དུས་བབ་ནས་བླངས།
ཨ་རིའི་ནེའུ་ཡོག་རྒྱལ་ཚོཊ་མདུན་དུ་བླ་མ་ཤིང་བཟའ་རིན་པོ་ཆེ་གཙོས་པའི་བོད་མི་གསུམ་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ། ད་བར་ཉིན་ ༦ ཙམ་འགྲོ་བཞིན་ཡོད་ལ། གནམ་གཤིས་གྲང་བ་སོགས་ཀྱིས་ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་ཡོད་འདུག
ཉེ་ཆར་ལོ་གསར་ཚེས་ ༡ ཉིན་ནས་བཟུང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་སྒོ་འགྲམ་དུ། བོད་མི་གསུམ་གྱིས་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་ཅིང་། དེ་རིང་བར་ཟས་བཅད་ངོ་རྒོལ་གྱི་ཉིན་གྲངས་ ༦ དེ་ཕྱིན་ཡོད། ཕྱི་ཚེས་ ༢༥ ཉིན་ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱིས། བོད་མི་ཟས་བཅད་ངོ་རྒོལ་བ་དེ་དག་གི་སྡོད་གུར་རྒྱལ་ཚོགས་ལས་ཁུངས་སྒོ་འགྲམ་ནས་ཕྱིར་བསྡུ་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་སྟབས། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གསར་ལམ་ཁག་ཏུ། གལ་སྲིད་ང་ཚོས་ངོ་རྒོལ་བྱེད་ས་གནས་སྐབས་རིང་གནས་སྤོ་བྱ་དགོས་བྱུང་ནའང་། རྒྱལ་ཚོགས་ཀྱིས་བོད་མི་ཟས་བཅད་ངོ་རྒོལ་བ་དག་གི་དགོས་འདུན་ལ་བརྡ་ལན་གསལ་པོ་མ་སྤྲད་བར་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱ་རྒྱུ་མིན་ལུགས་བརྗོད་ཡོད།
དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་གསར་འགོད་པས་ཁ་པར་བརྒྱུད། ཨ་རིར་གནས་བཞུགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཟས་བཅད་ངོ་རྒོལ་གནང་མཁན་རྣམ་པའི་གཟུགས་གཞིའི་གནས་སྟངས་གང་འདྲ་ཡིན་པ་དང་། སྡོད་ཡུལ་ས་ཆའི་ཐད་དཀའ་ངལ་འཕྲད་ཀྱི་ཡོད་མེད་དྲིས་པར། “ ད་སྔ་ཟས་བཅད་ངོ་རྒོལ་གནང་མཁན་གྱི་འཕྲོད་བསྟེན་ཐོག་དཀའ་ངལ་ཆེན་པོ་མི་འདུག་ཀྱང་། ཤིང་བཟའ་རིན་པོ་ཆེའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་ ༤ མར་ཆག་ཡོད་པ་དང་། སྐུ་ཞབས་རྡོ་རྗེ་རྒྱལ་པོ་དང་ཡེ་ཤེས་བསྟན་འཛིན་གཉིས་ལའང་སྤྱི་རྒྱ་ ༢ ཡས་མས་རེ་མར་ཆག་འདུག དེ་རིང་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༦ པ་དེ་འགྲོ་བཞིན་ཡོད་ཀྱང་། ད་ཆར་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་ངོས་ནས་ང་ཚོར་དམིགས་བསལ་འབྲེལ་བ་དེ་འདྲ་གང་ཡང་གནང་མ་སོང་། ཡིན་ནའང་། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་དུང་རྒྱལ་ཚོགས་ཀྱིས་བརྡ་ལན་ཞིག་མ་གནང་བར་ལས་འགུལ་མཚམས་འཇོག་གི་མ་རེད། ད་ལྟའི་ཆ་ལ་ཟས་བཅད་གནང་མཁན་ཚོར་དཀའ་ངལ་གཅིག་ཡོད་པ་ནི་གནམ་གཤིས་ཀྱི་དཀའ་ངལ་རེད། ཉིན་འདི་འགར་ནེའུ་ཡོག་གྲོང་ཁྱེར་གྱི་གནམ་གཤིས་ཧ་ཅང་གྲང་མོ་ཆགས་ཏེ། མཚམས་རེར་ཁ་བ་འབབ་པ་དང་མཚམས་རེར་ཁ་ཆར་འདྲེས་མ་དང་རླུང་འཚུབ་གཡུག་པ་སོགས་ཀྱིས་ཟས་བཅད་ངོ་རྒོལ་གནང་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱིན་འདུག ” ཅེས་བརྗོད་བྱུང་།
ཚོགས་གཙོ་ཚེ་ལགས་ཀྱིས་སྡོད་ཡུལ་ས་ཆའི་སྐོར་བརྗོད་དོན། “ ང་ཚོས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཐོག་མར་མགོ་འཛུགས་གནང་སྐབས། ནེའུ་ཡོག་གྲོང་ཁྱེར་ཉེན་རྟོག་ལས་ཁུངས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁང་བརྩེགས་འགྲམ་དུ་ཟས་བཅད་ངོ་རྒོལ་བྱས་ན་འགྲིག་གི་མེད་ཚུལ་བརྗོད་པ་རེད། འོན་ཀྱང་། ང་ཚོས་རྒྱལ་ཚོགས་ཀྱི་ངོས་ནས་ཟས་བཅད་ངོ་རྒོལ་བ་དག་གི་རེ་འདུན་ལ་བརྡ་ལན་གསལ་པོ་ཞིག་མ་སྤྲད་བར་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་ལ། ཟས་བཅད་ངོ་རྒོལ་གནང་སའི་ས་ཆར་ཡང་འགྱུར་བ་གཏོང་རྒྱུ་མིན་ལབ་ནས་ཨུ་ཚུགས་ཀྱིས་བསྡད་པ་ཡིན་ ” ཞེས་བརྗོད་བྱུང་།
བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ནི། ༡༩༨༠ ལོར་མདོ་སྨད་མཚོ་སྔོན་བོང་སྟག་ཏུ་སྐུ་འཁྲུངས་ཡོད་པ་དང་། ཕྱིས་སུ་༸གོང་ས་མཆོག་གིས་ཤིང་བཟའ་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་རྗེས། དགུང་ལོ་ ༡༣ སྟེང་མགོ་ལོག་རྭ་རྒྱ་དགོན་དུ་ཁྲི་འདོན་མཛད་ཡོད་ཅིང་། ༡༩༩༧ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་གདན་ས་སེ་ར་དགོན་པར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ། ༢༠༡༡ ལོར་ཚོགས་རམས་པའི་དགེ་བཤེས་ཀྱི་མཚན་གནས་བཞེས། ༢༠༠༨ ལོར་རིན་པོ་ཆེ་མཆོག་གིས་བོད་སྐྱོད་ཞི་བའི་གོམ་བགྲོད་ཀྱི་སྣེ་ཁྲིད་དང་པོ་དང་། ༢༠༡༠ ལོར་ཕྱིར་རང་ཡུལ་དུ་ལོག་པ་ཞེས་གོམ་བགྲོད་གཉིས་པ་གནང་ཡོད།
སྐུ་ཞབས་རྡོ་རྗེ་རྒྱལ་པོ་ལགས་ནི་ ༡༩༥༣ ལོར་བོད་ཀྱི་སྟོད་སྐྱིད་གྲོང་དུ་སྐྱེས་ཤིང་། ༡༩༦༠ ལོར་བཙན་བྱོལ་དུ་འབྱོར་རྗེས་སྔ་ཕྱིར་ངྷ་སྟེང་བོད་ཁྱིམ་དང་ཀ་སྦུག་གཏན་སློབ་བཅས་སུ་སློབ་སྦྱོང་གནང་ཡོད་པ་དང་། ༡༩༧༨ ལོར་རྒྱ་གར་མན་པཱ་ཊི་ས་གནས་གཞོན་ནུའི་རྒྱུན་ལས་གནང་ཡོད་འདུག ༡༩༩༢ ལོར་ཨ་རིའི་གཞིས་སྤོ་བྱས་ཏེ། ད་ལྟ་མེ་ནོ་སོ་ཊར་མངའ་སྡེར་གཏན་སྡོད་བྱེད་ཀྱི་ཡོད་ལ། ཁོང་ནི་ཞི་བའི་གོམ་བགྲོད་དང་བོད་དོན་ལས་འགུལ་སོགས་སྣེ་ཁྲིད་མཁན་ཞིག་ཆགས་ཡོད་འདུག
སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་ནི་ ༡༩༧༣ ལོར་རྒྱ་གར་དུ་སྐྱེས་ཤིང་། ཌལ་ཧོར་གཏན་སློབ་སོགས་སུ་སློབ་སྦྱོང་བྱས་རྗེས། ༢༠༠༤ ལོ་ནས་ ༢༠༠༧ ལོ་བར་སྐབས་གཉིས་རིང་རྡེར་རྡུན་ཧེ་བྷ་ཕིར་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་གནང་མྱོང་ཡོད་ལ། དུས་རྒྱུན་བོད་དོན་དང་འབྲེལ་བའི་ལས་འགུལ་ཅི་རིགས་ནང་མཉམ་ཞུགས་བྱེད་མཁན་ཞིག་ཡིན་འདུག
གསར་འགོད་པ། དཔལ་ལྡན།
པཎ་ཆེན་རིན་པོ་ཆེས་གསུངས་པ་བཞིན། ལས་ལ་བརྩོན་བཞིན་དཔའ་ངར་ལྡན་པའི་བོད་མི་རིགས་ཞེས་པ་དྲན་བྱུང་།
གང་མྱཕར་ལན་ཞིག་གནང་བའི་སྨོན་ལམ་འདེབས། དཔའ་པོ་གསུམ་རྒྱལོ།
གང་མྱུར་་་ལ་བཅོས།
ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དཀའ་ལས་རྒྱབ་པར་ཐུགས་རྗེ་ཆེ། གང་མགྱོགས་ལན་ཞིག་གནང་འོང་བའི་རེ་བ་ཡོད། བོད་རྒྱལ་ལོ། །
