རིག་འབྱུང་དོན་གྲུབ་བཀྲ་ཤིས།
ནངས་མོ་དེར་ང་ཨ་ཁུ་ཟླ་བའི་སྡོད་ཤག་ཏུ་ཡོད། ཨ་ཁུ་ཟླ་བ་ངེད་གཉིས་གྲོབ་གསེབ་གཅིག་ནས་ཡིན། ཁོང་གི་སྡོད་ཤག་ཆུང་ཆུང་དེར་ཉལ་ཁྲི་གཉིས་དང་དཔེ་ཆ་འཇོག་སའི་སྒྲོག་རྩེ་གཅིག ཐབ་ཆས་གཅིག་བཅས་ཡོད། ཁོང་གི་ཁང་བདག་རྒྱ་གར་ཡིན། ཁང་གླ་ཡང་མི་ཆེ། ངའི་སེམས་སུ་སྤྲོ་སྣང་དང་འཚེར་སྣང་གཉིས་ཀ་སྣོལ་མར་ཡོང་གི་འདུག རྒྱུ་མཚན། ཟམ་གདོང་རིན་པོ་ཆེ་ལ་མཁས་དབང་དང་རིན་པོ་ཆེ། བཀའ་བློན་ཁྲི་བ་བཅས་ཀྱི་མིང་དང་གོ་གནས་གཉིས་ཀ་ཡོད་པས་རེད། སྐྱེས་ཆེན་འདི་འདྲ་ཞིག་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ནི་དགའ་འོས་བ་ཞིག་ཅི་ལ་མིན། འོན་ཀྱང་། ཁོང་ལ་ཐུག་འཕྲད་བྱེད་མཁན་གྱི་སློབ་མ་ང་ལ་ཞུ་རྒྱུ་དང་སྤྲོད་རྒྱུ་གཉིས་ཀ་མེད་ཙང་འཚེར་སྣང་ཡང་ཆེ། དོན་ངོ་མའི་འཚེར་སྣང་ཆེ།
ང་ལ་ཐུག་འཕྲད་ཀྱི་གོ་སྐབས་འདི་རང་གི་དགེ་རྒན་བརྒྱུད་ནས་རེག་པ་ཡིན། ངའི་དགེ་རྒན་གྱི་ཚ་བོ་ཟམ་གདོང་རིན་པོ་ཆེའི་སྒེར་དྲུང་ཡིན། ངས་སྒེར་དྲུང་བརྒྱུད་ནས་རེག་པའི་ཐུག་འཕྲད་རྩ་ཆེན་དེ་བློས་གཏོང་མི་འདོད། དེར་བརྟེན། ངས་ལག་ཏུ་ཀུ་ཤུ་རྒྱ་མ་གང་དང་བོད་རྒྱ་འབྲེལ་མོལ་སྐོར་གྱི་དཔྱད་རྩོམ་ཞིག་འཁྱེར་ནས་བཀའ་བློན་ལས་ཤག་གི་ཕྱོགས་སུ་བསྐྱོད། བཀའ་བློན་ལས་ཤག་གི་སྒོ་ཆུང་དེའི་ཕྱི་ལོག་ཏུ་རིན་པོ་ཆེའི་རླངས་འཁོར་ཁ་ལོ་བ་དང་སྐུ་སྲུང་བ་གཉིས་ལངས་ནས་འདུག ངས་ཁོང་གཉིས་ལ་འཛུམ་ཙམ་བྱས། ཁོང་གཉིས་ཀྱིས་ང་ལ་བལྟ་ཙམ་བྱས་སོང་། སྒོ་སྲུང་མཁན་གྱི་རྒད་པོ་ལོ་ལོན་དེས་ང་མཐོང་བ་དང་། “ཁྱོད་ནང་ལ་སོང་ན་འགྲིག” ཞེས་ལབ་སོང་།
ང་རིན་པོ་ཆེའི་ལས་ཤག་དུ་འཛུལ། སྐབས་དེར་རིན་པོ་ཆེས་ཞོགས་ཟས་མཆོད་བཞིན་པའི་སྐབས་དང་འཁེལ་ནས་འདུག ཁོང་གི་སྒེར་དྲུང་གིས་ཁང་མིག་འོག་མ་དེར་ང་ལ་སྒུག་ནས་འདུག དེ་དུས་ཆུ་ཚོད་བརྒྱད་དང་ཕྱེད་ཀ་རེད། སྒེར་དྲུང་ལགས་དང་ངེད་གཉིས་ཀྱིས་ཕྱོགས་འདྲ་མིན་གྱི་སྐོར་ལ་གླེང་མོལ་བྱས། ཁོང་གི་གླེང་མོལ་ཁྲོད་ནས་ད་ལྟ་ཡང་ངའི་དྲོན་ངོར་ཡོད་པ་གཅིག་ནི། ཁོང་གིས “རིན་པོ་ཆེ་ལ་མཛད་དཀའ་སྤྲོད་མཁན་གཙོ་བོ་ཞིག་ནི་སྤྱི་འཐུས་ཚོ་རེད། ཁོང་ཚོས་དྲི་བ་རྒྱུ་མཚན་ཡོད་མེད་གཉིས་ཀ་བཏང་ནས་རིན་པོ་ཆེའི་ལས་ཁུངས་ཀྱི་དུས་ཚོད་མང་ཆེ་བ་དེའི་སྒང་ལ་འགྲོ་གི་ཡོད་པ་རེད།” ཞེས་གསུངས་སོང་། སྒེར་དྲུང་ལགས་ནི་ཕྱི་ཚུལ་ནས་བབས་ཆགས་ཤིང་ལྷོད་ལ་བབས་པ། བཀའ་མོལ་གསུང་སྟངས་གོ་རིམ་ཡོད་པ། སྨྲ་བ་ཉུང་ཞིང་སྒམ་བརླང་ཅན་ཞིག་འདུག ངེད་གཉིས་ཀྱི་གླེང་མོལ་བྱེད་བཞིན་པའི་སྐབས་སུ། རྒྱ་གར་བ་ཞིག་གིས་ལག་ཏུ་ཀ་ར་གོ་རེ་འགྱིག་ཤོག་ཆེན་པོ་གཉིས་འཁྱེར་ནས་ནང་ལ་འཛུལ་སླེབས་སོང་། དྲུང་ཡིག་གིས་ཁོང་ལ། “དེ་ཚོ་ཕ་གིའི་སྒྲོག་ཙེའི་སྟེང་དུ་ཞོག” ལབ་སོང་། ངའི་མིག་ཟུང་ཀྱང་རྒྱ་གར་བ་དང་ཁོའི་ལག་གི་ཀ་ར་གོ་རེ་གཉིས་ལ་ཕྱོགས། དྲུང་ཡིག་ལགས་ཀྱིས་ང་ལ། “ཀ་རེ་གོ་རེ་འདི་ཚོ་རིན་པོ་ཆེའི་ཁྱི་ཚོའི་ཆེད་དུ་རེད་།” གསུངས་སོང་། “རིན་པོ་ཆེས་ཁྱི་བདག་པོ་རྒྱག་གི་ཡོད་དམ།” ངས་ཁ་ནས་དྲི་བ་དེ་ཤོར། “རིན་པོ་ཆེ་ཁྱི་ལ་ཧ་ཅང་བརྩེ་བ་ཆེན་པོ་ཡོད་པ་རེད། ཁོང་གིས་ཉིན་རྟག་པར་ལས་ཁུངས་གྲོལ་མཚམས་སུ། གངས་དཀྱིལ་གྱི་སྲང་ཁྱི་དེ་ཚོར་ཀ་ར་གོ་ར་སྤྲོད་ཀྱི་ཡོད་པ་རེད། ཁྱི་དེ་ཚོས་ཀྱང་རིན་པོ་ཆེ་ལ་དགའ་བོ་གནང་གི་རེད།” ཁོང་གིས་ལན་བཏབས། སྒེར་དྲུང་ལགས་ཀྱིས་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་ལྔའི་སྟེང་དུ་ལས་དོན་གཞན་ཞིག་ཡོད་གསུངས་ནས་ཕྱི་ལ་ཕེབས་སོང་། ངས་ཁོང་ལ་བདེ་མོ་བཞག
ཅུང་ཙམ་ནས་རིན་པོ་ཆེ་གཟིམས་ཁང་ནས་མར་ཕེབས་སོང་། བོད་རིགས་ན་གཞོན་མ་ཞིག་གིས་ཀྱང་ལག་ཏུ་ཇ་དེམ་དང་ཕོར་བ་སོགས་འཁྱེར་ནས་ཕྱིར་ཐོན་སོང་། ཕལ་ཆེར་ཁོ་མོ་རིན་པོ་ཆེ་ལ་གསོལ་ཇ་དྲངས་མཁན་དང་ཞབས་གཡོགས་ཞུ་མཁན་ཞིག་ཡིན་པ་འདྲ། ངས་རང་ཉིད་ངོ་སྤྲོད་ཐུང་ཐུང་ཞིག་བྱས། ཁོང་གིས་ང་ལ་བལྟ་ཙམ་ལས་ཅི་ཡང་གསུངས་མ་སོང་། ཁོང་མདུན་གྱི་སོ་ཧྥ་དེའི་སྟེང་དུ་བཞུགས་སོང་། ང་ཡང་མར་བསྡད་། ཁོང་གིས་ལག་འཁྱེར་དུས་ཚོད་དེར་བལྟ་ཙམ་བྱས། ལག་པ་གཡོན་པ་དེས་འགྲམ་པ་སྐྱོར། ལུས་པོའི་སྟོད་དེ་གཡོན་ཕྱོགས་ལ་གཟུར་ཙམ་བྱས། མིག་ཟུང་གཉིས་ངའི་ཕྱོགས་སུ་མ་ཡིན་པར་མདུན་གྱི་སྒྲོག་ཙེའི་སྒང་ལ་ཕྱོགས།
“མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་བཞི་ཡོད་པ་རེད།” ཁོང་གིས་སྐད་ཆའི་འགོ་བཙུགས་སོང་། ངས་ཀྱང་གཟབ་ནན་ངང་ཉན། ཁོང་གིས་མུ་མཐུད་དུ། “ཆ་རྐྱེན་དང་པོ་དེ་གཟུགས་གཞིའི་བདེ་ཐང་ཟེར་བ་འདི་རེད། གཟུགས་གཞི་བདེ་ཐང་མེད་ན། སོ་སོ་མཁས་པ་ཡིན་འདྲ། ཕྱུག་པོ་ཡིན་ན་འདྲ། མི་སུ་འདྲ་ཞིག་ཡིན་རུང་སོ་སོའོ་འདོད་པ་དོན་ཐོག་ལ་ཡོང་རྒྱུ་ཁག་པོ་རེད། ལྷག་པར་དུ། ཤེས་ཡོན་སློབ་སྦྱོང་ཅི་ཙམ་ཡོད་པ་དེས་འགྲོ་བ་མིའི་སྤྱི་ཚོགས་ལ་རྒྱུན་རིང་པོར་ཕན་བདེ་བསྒྲུབ་ཐུབ་རྒྱུ་ཡང་ཁག་པོ་རེད། དེ་འདྲ་སོང་ཙང་། ལོ་ན་གཞོན་པའི་སྐབས་སུ་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཉར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།”
ཁོང་གི་ཕྱག་གཡོན་པའི་མཐེ་བོ་དང་དང་རིང་མཛུབ་གཉིས་ཀྱིས་སོ་སོའི་སྣ་རྩེ་ལ་ཕུར་ཙམ་ཕུར་ཙམ་བྱེད། ང་ཁོང་ལ་ཅེར། ཁོང་གི་མིག་ཟུང་སྔར་བཞིན་སྒྲོག་ཙེའི་སྟེང་དུ་ཕྱོགས། ཁོང་གིས་མུ་མཐུད་དུ། “ཡང་མཚམས་རེར། ང་ཚོའི་བསམ་བློར་ལོ་གཞོན་པའི་སྐབས་སུ་གཟུགས་གཞི་བདེ་ཐང་ཡོད་ཙང་། གཟུགས་པོའི་འཕྲོད་བསྟེན་ལ་སྣང་མེད་གཏོང་གི་ཡོད་རུང་། གཟུགས་གཞི་བདེ་ཐང་ཡོད་མེད་ཟེར་བ་དེ་ལོ་ན་གཞོན་པའི་སྐབས་སུ་དེ་ཙམ་དོ་སྣང་ཡོང་གི་མ་རེད། གཟུགས་གཞི་བདེ་ཐང་ཡོད་མེད་ཟེར་བ་དེ་ལོ་ན་གཞོན་པའི་སྐབས་སུ་དེ་ཙམ་དོ་སྣང་ཡོང་གི་མ་རེད། འོན་ཀྱང༌། ལོ་ན་བཞི་བཅུ་ཕར་བརྒལ་བ་དང་གཞི་ནས་མྱོང་བ་ཐོན་ཡོང་གི་རེད། དེར་བརྟེན། མི་ཚེ་ཡུན་གནས་ཀྱི་སྒོ་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་འགན་འཁུར་རྒྱུའི་བསམ་བློ་གཏོང་མཁན་ཞིག་ཡིན་ན་ད་ལྟ་ནས་གཟུགས་གཞིའི་འཕྲོད་བསྟེན་ལ་དོ་ཁུར་ཆེ་ཙམ་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།”
ཁོང་གིས་སྐད་ཆ་བཤད་མཚམས་ཅུང་ཙམ་བཞག། ངའི་ཕྱོགས་ལ་བལྟ་ཙམ་བྱེད། ངས་ཀྱང་གུས་ཞབས་ཡོད་པའི་ཚུལ་དུ་རང་གི་སྟོད་དེ་སྒུར་ཙམ་བྱས། ད་གིན་གྱི་རྒྱ་གར་བ་དེས་ངའི་མདུན་གྱི་སྒྲོག་ཙེའི་སྟེང་དུ་ཇ་ཕོར་བ་གང་བཞག་ནས་ཕྱིར་ཐབ་ཚང་དུ་འཛུལ་སོང་། ཁོང་ཕལ་ཆེར་རིན་པོ་ཆེའི་ཤག་གི་མ་བྱན་ཡིན་པ་འདྲ། རིན་པོ་ཆེས་གླེང་མོལ་བྱེད་དུས་ཁ་ནང་དུ་བྱི་རིལ་ཞིག་མུར་གི་ཡོད་པའི་བཟོ་འདུག