སྤྱན་ཆེན་པོ།
ཁ་སང་རྒྱལ་ས་གླེ་དང་ཤར་ལྷོའི་མཚམས་ན་ཡོད་པའི་ཁྲིག་རྩེ་དགོན་པར་མཇལ་དུ་སོང་བ་ཡིན། དགོན་པ་འདི་ནི་བོད་ཡུལ་མངའ་རིས་ས་ཁུལ་ནས་བཞུར་འོང་བའི་ཆུ་བོ་ཆེན་པོ་སེང་གེ་ཁ་འབབ་ཀྱི་འགྲམ་ན་པོ་ཏ་ལ་ནང་བཞིན་རི་ངོས་སུ་ཆགས་ཡོད་པ་དང་རྒྱང་ནས་བལྟས་ཚེ་པོ་ཏ་ལ་དང་ཅུང་འདྲ་བས་ཡུལ་མི་ཚོས་འདི་ལ་པོ་ཏ་ལ་གཉིས་པ་ཟེར། གནས་འདི་ནི་དང་པོ་ཡུལ་འདིའི་རྒྱལ་པོའི་ཕོ་བྲང་གི་ཤུལ་ཡིན་པ་དང་། དགོན་པ་གནས་འདི་དང་སྤྱི་ལེ་གསུམ་གྱི་མཚམས་ནས་འདེབས་སྐབས་བྱ་རོག་ཅིག་གིས་གཏོར་མ་ཁུར་ནས་གནས་འདི་ལ་གཡུགས་སོང་བས་རྒྱལ་པོའི་བཀའ་ལྟར་ད་ལྟའི་ཡུལ་འདི་ནས་དགོན་པ་འདི་བཏབ་པར་གྲགས།
དགོན་པ་འདི་ལ་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་བོད་ཡུལ་ནས་ཐོན་པའི་གནའ་རྫས་ཁ་ཤས་ཀྱང་མཐོང་རྒྱུ་འདུག
སྤྱན་ཆེན་པོས་༢༠༡༤-༧-༡ ཉིན་རྒྱལ་ས་གླེ་ནས།
ཐུགས་རྗེ་ཆེ་ ད་དུང་དེ་ལས་རིང་རྩམ་གསུང་རྒྱུ་མི་འདུག་གམ།
བྲག་རིའི་ངོས་སུ་ཁང་བརྩེགས་མང་པོ་ཅན་གྱི་དགོན་པ་བཞེངས་སྲོལ་བོད་དང་བོད་འབྲེལ་གྱི་ས་ཁུལ་ཚོར་དར་ཁྱབ་ཆེན་པོ་རེད་འདུག འདི་ཆོས་སྲིད་ཟུང་འབྲེལ་དང་སེར་དམག་རྩ་འཛུགས་འགྲོ་རྒྱུགས་བྲིན་པའི་དུས་སུ་དགོན་པ་དང་། ལས་ཁུངས། བཙན་རྫོང་བཅས་གཅིག་ཆོག་ཏུ་བཞེངས་པ་ཡིན་པ་འདྲ།
སྤོབས་པ་མཐའ་ཡས་ལགས། རི་མགོ་དང་བྲག་ངོས་ལ་ཁང་བརྩེགས་བརྩིགས་པ་ནི་བོད་ཀྱི་གནའ་རབས་ནས་བྱུང་བའི་ཁང་བའི་ཨ་ལས་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན། འདི་ཆོས་ལུགས་པས་གསར་དུ་བྱས་པ་ཞིག་མ་རེད། བོད་ཀྱི་བཙན་པོ་དག་གི་སྐུ་རིང་ནས་རི་ཡི་མགོ་དང་བྲག་གི་ངོས་ལ་བླ་མཁར་དང་ཕོ་བྲང་དང་བརྩིགས་པའི་སྲོལ་དར་ཡོད། དེ་ཡང་དགྲ་ལ་དོགས་ཟོན་དང་རང་ས་བརྟན་སྲུང་བྱེད་ཆེད་དུ་བཞེངས་པ་ཞིག་ཡིན། དུས་ཕྱིས་སུ་རི་ཁྲོད་པ་དང་བྱ་བྲལ་བ་རེ་འགའི་སྒྲུབ་ཕུག་ཡོད་སའི་རི་ངོས་དང་བྲག་ངོས་ལའང་དགོན་པ་ཆགས་པ་འགའ་རེ་བྱུང་ཡོད། ཡིན་ཡང་། དེ་དག་ནི་ཆོས་ཀྱི་སྒྲུབ་གནས་ཤ་སྟག་ཡིན་ལས་བཙན་རྫོང་ཞིག་གཏན་ནས་མིན། ཁྱོད་རང་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་མེད་ན་ཁ་བཙུམ་སྟེ་བསྡད་ན་བཟང་། གང་དྲན་དྲན་ཞིག་མ་བཤད་རོགས། སྐུ་མཁྱེན།
བསྟན་འཛིན་ལགས། དུས་ཚོད་མེད་པ་དང་དགོན་པ་འདིའི་ལོ་རྒྱུས་ཤེས་མཁན་ཞིག་མ་རེག་པ་ལ་སོགས་པས་འདི་ཙམ་ཞིག་ལས་འབྲི་ཐུབ་མ་སོང་།
གསེར་ས་སྦྲུམ་ལགས། ངས་ཀྱང་ཁྱེད་ཀྱིས་གསུངས་པ་བཞིན་བཤད་ཀྱིན་ཡོད། དགྲ་ལ་དོགས་ཟོན་དང་རང་ས་བརྟན་སྲུང་བྱེད་ཆེད་དུ་བཞེངས་པ་རེད་ཅེས་ཤོད་ཀྱིན་ཡོད། རི་ཁྲོད་པ་དང་བྱ་བྲལ་བ་རེ་འགའི་སྒྲུབ་ཕུག་ཡོད་སའི་རི་ངོས་དང་བྲག་ངོས་ལའང་དགོན་པ་ཆགས་པ་ཞིག་དང་དེ་ཚོ་བསྡུར་རྒྱུ་ཞིག་མི་འདུག ཚད་གཞི་དང་རྒྱ་ཁྱོན་དེ་ལ་གཅིག་ལྟོས་དང་། འདུལ་བའི་ནང་གི་ཁང་པ་རྩིག་སྟངས་ཀྱི་བཅའ་ཁྲིམས་དེ་དང་གཏན་འགལ་དུ་གྱུར་ཡོད་རེད། བཙན་རྫོང་ཡིན་དང་ཡིན། དུ་ཀུ་ལའི་གོས་བཟང་རང་གི་ནང་དུ་དགྲ་ལ་དོག་ཟོན་དང་རང་ས་བརྟན་སྲུང་གི་ཆེད་དུ་བཞེངས་ཚུལ་གསལ་པོར་བྲིས་ཡོད་རེད། ཕོ་བྲང་པོ་ཏཱ་ལ་དམག་འཁྲུགས་ཀྱི་ཆེད་དུ་ཐེངས་ག་འདྲ་མང་པོ་བེད་སྤྱོད་བྱས་འདུག་པ་ལ་བསམ་བློ་ཞིག་ཐོངས་དང་། ཕོ་བྲང་པོ་ཏཱ་ལའི་ནང་དུ་བཙོན་ཁང་ཡན་ཆོད་ཡོད་པ་རེད། དེ་འདྲའི་རི་ཁྲོད་ཅིག་ཨེ་ཡོད།
