་སོང་། རྩ་ཁྲིམས་ནས་སྡེ་སྲིད་སྐོར་དེ་ལྟར་གཏན་འབེབས་གནང་ཡོད་ན་རྩ་ཁྲིམས་བཅོས་བསྒྱུར་ཞིག་མ་གནང་རིང་དེ་ལྟར་གནས་རྒྱུ་ལས་གཞན་ཐབས་ཟད་པས་འཇིགས་མེད་བདེན་ལ། སྡེ་སྲིད་ལྷན་ཚོགས་ཟེར་རུང་སྡེ་སྲིད་ཁྲི་པ་ཞིག་ཡོད་ན་དེ་དོན་གྱིས་མི་མང་གིས་འདེམས་པའི་བཀའ་ཁྲིའི་གོང་ན་བུད་འགྲོ་བས་ཕྱག་གཉིས་པའི་སེམས་ཁྲལ་ཡང་དོན་གྱི་སེམས་ཁྲལ་དུ་འདོད།
དབུ་ཁྲིད་གང་དེའི་དབང་ཚད་ཆེ་ཆུང་ནི་བཅའ་ཁྲིམས་ནང་གཏན་འབེབས་ཇི་བྱས་ལྟར་ལས། མི་མང་གིས་ཐད་ཀར་འདེམས་མ་འདེམས་ལ་རག་ལས་པ་ཞིག་མ་རེད། བཀའ་ཁྲིའི་སྒང་ན་ད་ལྟའང་དབུ་ཁྲིད་ཅིག་ཡོད་ལ། མ་འོངས་པར་ཡང་ཡོད། ད་ལྟ་༸གོང་ས་མཆོག་དང། མ་འོངས་པར་སྡེ་སྲིད་ལྷན་ཚོགས་ཡོད། དེ་ནི་བཀའ་ཁྲི་རྒྱལ་ཁབ་ཀྱི་དབུ་ཁྲིད་མིན་པའི་དབང་གིས་རེད། བཀའ་ཁྲི་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་གཉིས་ལོགས་ཀ་ཡིན་ཞེས་ཡང་གཅིག་བཤད་དགོས་བྱུང་སོང། ད་བཅའ་ཁྲིམས་ལ་གཟིགས། དང་པོ་བཅའ་ཁྲིམས་ལ་གཟིགས། དེ་ནས་ཤོད།
ཕྱོགས་གཞན་ཞིག་ནས་བཤད་ན། བཀའ་ཁྲི་ནི་སྲིད་བློན་གྱི་ཚོད་དེ་རེད། ཅིག་ཤོས་ནི་སྲིད་འཛིན་གྱི་ཚོད་དེ་རེད། བཀའ་ཁྲི་སྲིད་འཛིན་གྱི་ས་ལ་ཡར་བསྐྱལ་ན། དེ་ནས་སྲིད་བློན་གྱི་ཚོད་དེ་ལ་གང་འཇོག རྒྱལ་ཁབ་ཅིག་གི་འགྲོ་ལུགས་འདྲ་པོ་ཚང་དགོས་ན་དེ་ཚོ་སོ་སོར་དགོས་ངེས་རེད། གཞན་ཡང། སྡེ་སྲིད་སོགས་ཀྱི་མིང་མི་འདོགས་ན། སྲིད་འཛིན་སྲིད་བློན་ཞེས་མིང་འདོགས་ཀྱི་ཡིན་ནམ། དེ་ནི་བཙན་བྱོལ་རིང་འདིར་མི་ཡོང་ངོ།