ངས་དེ་ནི་ཁོང་གི་ཁ་ལྕེ་མི་སྐམ་པའི་སླད་དུ་མིན་ནམ་སྙམ། ཁོང་གིས་མུ་མཐུད་དུ་། “ཆ་རྐྱེན་གཉིས་པ་དེ་མི་ཚེའི་ཕུགས་བསམ་ཟེར་བ་འདི་རེད། མི་ཞིག་གི་མི་ཚེར་མཚོན་ན་ཕུགས་བསམ་ཟེར་བ་འདི་ཧ་ཅང་ནས་གལ་ཆེན་པོ་རེད། རབ་བྱུང་ན་ལོ་ན་ཉི་ཤུའི་སྔོན་ནས་སོ་སོའི་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་ལ། དེ་ལྟར་མ་བྱུང་རུང་ལོ་ན་ཉེར་ལྔའི་སྔོན་ལ་ཐག་ཆོད་པ་ཞིག་དགོས་རྒྱུ་ནི་ཧ་ཅང་ནས་གལ་ཆེ། མི་ཚེའི་ཕུགས་བསམ་ཟེར་བ་འདི་ཐག་མ་ཆོད་པ་ཡིན་ན་སོ་སོའི་མི་ཚེའི་ནང་ལ་ཧུར་བརྩོན་བསྐྱེད་པའི་བྱ་བཞག་མང་པོ་ཞིག་འཕྲོ་བརླག་དང་ཆུད་ཟོས་སུ་འགྲོ་གི་རེད༌། སོ་སོས་ཧུར་བརྩོན་དང་འབད་པ་བྱས་བའི་ལས་དོན་དག་གྲུབ་འབྲས་ཕུགས་འཕེར་ཅན་ཞིག་ཡོང་བ་ལ་མི་ཚེའི་ཕུགས་བསམ་འདི་ཐག་ཆོད་པོ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། མི་ཚེའི་ཕུགས་བསམ་ཟེར་དུས་ཡིན་གཅིག་མིན་གཅིག་དམིགས་ཡུལ་གཅིག་ཉར་དགོས་རེད་ལབ་ཀྱི་མེད། དམིགས་ཡུལ་ཁ་ཤས་ཉར་ཆོག་གི་རེད། འོན་ཀྱང༌། གང་ལ་དམིགས་པའི་གཞི་གཏོད་ས་དེ་ཐག་ཆོད་པོ་ཞིག་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་རེད།” ངས་ཀྱང་ཡིན་པའི་བརྡ་ལ་མགོ་བོ་ནང་ཏུ་ལྕོག་ཙམ་ལྕོག་ཙམ་བྱས།
མཚམས་མཚམས་སུ། ཁོང་གིས་ལག་གཡོན་པས་ཁོང་གི་མ་ནེའུ་སྟེང་དུ་ཐ་ཐོར་ཏུ་སྐྱེས་བའི་ཁ་སྤུ་དཀར་པོ་དེ་དག་འཐེན་ཙམ་འཐེན་ཙམ་བྱེད། ཁ་སྤུ་དཀར་པོ་དེ་དག་ཡང་རིང་པོ་ཆགས་ནས་སོར་གང་ཙམ་ཡོད་བཟོ་འདུག རིན་པོ་ཆེས་མུ་མཐུད་དུ། “ཆ་རྐྱེན་གསུམ་པ་དེ་རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་རྒྱུ་དེ་རེད། ལས་དོན་ཆེ་ཕྲ་ཆུང་གསུམ་ཇི་འདྲ་བསྒྲུབ་ན་ཡང་བླུན་པོ་ཆུ་སྣ་གར་འཁྲིད་ལྟ་བུ་མ་ཡིན་པར་ལེགས་ཉེས་བླང་དོར་ཚུལ་བཞིན་དུ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། གཞན་གྱི་ཟེར་སྒྲོས་ལྟ་བུ་ལ་བགྲངས་རྒྱུ་མ་ཡིན་པར་རང་གི་རྣམ་དཔྱོད་དེ་རང་གིས་བེད་སྤྱོད་གཏོང་དགོས། རྣམ་དཔྱོད་དང་ལྡན་པའི་སྐྱེས་བུ་ཞིག་ཆགས་ན་རང་གིས་གང་བྱས་བ་དེས་གཞན་གནོད་རང་ཕུང་གི་རིགས་ཡོང་གི་མ་རེད་ལས་དོན་སྔ་རྗེས་གང་ལ་ཡང་ནོར་བའི་རིགས་ཉུང་དུ་ཡོང་གི་རེད། མདོར་ན་སོ་སའི་ཀླད་པ་སོ་སོས་བེད་སྤྱོད་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད།”
