དབུས་ཕྲུག་ཚེ་རིང།
སྤྱིར་ བཏང་ཟུངས་ཁྲག་ཅེས་པའི་མིང་ཚིག་འདི་གོ་མ་ཐག་མི་རྣམས་ཀྱི་སེམས་ངོར་དེ་མ་ཉིད་ དུ་སྐྱི་གཡའ་ཞིང་འཇིགས་སྣང་ཅན་གྱི་ཁ་དོག་ཅིག་བློ་ངོར་འཆར་ངེས་རེད། ཁ་དོག་འདིས་གྲུབ་པའི་ཟུངས་ཁྲག་ནི་སྐྱེ་འགྲོ་རྣམས་ཀྱི་ཚེ་སྲོག་གི་རྒྱུན་ཐག་ སྐྱོང་མཁན་གཙོ་བོ་དེ་ཡིན་སྟབས། རང་ཤུགས་ཀྱིས་སྐྱེ་བོ་སུ་ཡིན་ཡང་རང་ཉིད་ཀྱི་ཟུངས་ཁྲག་ལ་གཅེས་སྤྲས་དང་ཟུངས་ ཁྲག་བཞུར་སོང་ན་འཆི་མ་མྱོང་ངམ་སྙམ་པའི་འཇིགས་སྣང་དེ་ངང་གིས་སླེབས་པ་རེད། དེར་བརྟེན་དང་པོར་རང་ཉིད་ཀྱི་སྒལ་ཚིགས་དྲང་པོ་ཞིག་འདྲོང་ཐུབ་པའི་ཆེད་དུ་ ལུས་པོར་ཚད་ངེས་ཅན་གྱི་ཟུངས་ཁྲག་གསོག་འཇོག་བྱེད་དགོས། དེས་ནས་གོ་རིམ་གཉིས་པར་འཕེལ་རྒྱས་ཀྱི་ཆེད་དུ་མདུན་མཆོང་རེ་བྱས་ན་འོས་ཤིང་ འཚམས།
དེས་ ན་ང་ཚོའི་ལུས་པོ་འཚོ་གནས་ཀྱི་ཟུངས་ཁྲག་བཞིན་བོད་མི་རིགས་དང་རིག་གཞུང་རྒྱལ་ ཁབ་སྐྱོབ་བྱེད་ཀྱི་ཟུངས་ཁྲག་ནི་བོད་ཕྱི་ནང་གང་སར་ཉམ་ཐག་པའི་དཔལ་འབྱོར་གྱི་ གནས་བབ་དེ་རེད། གཞན་རྟེན་གྱི་སྲིན་འབུ་ལྟར་གྱི་ང་ཚོའི་དཔལ་འབྱོར་གྱི་སྐྱོ་གནས་འདིར་གསོན་ ཤུགས་ལྡན་པའི་སླར་གསོ་ཞིག་མ་བྱུང་ཕྱིན་དུས་རབས་འདིའི་ནང་ང་ཚོ་ནི་ནམ་ཡང་ཕམ་ ཁ་མྱོང་མཁན་གྱི་མི་རིགས་དེ་ཡིན། མཉམ་སྦྲེལ་རྒྱལ་ཚོགས་ནི་མེ་ལོང་ནང་གི་གཟུགས་བརྙན་དངོས་མ་རེད། ཐ་ན་འབར་མ་ཡིས་ཀྱང་ཁ་ལོག་ཚིག་ལོག་རེ་བརྒྱབ་སྟེ་ཉན་འཇོག་བྱེད་ཀྱི་མེད། གལ་ཏེ་བེད་སྤྱོད་ཅིག་གཏོང་དགོས་ཀྱང་དེ་ནི་ཟུངས་ཁྲག་གིས་ཡོངས་སུ་ཕྱུག་པའི་ རྒྱལ་ཁབ་ཚོར་མ་གཏོགས་དོན་དམ་གྱི་བདག་དབང་མེད། རང་ཉིད་ལ་དཔལ་འབྱོར་ཡོད་ན་དེ་ལས་བརྒལ་ཏེ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཉམ་ཆུང་ གི་མི་རིགས་རྣམས་ཀྱི་མགོ་ནས་རྡུང་ཆོག །དཔེར་ན་ཨ་རིས་སུ་ཞིག་ལ་ལྟོས་མེད་ཀྱི་ཨེ་རག་ལ་དམག་དྲངས་པ་དང༌། རྒྱ་ནག་གིས་ཀྱང་བོད་གཙོས་གྲང་ཉུང་མི་རིགས་ཀྱི་ཚེ་སྲོག་ཐོག་ཚད་བརྒལ་གྱི་ལས་ ངན་བརྩམས་དང་རྩོམ་བཞིན་པ་དེ་ལྟར་རེད། ཨ་རིས་གཙོས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་མི་གཞན་ལ་ཕར་རྒོལ་བྱེད་ཆེད་རྡུལ་ཕྲན་ མཚོན་ཆ་གསོག་ཉར་དང་བཟོ་ཆོག་ལ། ཉམ་ཆུང་གི་རྒྱལ་ཁབ་ཚོས་རྡུལ་ཕྲན་གྱི་གོ་མཚོན་གསོག་ཉར་བྱེད་རྒྱུ་ལྟ་ཅི་ཐ་ན་ བཟོ་འཆར་ཡང་མི་ཆོག་པ་འདི་ཀོ་མི་རིགས་དང་རྒྱལ་ཁབ་འཚོ་གནས་ཀྱི་གལ་ཆེའི་དཔལ་ འབྱོར་གྱི་ཟུངས་ཁྲག་མང་ཉུང་ལ་ཐུག་ཡོད།