འཇིགས་བཀྲ་ལགས། རྩ་ཁྲིམས་བཀླགས་པར་རྔོ་མི་ཐོགས་ལགས་པས། རྩ་ཁྲིམས་ནང་༧གོང་ས་མཆོག་དུས་ནམ་ཡང་བོད་ཀྱི་དབུ་ཁྲིད་ཀྱི་སྐུུ་དབང་གཏན་འབེབས་གནང་ཡོད་རེད་དམ། ངས་བཤད་འདོད་པ་ནི་༧གོང་ས་ ༡༤ པ་མཆོག་སྨོས་མ་དགོས་མོད། ༧གོང་ས་ ༡༥ པ་ཡང་༧ཞབས་སྟེགས་འདིའི་བཞུགས་དགོས་པའམ་བཞུགས་ཆོག་པའི་སྐུ་དབང་གཏན་འབེབས་གནང་བ་རེད་དམ། དེ་ལྟར་ན་འཛམ་གླིང་སྤྱི་འགྲོས་ལྟར་ན་དམངས་གཙོ་ཚད་ལྡན་རེད་དམ། སྤྱིར་ངའི་བསམ་པར་དབྱིན་ཇིའི་རྒྱལ་མོ། འབྲུག་གི་རྒྱལ་པོ་སོགས་རྒྱ་གར་དཔེ་ལ་བཞག་ན་སྲིད་འཛིན་གྱི་གོ་གནས་ལྟ་བུ་ལ་བཞུགས་འདུག་པས་༧གོང་ས་མཆོག་སྐུའི་ཕྲེང་བ་དག་ལ་ཡང་འདི་ལྟ་བུའི་གོ་གནས་ཕུལ་བཞེས་གནང་བ་འདྲ།
ཡིན་ནའང་༧གོང་ས་མཆོག་སྐུ་འཚོ་བཞུགས་ཐོག་སྡེ་སྲིད་ཅིག་ཡོད་ན་དེའི་སྐབས་༧གོང་ས་མཆོག་བོད་ཀྱི་དབུ་ཁྲིད་མ་ཡིན་པའི་ངོ་བོར་གྱུར་པ་རེད་དམ། ཡང་ན་དབུ་ཁྲིད་གཉིས་ཡོད་པ་ལ་ངོས་བཟུང་དགོས་སམ།
རྩ་ཁྲིམས་མ་རེད། བཅའ་ཁྲིམས་རེད། ངས་འདི་དག་བཅའ་ཁྲིམས་ལྟར་བཤད་ཀྱི་ཡོད། དེ་བཀླགས་པར་རྔོ་མི་ཐོགས་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད། དེ་བཀླགས་ན་རྔོ་ལོས་ཐོགས། ཀློགས་དང་རྔོ་ཐོགས་ཀྱི་རེད། མ་ཤེས་པ་རྣམས་ཤེས་པར་འགྱུར་གྱི་རེད།
མང་གཙོ་ཚད་ལྡན་ཡོང་ཆེད་༸གོང་ས་མཆོག་གིས་སྔ་མོའི་ལམ་ལུགས་ཏེ་༸རྒྱལ་བ་རིན་པོ་ཆེ་ཡིན་ཕྱིན་བོད་ཀྱི་དབུ་ཁྲིད་ངེས་པར་དུ་ཡིན་དགོས་པའམ། ཡང་ན་བོད་ཀྱི་དབུ་ཁྲིད་ནི་ངེས་པར་དུ་༸རྒྱལ་བ་རིན་པོ་ཆེ་ཡིན་དགོས་པའི་ལམ་ལུགས་འདི་ལ་འགྱུར་བ་གཏོང་དགོས་ཞེས་སྔ་མོ་ནས་ཡང་ཡང་གསུངས་ཡོད། གསུངས་པ་ཙམ་དུ་མ་ཟད། འགྱུར་བ་ཇི་ལྟར་གཏོང་བའི་ཚུལ་ཡང་རྩ་ཁྲིམས་དང་བཅའ་ཁྲིམས་ཚང་མའི་ནང་སྔ་ས་ནས་བཀོད་ཚར་ཡོད་པ་རེད། དེར་བརྟེན། ཁོང་གིས་ད་ཆ་བགྲེས་ཡོལ་ཆ་ཚང་གནང་གི་ཡིན་གསུངས་པའང་། དགུང་ནའི་བབས་ཀྱིས་མ་ལྕོགས་པ་ཙམ་མིིན་པར། འགྱུར་བ་འདི་ཕྱག་ལེན་བསྟར་ཆེད་རེད། མང་གཙོ་ཚད་ལྡན་དུ་གཏོང་ཆེད་རེད། བོད་གཞུང་གི་འགན་འཛིན་དབང་ཆ་བཞེས་མཁན་