“ཆ་རྐྱེན་འདི་གསུམ་འཛོམས་པ་ཡིན་མི་ཚེ་ཡག་པོ་ཞིག་ཡོང་གི་རེད་དམ་ལབ་ན། ཏན་ཏན་ཡོང་གི་རེད། འོན་ཀྱང༌། མི་ཚེ་དོན་དང་ལྡན་པ་ཞིག་གི་ཡོང་གི་རེད་དམ། དེ་ཐེ་ཚོམ་གྱི་གནས་རེད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་ཆ་རྐྱེན་འདི་གསུམ་པོ་གཅིག་པོས་འདང་གི་མ་རེད་སྙམ། ཆ་རྐྱེན་འདི་གསུམ་པོའི་སྒང་ལ་གཞན་ཕན་གྱི་བསམ་བློ་ཞེས་བ་དེ་བཞག་པ་ཡིན་ན། གཞི་ནས་མི་ཚེ་རླབས་ཆེན་པོ་དང་དོན་དང་ལྡན་པ་ཞིག་ཡོང་གི་རེད། དེར་བརྟེན། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་གཞན་ཕན་གྱི་བསམ་བློ་ཞེས་པ་འདི་ཧ་ཅང་ནས་གལ་ཆེན་པོ་རེད།”
བཀའ་མོལ་གསུངས་མཚམས་འདིར་ཁོང་གིས་ལག་འཁྱེར་ཆུ་ཚོད་དེར་བལྟ་ཙམ་བྱས་སོང༌། ཆུ་ཚོད་དགུ་བར་སླེབས་འདུག ཁོང་ཡར་བཞེངས་སོང༌། ངས་ཐུགས་རྗེ་ཆེ་ཟེར་བཞིན་ཡིག་ཐུམ་ནང་དུ་ཡོད་པའི་བོད་རྒྱ་འབྲེལ་མོལ་སྐོར་གྱི་རྩོམ་དེ་དང་ཁ་བཏགས་ཤིག་ཁོང་གི་ཕྱག་ལ་ཕུལ། “འདི་ག་རེ་རེད།” ཁོང་གིས་དྲིས། “དཔྱད་རྩོམ་ཞིག་ཡིན་” ངས་འཚེར་སྣང་དང་ལྷན་དུ་ལན་བཏབས། “རྩོམ་བྲིས་ན་ཡག་པོ་རེད།” ཁོང་གིས་དེ་སྐད་ཟེར་བཞིན་བུད་སོང་། ཁོང་གི་རྒྱབ་གཟུགས་ཕྱི་སྒོའི་ནང་ནས་མ་ཡལ་བར་དུ་ང་ལངས་ནས་བསྡད་། ངའི་སེམས་སུ། ཁོང་ལ་དངོས་སུ་མཇལ་རྒྱུ་བྱུང་བ་དང་ཁོང་གི་མི་ཚེའི་ལམ་སྟོན་དེ་བྱུང་བས་ཧ་ཅང་སྤྲོ་སྣང་ཆེ། སོ་སོའི་ངོས་ནས་རིན་པོ་ཆེར་སྤྲོད་རྒྱུ་དང་ཞུ་རྒྱུ་དམིགས་བསལ་མེད་པ་དེར་འཚེར་སྣང་ཡང་བྱུང་། དོན་ངོ་མའི་འཚེར་སྣང་བྱུང་།
ཕྱི་ལོ་༢༠༠༨ལོའི་ཟླ་༧པའི་ཚེས་༡༩ཉིན་བྲིས།
སྤྱི་ལོ་༢༠༡༣ལོའི་ཟླ་༡༡པའི་ཚེས་༢༣ཉིན་བསྐྱར་དུ་བཅོས།
ཧྲ་གི
བོད་སྐད་མི་ཤོད་ནི་ཞིག་གི་བོད་ཡིག་བྲིས་བ་འདྲ་བོ་བྱུང་འདུག། གོ་ཡང་གོ་བ། དགོད་སྤྱད་ཡང་ཡིན་པ། དབྱིན་ཡིག་ཆ་མ་ཆག་ཤེས་ནི་ཚོས་འདི་འདྲ་ཞིག་འབྲི་འི་འདུག། རྒྱ་ཡིག་ཤེས་ནི་ཚོས་འདི་འདྲ་འདྲ་བོ་འབྲི་འི་མི་འདུག།
གང་ལྟར་བླ་མ་ཟམ་གདོང་རིན་པོ་ཆེ་ཡི་མགོ་མཇུག་མེད་པའི་གཏམ་སྡུམ་དེ་ནི། ཁོ་རང་མྱི་ཆེན་དཔོན་ཆེན་ཡིན་མདོག་སྟོན་ཡ་མང་དྲགས་པ་རེད། མར་ལ་མི་བྱམས་པའི་མགོ་གཙོ་འདི་ཚོར། ཅིག་ཚང་གི་མི་འདུག་པ་གཏན་ཁེལ་རེད། བློ་ཕམ་པ་ལ།
རང་གཞན་སུ་ལའང་ཕན་ཐོག་ཡོད་པའི་རྩོམ་ཡིག་ཅིག་བཏང་འདུག བཀའ་དྲིན་ཆེ། མཁས་པའི་ལེགས་དང་རྒན་པ་ཉམས་མྱོང་ཅན་གྱི་གཏམ་ཡིན་པས་འུ་ཅག་ཀུན་གྱི་སེམས་ལ་འཛིན་རྒྱུ་གལ།