རྒྱ་ནག་ལོ་རྒྱུས་ལ་བལྟས་ན་བོད་འདི་དམག་འཇུས་ལ་མཁས་ཐག་ཆོད་ཅིག་རེད། གཞི་རྒྱ་ཆེ་བའི་མཁར་རི་རྩེར་བརྩེགས་པའང་བཙན་རྫོང་ཡིན་པ་སྙོན་དུ་ཅི། །རྒྱ་ནག་གིས་བོད་ལ་དམག་འཇུག་དཀའ་ཚུལ་བཤད་དུས། བོད་ཀྱི་ས་མཐོ་བ། མཁར་བཙན་པ། མཚོན་རྣོ་བ། དཔའ་ཆེ་བ། ཟས་རི་ནས་འཚོལ་བ། ཆུ་མི་འཕྲོད་པ་མེད་པ། འཆི་བ་ལ་མི་འཛེམས་པའི་དམུ་རྒོད་ཡིན་ཚུལ་སོགས་བཤད་ཡོད། ལོ་རྒྱུས་ནང་བོད་ཕམ་པའི་དུས་ནམ་ཡིན་ཡང་། ཆང་ཡིག་ལ་ཡིད་ཆེས་ཆེ་དྲག་པ། མནའ་དང་དཀོན་མཆོག་ལ་ཡིད་ཆེས་ཆེ་དྲག་པ། གཞན་གྱི་རོགས་སྐྱོར་ལ་ཡིད་ཆེས་ཆེ་དྲག་པ། རྒྱུ་ནོར་དང་ཐོབ་ཐང་གི་སྒེར་སེམས་ཆེ་དྲག་པས་ཕོངས་པ་རེད་འདུག་ཅེས་སྨྲའོ། །རྒྱ་བོད་ལོ་རྒྱུས་ཀློག་པའི་སྡོམ་ཚིག་གོ། །
སྤོབས་པ་མཐའ་ཡས་ལགས། རི་ཡི་མགོ་ལ་བརྩིགས་པའི་ཡུམ་བུ་བླ་མཁར་དང་ཕོ་བྲང་པོ་ཏ་ལ་གཉིས་ནི་བོད་ཀྱི་གོང་མ་རྒྱལ་བོ་རིམ་བྱོན་བཞུགས་སའི་ཕོ་བྲང་ཡིན་པ་ལས་དགོན་པ་མ་རེད་ལོ། བོད་རྒྱལ་ཐོག་མ་ཉག་ཁྲི་བཙན་པོ་དང་ཁྲི་སྲོང་བཙན་གཉིས་ཀྱིས་རིམ་བཞིན་གསར་བསྐྲུན་མཛད་ཀྱང་ཕོ་བྲང་དང་བཙན་རྫོང་གི་རྣམ་པར་བཞེངས་པ་རེད། ཕོ་བྲང་འདི་གཉིས་བོད་ཀྱི་རྗེ་བློན་ཐམས་ཅད་ཀྱི་བཞུགས་གནས་དང་། ཆབ་སྲིད་ཀྱི་བྱ་བའི་བསྟི་གནས་སུ་གྱུར་མྱོང་། སྲིད་གཞུང་ལས་ཁུངས་དང་མཛོད་ཁང་། ཁྲིམས་ཁང་དང་བཙོན་ཁང་། དམག་དཔུང་བཅས་ཀྱི་བསྟི་གནས་ཡིན་པའང་སྨོས་ཅི་དགོས། བཙན་པོ་ཁོང་གཉིས་རྟེན་ཁྱིམ་པ་ཡིན་པས་འདུལ་བའི་བཅའ་ཁྲིམས་དང་འགལ་ཡོད་མེད་དཔྱོད་པ་ནི་གཞི་མེད་རེད། དུས་ཕྱིས་སུ་རྒྱལ་མཆོག་ལྔ་བ་ཆེན་མོས་རྒྱ་བསྐྱེད་མཛད་ཡོད་ཀྱང་། དེ་ཡང་བོད་རྗེ་འབངས་ཡོངས་ཀྱི་ཆེད་དུ་ཡིན་པ་ལས་ཁོང་སྐུ་སྒེར་གྱི་ཆེད་མ་རེད། དེར་བརྟེན་ཁོང་ལའང་འདུལ་བའི་བཅོས་ཁྲིམས་དང་འགལ་བའི་ཉེས་པ་ཞིག་གཏན་མེད།