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་༸རྒྱལ་བ་རིན་པོ་ཆེ་མ་ཡིན་པའི་བོད་མི་གཞན་ཞིག་སླེབས་ཆེད་རེད། དེ་ལ་ད་ལྟའི་བཅའ་ཁྲིམས་དགོངས་དོན་ལྟར་ན། སྡེ་སྲིད་ལྷན་ཚོགས་སླེབས་དགོས་པ་རེད། དེ་མ་གཏོགས་གཞན་པ་སླེབས་ཡོང་རྒྱུ་གང་ཡང་ཡོད་པ་མ་རེད།
ཨོ་ཨོ། འཇིགས་བཀྲ་ལགས། གསལ་བཤད་དང་མཉམ་དུ་ཁྲོ་གཉེར་གྱིས་ཨམ་ཚིག་ཀྱང་བསྡམས་ཀིན་འདུག་གདའ།
༧རྒྱལ་དབང་རིན་པོ་ཆེས། གཞུང་གི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས་དང་། རྒྱལ་ཁབ་དང་མི་མང་གི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ། སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་བ་ཞེས་པ་འདི་ཡོང་གི་ཡོད་པ་རེད། དེ་ཡང་གཙོ་བོ་ང་ཚོར་སེམས་ཁྲལ་བྱེད་ས་ཞིག་ཡོད་པ་ནི། ༧རྒྱལ་དབང་རིན་པོ་ཆེ་སྐུ་མ་བཞུགས་པའི་སྐབས་དེ་རེད། འདི་གཙོ་བོ་དམིགས་ས་དེ་དེ་རེད།
སྟབས་ཡག་པ་ཞིག་ལ། ང་ཚོས་ཐབས་སྡུག་གི་དུས་ཚོད་དེ་སྒུག་བསྡད་མ་དགོས་པར། ༧རྒྱལ་དབང་རིན་པོ་ཆེ་སྐུ་བཞུགས་རིང་ལ་དམངས་གཙོ་སྲ་བརྟན་ཞིག་ཡོང་རྒྱུ་དེ་ཁོང་གི་དགོངས་གཞི་རེད། ད་ཆ་བཀའ་ཁྲི་མི་མང་གིས་ཐད་ཀར་འོས་འདེམས་བྱས་ཏེ་ང་ཚོར་དམངས་གཙོའི་ལམ་སྲོལ་དང་མཐུན་པའི་བཀའ་ཁྲི་ཞིག་བྱུང་བ་རེད། དེ་བས་རྒྱལ་དབང་ཚང་གིས་ཀྱང་ཆོས་མ་གཏོགས་སྲིད་ཀྱི་སྐོར་ལ་བྱུས་གཏོགས་ཞེ་དྲག་བྱེད་ཀྱི་མེད་པ་འདི་རེད། ཁོང་སྐུ་མ་ཕེབས་སྔོན་ལ། གཞུང་གི་བཟོ་ལྟ་འདྲ་བོ་དེ་བཟོས་ཚར་རེད། ཁོང་བཞུགས་མེད་སྐབས་དང་གཞུང་གི་ཐུགས་འགན་མ་བཞེས་པའི་སྐབས་ཀྱི་སྡེ་སྲིད་ལྷན་ཚོགས་ཟེར་བ་དེར་སྒུག་མ་དགོས་པར། ཁོང་སྐུ་བཞུགས་པའི་རིང་ཆབ་སྲིད་ལ་འགྱུར་བ་བཏང་སྟེ། སྡེ་སྲིད་ལྷན་ཚོགས་ཟེར་བ་དེ་རང་བཞིན་གྱིས་རྩིས་མེད་ཕྱིན་ཡོད་པ་རེད་དེ། དེ་ད་རུང་བཅའ་ཁྲིམས་ནང་འགྱུར་བ་མ་ཕྱིན་པར་ལྷག་ཡོད་པ་དེ། ཡ་མཚར་བ་ཞིག་རེད་ལ་ཁྲིམས་བཟོ་བ་དག་གིས་བཅའ་ཁྲིམས་ལ་འགན་ཡག་པོ་འཁྱེར་གྱི་མེད་པའི་རྟགས་མཚན་ཞིག་ཀྱང་རེད།