རིན་འབྱུང་ལ་འབུལ་རྒྱུ་ཅང་མེད་ནའང། རག་རྒྱུ་དེ་རག་འདུག ཁྱོད་ཀྱི་མི་ཚེ་ནང་དུ་འདི་ལས་ལྷག་པ་གཅིག་རག་རྒྱུ་ཡོད་མ་རེད། གོ་ཤེས་ན་འདི་ལས་ལྷག་པའི་རིན་ཐང་ཅན་གྱི་དངོས་པོ་གང་ཡང་ཡོད་མ་རེད། ད་རག་རྒྱུ་རག་ཚར་འདུག ཉམས་ལེན་བྱོས།
བགྱི་བགྱིད་བགྱིན་གསུམ་འབྲི་སྟངས་ཅིག
མི་ཚེའི་ཕུག་བསམ་དེ་ལོ་ཉི་ཤུ་རྩ་གྲངས་ལ་ཐག་གཅོད་དགོས་བགྱི་འདུག ༼མ་འོངས་པ་༽
མི་ཚེ་ཡག་པོ་ཞིག་འོང་བ་ལ་ཆ་རྐྱེན་གསུམ་འཛོམས་དགོས་བགྱིད་རེད། ༼ད་ལྟ་བ་༽
དེའི་སྒང་ལ་གཞན་ཕན་གྱི་བསམ་བློ་དེ་ཡོད་ན་མི་ཚེ་དོན་དང་ལྡན་པ་འོང་བགྱིན་འདུག ༼ད་ལྟ་འགྲོ་བཞིན་པ་༽
ནོར་བཅོས་དང་དགག་པ་ལ་དགའ་བསུ་ཡོད།
མི་ཚེའི་ཕུག་བསམ་དེ་ལོ་ཉི་ཤུ་རྩ་གྲངས་ནང་ཐག་གཅོད་དགོས་ཀྱི་འདུག
མི་ཚེ་ཡག་པོ་ཞིག་འོང་བ་ལ་ཆ་རྐྱེན་གསུམ་འཛོམས་དགོས་ཀྱི་རེད།
དེའི་སྒང་ལ་གཞན་ཕན་གྱི་བསམ་བློ་དེ་ཡོད་ན། མི་ཚེ་དོན་དང་ལྡན་པ་འོང་གི་འདུག
ཁྱེད་རང་གི་འབྲི་སྟངས་དེ་སུ་གཅིག་གི་སྣང་བར་འགྲོ་འི་མ་རེད། བྱེད་བྱ་བྱས་བྱོས། བགྱིད་བགྱི་བགྱིས་གྱིས་གཉིས་དོན་གཅིག་ཡིན་པ་དང་། བཀོལ་ཕྱོགས་ཀྱི་ཆ་ནས། ལག་པ་དང་ལུས་ཤུགས་ཀྱི་བྱེད་ནུས་ལ་སྦྱོར་ན། བྱ་བྱེད་ཀྱི་དུས་འབྲི་བ་དང་། ཡིད་སེམས་ཀྱི་བགྱིད་ནུས་ལ་བཀོལ་ན། བགྱི་བགྱིད་ཀྱི་དུས་བཀོལ་བ་ལས་གཞན་ཁྱེད་ཀྱིས་བྲིས་བའི་ཚིག་སྦྱོར་དང་སྦྱར་མི་ཐུབ་པ་ཡིན།
ཀརྡོ་ལགས།
ཀློག་ལོང་ཆེར་མེད་ཀྱང་། སྟེས་དབང་གིས་ཕྱི་ལོག་ཏུ། ཞེས་བྲིས་པ་མཐོང་བས། ལོ་མང་པོའི་སྔོན་དུ། ལ་དྭགས་པ་ཞིག་གིས་དེ་འདྲ་བྲིས་པ་ལ།
ཕྱི་ལོགས་ནང་ལོགས་ཡང་འཇུག་དགོས།
ཡང་འཇུག་མེད་པ་མགོ་ལོག་ཡིན།
གོ་ལོག་ཀྱང་འབྲི་ཆོག་པས་འདེམས་པར་མཛོད། གཉིད་མ་ལོག་གོང་དུ་སླར་ཡང་འདི་འབྲི་བར་ལོང་ཐོབ་བོ།
གནམ་ལགས་ཀྱིས་གསུངས་པ་ངོ་མ་བདེན། བོད་ཡིག་མི་ཤེས་མཁན་ཞིག་གིས་བྲིས་པ་འདྲ། ཡིག་ནོར་དེ་འདྲ་མང་པོ་ག་རེ་རེད། རང་གིས་མི་ཤེས་དང་པོ་ཤེས་མཁན་ཞིག་ལ་ཞུ་དག་གནང་བཅུག་ནའང་འགྲིག་པཱ།
# 6 གནམ་ལགས།
ཁྱེད་ཀྱིས་འབྲི་སྟངས་དེ་ངས་སྔར་ནས་ཤེས་ལ། དེ་ལ་སྐྱོན་ཆ་མཐོང་ནས་ངས་བྲིས་སྟངས་འདི་སྔར་ནས་ཡོད་ཀྱང་། ད་འདི་ལ། ཁྱེད་ཀྱིས་དགོས་དོན་མ་མཐོང་བ་མིན་འགྲོ ལགས། གནམ་ལགས། གང་ལྟར་ཡང་དགོངས་འཆར་ལ་དགའ་བསུ་ཡོད།