༄༅།། རང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ཏེ་ཟས་བཅད་ལ་བཞུགས་པའི་དཔའ་བོ་རྣམ་པ་ང་ནི་ཧང་སང་གསོང་། དུས་ཚོད་ཛ་དྲག་དེ་འདྲའི་སྐབས་བཀའ་ཁྲི་དེ་ག་ནེའུ་ཡོག་ཏུ་ཕེབས་སྐབས་ཁྱེད་ཚོར་མིག་གིས་བལྟ་ཙམ་ཡང་བྱེད་མི་དགོས་པ་གང་ཡིན་ནམ། སྐབས་དེར་དེ་གར་འདུ་འཛོམས་བྱས་པའི་བོད་མི་ཚོར་གསུང་བཤད་གནང་བ་དོན་དག་གསུམ་དུ་འདུས་ནས་འདུག་པ་འདི་ལྟར། དང་པོ༧གོང་ས་མཆོག་ནས་མིག་རྒྱངས་རིང་པོར་གཟིགས་ནས་སྐུ་དབང་ཡོངས་རྫོགས་་བཀའ་བློན་ཁྲི་པར་གནང་བ་དང་། འཛམ་གླིང་རྒྱལ་སྤྱིས་རྡ་སའི་བོད་གཞུང་ལ་རྒྱབ་བསྐྱོར་ཡོད་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་དོན་གྱི་གཙོ་བོ་ཡིན་པ་བཅས་སོ།
༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མི་མཐུན་ལ་བོད་གཞུང་མང་གི་མངོན་འདོད་དང་མི་མཐུན་པ་ཞིག་སྲོད་བཅད་ནས་རྩད་ཀྱང་དགེ་བ་རྒྱུ་མཚན་འདྲ་ཡོད་དམ། ད་བསོད་ནམས་ཟད་ཚར་བ་རེད།
ཚང་མར་རྗེས་སུ་ཡི་རིངས་ཡོད། ཟས་བཅད་ངོ་རྒོད་བྱེད་མཁན་ཚོའི་སྡོད་ས་ཡག་པོ་ཞིག་ཐོབ་འདུག མི་མང་འགྲོ་སའི་ལམ་ཆེན་ནང་ཡིན་པ་ལ་རྒྱལ་ཚོགས་ཁང་ཆེན་གྱི་ཐད་ཚོད་དག་དག་རེད།
འཛམ་གླིང་མི་དམངས་ལངས་ནས་རང་དབང་རྩོད། །
གངས་ཅན་བོད་པ་ཉལ་ནས་རང་དབང་རྩོད། །
གན་རྡིས་བསྟན་པའི་ལམ་ཁ་རྙིང་པ་དེ། །
དུས་རབས་གསར་པར་བེད་སྤྱོད་ཡོད་དམ་མེད། །
རང་སྲོག་གཅོད་པ་དང་། ཉལ་ནས་བསྡད་དེ་ཟས་བཅད་ལ་ཞུགས་ནས་རང་དབང་རྩོད་པ་སོགས་ནི་སྤྱིར་རང་དབང་རྩོད་སྟངས་ཤིག་ཡིན་སྲིད་ཀྱང་། གན་རྡེ་དམ་པའི་ཟས་བཅད་ཞི་རྒོལ་ནི་ནུས་པ་ཐོན་ངེས་པ་ཞིག་གི་སྐབས་མཚམས་གནང་རྒྱུ་ཞིག་ཡིན་པ་འདྲ་ལ། ལྷག་ཏུ་ཁོང་གི་རྣམ་དཔྱོད་དང་མཁྱེན་ཡོན་གྱི་ཆ་ཤས་ཤིག་ཏུ་སོང་ཟས་བཅད་དེ་ཁོང་ལ་རན་ཞིང་འཚམས་པ་ཞིག་ལོས་ཡིན། འོན་ཀྱང་ང་ཚོ་བོད་མི་ཚོས་སློབ་སྦྱོང་མི་བྱེད་པར་ཟས་བཅད་སོགས་ལས་འགུལ་གྱིས་སྐབས་མཚམས་སྐབས་མཚམས་ཐལ་བ་རེ་ཨེ་འཕྱུར་ལྟ་བ་འདི་དངོས་གནས་བྱས་ན་ཐབས་སྐྱོ་བོ་རང་རེད། དེ་བས། བླ་མ་ཤིང་བཟའ་གཙོས་ཁྱེད་རྣམ་པས་སློབ་སྦྱོང་ཡག་པོ་ཞིག་བྱས་ནས་སློབ་སྦྱོང་ཐོག་ནས་རྩོད་པ་རྒྱག་ཐུབ་ན་དེ་མཆོག་ལོས་ཡིན་འདོད། གང་ལྟར་སྲོག་གཏོང་གི་ཡིན་ཟེར་ན་འགོག་གི་མིན།