སྡེ་སྲིད་ལྷན་ཚོགས་རང་བཞིན་གྱིས་རྩིས་མེད་དུ་ཕྱིན་པ་ཞིག་བྱུང་མེད། དེ་བྱུང་ཡོད་བསམ་ན་ནོར་བ་རེད། བཀའ་ཁྲི་མི་མང་གིས་ཐད་ཀར་འདེམས་པ་ཙམ་གྱིས་སྡེ་སྲིད་ལྷན་ཚོགས་རང་བཞིན་གྱིས་རྩིས་མེད་དུ་འགྲོ་བ་ཞིག་ལ་ཡོད། བཀའ་ཁྲི་མི་མང་གིས་ཐད་ཀར་འདེམས་པ་དེ་བཀའ་ཁྲི་འདེམས་སྟངས་ལ་འགྱུར་བ་བཏང་བ་ཞིག་རེད་མ་གཏོགས། བཀའ་ཁྲིའི་འགན་དབང་ལ་འགྱུར་བ་བཏང་བ་མ་རེད། བཀའ་ཁྲིའི་འགན་དབང་ནི་ད་ལྟའང་སྔར་ནང་བཞིན་རེད། འགྱུར་བ་གང་ཡང་སོང་མེད། གལ་སྲིད་བཀའ་ཁྲིའི་འགན་དབང་ལ་འགྱུར་བ་བཏང་སྟེ་ འགན་དབང་སྔར་ལས་ཆེ་རུ་བཏང་ན། སྡེ་སྲིད་ལྷན་ཚོགས་རྩིས་མེད་དུ་འགྲོ་སྲིད་པ་ཞིག་རེད། འོན་ཀྱང་བཀའ་ཁྲི་དང་སྡེ་སྲིད་ལྷན་ཚོགས་གཉིས་ཀྱི་འགན་དབང་ལ་ཁྱད་པར་ཆེན་པོ་ཡོད་ཅིང། གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཀྱང་བསྒྱུར་དགོས་ཡོང་བས། འགྱུར་བ་དེ་གཏོང་ཐུབ་པ་ཁག་པོ་རེད།
ནོར། རང་བཞིན་གྱིས་རྩིས་མེད་དུ་འགྲོ་བ་ཞིག་ལ་ཡོད།
བཅོས། རང་བཞིན་གྱིས་རྩིས་མེད་དུ་འགྲོ་བ་ཞིག་༼ག༽ལ་ཡོད།
སྡེ་སྲིད་ལྷན་ཚོགས་དང་སྡེ་སྲིད་ཁྲི་པ་ཟེར་བའི་ཚིག་རོ་རྙིང་པ་མི་དགོས་པ་འདིའི་ཆེད་དུ་ཁ་ལྕེ་སྐམ་སྐམ་བར་རྩོད་པ་བྱས་ནས། ད་ཡིན་ན། རྩོད་པ་བྱས་པར་གྲུབ་འབྲས་ཤིག་སྨིན་རྒྱུ་ཡིན་པ་འདྲ།
༧རྒྱལ་དབང་རིན་པོ་ཆེའི་དགོངས་གཞི་དང་ངའི་བསམ་ཚུལ་སྐབས་འདིར་གཅིག་པ་རེད། ང་མི་ཡིན་ཙང་ངའི་བསམ་ཚུལ་གྱིས་མི་གསུམ་ཡང་དབང་དུ་སྡུད་དཀའ་ལ། ཁོང་ལྷ་ཡིན་ཙང་ཚིག་གཅིག་གིས་ཀྱང་ཡངས་པའི་རྒྱལ་ཁམས་དབང་དུ་བསྡུས་འགྲོ།