ང་ འགྲོ་གི་ ཡིན། འདིས། གི་སྒྲ་འདིས། དུས་མ་འོངས་པ་ག་རེ་སྟོན་བགྱིད་འདུག
ང་ འགྲོ་ བགྱི་ ཡིན། ཞེས་བྲིས་ན་དག་ཆ་ཁོ་རང་ངོས་ནས་དུས་མ་འོངས་ཡིན་སྟོན་པ་མི་མཐོང་ངམ། ལགས།
རྒན་འཇམ་ལགས་བདེན།
ཕྱི་ལོགས། ནང་ལོགས། རྒྱབ་ལོགས། ལོགས་སུ་བཀར་བ། ལོགས་སུ་བཞག་པ། གྱང་གི་ལོགས་ལ་བཀལ་བ་ལ་སོགས་སོ།།
ཟམ་གདོང་ཚང་གི་བཀའ་སློབ་ཚང་མ་ཡག་གི བཀླགས་ཡོད།
ཚང་མར་ལོ་གསར་བཀྲ་ཤིས་བདེ་ལེགས་དང་། ད་རྒན་པོ་ངའི་ཁ་ནས་བཀྲ་ཤིས་པའི་ཚིག་དང་གཏམ་བཟང་མ་གཏོགས་འཐོན་རྒྱུ་མེད་སྟབས། ཡང་འདི་ལ་ཁ་གཡང་ཞིག་ཤོར་སོང་། བཀྲ་ཤིས་དོན་གྲུབ་ཀྱིས་ཀུ་ཤུ་རྡོག་འགའ་ཤས་ལ་ངོ་མ་འདི་ཕྱིའི་ཕན་བདེའི་འབྱུང་གནས་ཀྱི་གདམ་ངག་ཟབ་མོ་འདི་འདྲ་ཐོབ་པ་འདིར་བཀྲ་ཤིས་བདེ་ལེགས། དེ་ནས་ཁྱེད་ནས་ང་ཚོར་འདི་་ལེགས་པར་གོ་སྐལ་གནང་བ་འདིར་བཀྲ་ཤིས་བདེ་ལེགས། ང་ལ་ངོ་མ་ཕན་བྱུང་། སྒོར་རྡོག་སྟོང་གཅིག་ལས་ཕན་པ་བྱུང་།
གལ་ཏེ་ཚེ་དི་ལ་གདམ་ངག་འདི་གཅིག་པུ་ལག་ལེན་གཏོང་ཐུབ་ན། འདི་ཕྱི་གཉིས་ཀྱི་དགོས་རྒྱུ་ཚང་མ་འདུས་འདུག འཕྲོད་བསྟེན་གྱིས་ཚེ་རིང་། ཕུགས་བསམ་གྱི་དོན་གྲུབ། རྣམ་དཔྱོད་ཀྱིས་བླང་དོར་འབྱེད། ཕན་སེམས་ཀྱིས་མཛད་པ་འཕྲིན་ལས་རྒྱས། འདི་ལས་ལྷག་པའི་གདམ་ངག་གཅིག་མིན་འདུག ངོ་མ་མཁྱེན་བརྩེའི་རྟགས་རེད།
རྗེས་མ་ངས་ཀུ་ཤུའི་ཁ་པར་གཅིག་འཁྱེར་ནས་རིན་པོ་ཆེ་མཇལ་བར་འགྲོ། བཀའ་སློབ་གང་གནང་ཡོང་ངམ།
རིག་འབྱུང་ལགས་ཀྱི་ཡག་པོ་བྲིས་འདུག མི་ཞིག་གི་མི་ཚེའི་ནང་ལ་དགོས་པའི་གལ་ཆེན་ཞིག་བྲིས་འདུག ཐུགས་རྗེ་ཆེ། མི་ཁ་ཅིག་གི་ངག་ན་གཏམ་ངན་ཞིག་མ་གཏོགས་གཏམ་བཟང་ཞིག་ནམ་ཡང་ཐོན་གྱི་མ་རེད། དེ་ནོ་ཁོང་ཚོའི་ལས་དབང་ཞིག་ཀྱང་རེད། འདི་ཚོའི་གཏམ་ལ་བློ་ཕམ་གང་མེད་པར་མུ་མཐུད་ནས་འདི་འདྲ་རིགས་དྲྭ་ཐོག་ཏུ་སྤེལ་རོགས་ཞུ།།
྆྆རིག་འབྱུང་ལགས། དེང་སང་ཁྱེད་ཀྱི་དྲན་ཐོ་ཁག་ཅིག་ཀློག་རྒྱུའི་གོ་སྐབས་བྱུང་བས་དགའ་ཚོར་ཆེ། དྲན་ཐོ་འདི་ཡང་ཀློག་པ་ཙམ་མ་ཟད་མི་ཚེའི་ནང་ཕན་ཐོགས་ཆེ་བའི་གདམས་ངག་ཁག་ཅིག་འདུག་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།། ད་དུང་ཡང་མུ་མཐུད་ནས་སྤེལ་རོགས།།། མཆན་གཏམ་རྙོག་དེ་ཚོ་ནི་གཏམ་རྙོག་རང་རེད་དོན་གོ་རྒྱུ་ཅང་མི་འདུག་པས་དྲི་ངན་ཅན་གྱི་རྟུག་དྲི་རང་རེད།།།