་ཁའི་ཚོམ་པོ་བཤད་པ་ལས་རང་གིས་ཉིན་གཅིག་གི་ཟས་བཅད་ཀྱང་བྱེད་མི་ཐུབ་ན་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་ཚོ་གདུང་སེམས་མཉམ་བསྐྱེད་བྱེད་མ་ཐུབ་ན་ཡོང་མཐོང་ཆུང་མ་བྱེད་ལགས།
ཁྱུང་སྲས་ལགས། ཁྱེད་ཀྱིས་སློབ་སྦྱོང་བྱས་ནས་རྒྱ་ནག་གཞུང་གི་ཁ་ཐུག་ལ་ག་དུས་ཞིག་ལ་རྩོད་པ་རྒྱག་ཐུབ་བམ།གལ་ཆེ་བ་དེ་མི་ལ་རྒྱབ་སྐྱོར་དང་སེམས་ཤུགས་སྤེར་བ་དེ་རེད ། རང་གིས་མི་འཇོན་ན་མིའི་སེམས་ཤུགས་མ་གཅོགས་རོགས།
ཀླུ་སྨྱོན་བླ་མ་ང་བླ་མ་ཞིག་ཡིན་ནི་རེད། རྒྱུ་མཚན་ཁོང་རྒྱ་གར་ལ་ཡོང་དུས་སྤྱིར་བཏང་གི་གྲྭ་ཞིག་ཡིན། ལྷོ་ཕྱོགས་ནས་སློབས་སྦྱོང་ལ་མཐའ་མ་འཁྱོལ་བར་བལ་ཡུལ་ལ་སོང་ནས་ཀོ་པན་དགོན་པ་ནས་རང་ཉིད་ཀྱིས་རང་ཉིད་ང་བླ་མར་ངོས་འཛིན་བྱས་པ་ཞིག་རེད།
ཤིང་བཟའ་བླ་མ༧རྒྱལ་བ་རིན་པོ་ཆེའི་དགོངས་དོན་མཐུན་པར་ཕེབས་ཐུབ་ན་དགའ་ནི་རེད། གཞོན་ལྷན་གྱིས་ཨ་མདོ་ཀླུ་མཁར་བྱམས་ཀྱང་བེད་མེད་བཟོས་རྗེས་གཡུག་བཞག་པ་རེད། ཁོང་ཚོ་མདུན་ལ་ཐོན་གྱི་མ་རེད། རྒྱབ་ནས་འདུག་རྒྱུ་རེད། ཁེ་བཟང་ཚང་མ་ཁོང་ཚོས་ཟ་ཡི་རེད། དཀའ་ལས་རྒྱག་མཁན་དང་མདུན་ལ་ཐོན་མཁན་ཨ་མདོ་ཚོ་རེད། ཤིང་བཟའ་བླ་མ་དང་ཀླུ་མཁར་བྱམས་གཉིས་དཔེ་མཚོན་ཅིག་རེད།
ད་དུང་བོད་ནང་དུ་མེར་བསྲེགས་གཏོང་མཁན་མང་པོ་ཞིག་ཨ་མདོ་རེད། ཁོང་ཚོས་ཆབ་སྲིད་ལས་ཤེས་ཀྱི་རེད་དམ། ལྷག་བསམ་དང་ལར་ཞེན་དད་དམ་གཅིག་པུས་དེང་སང་ཡོང་གི་རེད་དམ།
ལྷ་སྲས་ཟེར་བ་འདིས་ཀྱང་ཕུང་དཀྲུགས་ཤིག་བསླང་ན་འདོད་ཀྱིན་འདུག
བླ་མ་ཞིག་གིས་བོད་ཀྱི་བདེ་སྡུག་ལ་ཁ་ཡ་བྱེད་ན་མི་འགྲིག་པ་ག་ལ་ཡོད་དེ། ལམ་ཕྱོགས་ནོར་མི་ཉན། བོད་ནང་གི་དད་ལྡན་མི་དམངས་སྡུག་བསྔལ་མནར་ནས་ཡོད་ཚེ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་བོད་མི་ཡོད་དོ་ཅོག་གི་ལས་འགན་རེད། འཛམ་གླིང་མི་དམངས་ཀྱིས་དོ་སྣང་བྱེད་ངེས་རེད།
བོད་ཞེན་པ་གསུམ་གྱི་ཚེ་སྲོག་དུས་ཐོག་ཏུ་སྲུང་དགོས་ལགས། བོད་རྒྱལ་ལོ། །