རིག་བྱུང་དོན་གྲུབ་བཀྲ་ཤིས་ལེགས།
ཁྱོད་བུ་བསོད་ནམས་དང་ལྡན་པ་ལ། ཕ་མྱོང་བ་ཅན་གྱིས་ཚེ་གཅིག་གི་གདམ་པ་བོགས་འདུག ད་བུ་ཉམས་ལེན་ལ་མ་ཕྱུག་པའི་སྨོན་ལམ་འདེབས། ཁྱེད་ཕ་བུ་གཉིས་ཀ་རྣམ་དཔྱོད་ཀྱི་ལོངས་སྤྱོད་རྣམ་ཐོས་སྲས་ལ་སྒྲུན་ཐུབ་པ་དང་། གཞན་ཕན་གྱི་སྤྱོད་པའི་འོད་ཟེར་རྟ་བདུན་ལ་འགྲན་ཐུབ་པ། དག་པའི་ཀུན་སློང་གི་ལྷག་བསམ་ནམ་མཁའ་ལས་གཡའ་དྭངས་བ། ངོ་མ་ཡིད་སྨོན་པར་གྱུར་བའི་ཕ་བུ་ལགས།
ཕྱོགས་རིས་དང་ལ་རྒྱ་དོར། གཏམ་དང་ལྟོ་གོས་རྒྱབ་ལ་སྐྱུར་ནས། སེམས་རྣལ་མས་བརྟག་ན། ཟམ་གདོང་རྒད་པོའི་གདམ་ངག་འདི། ངོ་མ་རླབས་ཆེའོ།
རིག་འབྱུང་གིས་ཟམ་གདོང་ཚང་གི་ཡོན་ཏན་གྱི་ཕྱོགས་མ་གཏོགས་སྐྱོན་གྱི་ཕྱོགས་བྲིས་མི་འདུག་ག ཧ་ཧ་ཧ།
ཚེ་བཀྲ། ལོ་ལོ། བཟང་པོ་སྐྱིད་པོ་གཏོང་དུས། ཡི་རངས་གྱིས། སྐྱོན་བཤད་སར་སྐྱོན་བཤད་སའི་གོ་སྐབས་ཡོད། རིན་པོ་ཆེའི་སྐྱོན་ཆེ་ཤོས་དེ་ཚེ་གཅིག་ང་ཚོ་སྐྱོན་མ་གཏོགས་ཡོན་ཏན་མ་མཐོང་མཁན་གྱི་མཉམ་དུ་འཚངས་ནས་བོད་པའི་རྙོག་ཁྲ་ཁོ་ནར་དུས་འདའ་བ་དེ་རེད། ཁོང་བླ་མ་གཞན་དང་འདྲ་བར།་ཆོས་ཚོགས་ཅིག་བཙུགས། མགོ་སེར་དང་རྒྱ་ཡུལ་ལ་དབང་ལུང་མན་ངག་བཙོངས་ནས་དུས་འདའ་ན་ཁོང་ལ་སྐྱོན་བརྗོད་པའི་གོ་སྐབས་མེད། སྐབས་དེ་དུས་སྐྱོན་འཛུགས་ས་མེད་པའི་གསུང་ཆོས་དཔེར་ན། ཉི་མ་ནི་ཤར་ནས་ཤར་རོ་ཟེར་ན། ལམ་གསེང་མགོ་སེར་ཚོས་དེ་ངོ་དེབ་ཐོག་བཞག་ནས། རིན་པོ་ཆེའི་བཀའ་སློབ་ཟེར་ནས་ཧོན་ཐོར་འགྲོ།
ཁྱོད་བླ་མ་འདི་འདྲ་དགོས་ན་ངོ་དེབ་ནང་སོངས། སྐྱོན་མེད་མང་པོ་འདུག དཔེར་ན། ཉེ་འཆར་རང་ལ་བོད་པའི་བླ་མ་ཞིག་གིས། Be happy, be happy, this is my dharma ཟེར་སྐབས་དེ་ལ་མགོ་སེར་རྩ་མཐུག་པོ་མང་པོས་དད་པ་བྱེད། ཁྱེད་སྐྱོན་མེད་པའི་བླ་མ་དེ་འདྲ་དགོས་ན་མང་པོ་འདུག
ཉིན་མང་པོར་དྲ་ཐོག་ཏུ་ཡོང་ཁོམ་མ་བྱུང་། ཁྱེད་ཚོས་ངེད་ཀྱི་དྲན་ཐོ་འདི་བཀླགས་པར་གློ་བ་དགའ།
གཞན་དམིགས་བསལ་ཞུ་རྒྱུ་མི་འདུག
རྒད་པོ་ཨུ་ཚུགས་ཅན་ལ་དྭགས་འཇམ་དཔལ་དང་ཀ་རྡོ་གཉིས་ཀྱིས་ཡིག་ནོར་དང་བཏགས་ནོར་འགའ་ཟུར་དུ་ཕྱུང་འདུག་པར་བཀའ་དྲིན་ཆེ། ཡིན་ན་ཡང་། འུ་ཚོས་བོད་ཀྱི་སྐད་ཡིག་ཐད་ལ་འཛིན་པའི་ལྟ་ཚུལ་ཁ་ཁ་རེད།