བོད་ ནང་དུ་མཚོན་ན་རྒྱ་གཞུང་གིས་གནོད་གཅུད་ཀྱི་རུས་རྐང་དྭང་མ་རྣམས་ཕར་འཐེན་ནས། ལས་བྱེད་པ་གཙོ་བོར་གྱུར་པའི་ཞིང་འབྲོག་ཁག་ལ་ཚེ་སྲོག་གི་རྒྱུན་ཐག་མ་ཆད་ཙམ་ གྱི་ནག་ནོག་གི་ཟུངས་ཁྲག་ཐིགས་པ་རེ་ལྡུག་གིན་ཡོད། དུས་རབས་ཀྱི་དགོས་མཁོ་དང་འཚམས་པར་བོད་པ་རང་ཉིད་ལ་རང་གི་མི་རིགས་དང་རིག་ གཞུང་རྣམས་སྲ་ཐག་ཐག་སྐྱོང་ཐུབ་པའི་དཔལ་འབྱོར་གྱི་ནུས་པ་ཞན་ལ། དེ་བས་བསམ་བློའི་ཆུ་ཚད་དམའ། དཔལ་འབྱོར་དང་འབྲེལ་བའི་ནུས་པའི་འབྱུང་ཁུངས་རྣམས་རྒྱ་ནག་གཞུང་དང་རྒྱ་མི་ རིགས་ཀྱིས་བདག་གིར་བཟུང་སྟེ། བོད་པ་རྣམས་ནི་དེ་སྔོན་ཨ་ཕི་རི་ཀའི་མི་རིགས་བཞིན་ཁོ་ཚོའི་བྲན་གཡོག་ངོ་མ་དེ་ ཡིན། དེ་ནི་ང་ཚོ་རང་ཉིད་ལ་དཔལ་འབྱོར་གྱི་ཟུངས་ཁྲག་ཞན་པས་ང་ཚོའི་བུ་ཕྲུག་རྣམས་ སློབ་གྲྭར་གཏོང་མ་ཐུབ་པ་དང་དེ་བས་ཕུགས་བསམ་ལྡན་པའི་སློབ་གྲྭ་བཟང་བར་མངག་མ་ ཐུབ་པ་དེ་རེད། ང་ཚོས་ཁོང་ཚོར་ལག་པ་བཟེད་དགོས་པ་དེ་ཡང་ཁོང་ཚོས་ང་ཚོའི་ཟུངས་ཁྲག་རྣམས་ཉིན་ མཚན་མེད་པར་འཇིབ་སྟེ་ང་ཚོ་དོན་དམ་གྱི་མིར་འཚོ་གནས་བྱེད་འཇུག་འདོད་མེད་པས་ ཡིན།
རང་ དབང་ལུང་པར་མཚོན་ན། རང་ཉིད་ལ་འཇོན་ནུས་ཡོད་ཚེ་ཕྱོགས་བཞི་མཚམས་བརྒྱད་གང་སར་རྐང་ལག་རྐྱོང་ཆོག་ ཀྱང་ས་གནས་གང་དུ་ཡང་སྤྱིར་བཏང་གི་དཔལ་འབྱོར་ཡོང་ཁུངས་ལེགས་པོ་ཞིག་ཀྱང་འཚོལ་ ཐུབ་མེད། ལོ་རེའི་སྐྱབས་བཅོལ་བོད་མིའི་དཔལ་འབྱོར་གྱི་ནུས་ཁུངས་གཙོ་བོ་དེ་ཟླ་གསུམ་ རིང་དགུན་ཚོང་ཡིན་ལ། དེ་ཡང་སྤྱི་ཡོངས་ནས་གནམ་གཤིས་ཚ་དྲོད་འཕེལ་བ་དང་བཅས་ལོ་རེ་བཞིན་ཚོང་ལམ་རྒྱ་ ཆུང་དུ་འགྲོ་གི་ཡོད། ས་གནས་ལ་ལར་ཕྱི་ཚུལ་ནས་ཅུང་བཟང་བ་ཡོད་ཀྱང་དེ་ནི་ཕྱི་རྒྱལ་ཁག་ཏུ་ཡོད་པ་ཚོས་ ཉིན་གྱི་ཟས་དང་མཚན་གྱི་གཉིད་བཅག་ནས་བསྒྲུབས་པའི་རྔུལ་ཆུ་རེད། དེས་ན་ང་ཚོས་གཙོ་བོ་དཔལ་འབྱོར་གྱི་ཐོག་ལ་ནུས་པ་ཞིག་གཏོན་ཏེ་བོད་ཕྱི་ནང་ གཉིས་ཀྱི་བོད་མི་ཚོའི་ལུས་སྟེང་ལ་གནམ་ཆུ་ལྟར་སྒུག་མི་དགོས་པའི་ཐོག་ནས་ཟུངས་ ཁྲག་འཕར་མ་ཞིག་འདྲེན་ཐུབ་ན། ད་གཟོད་ང་ཚོས་རང་སྟོབས་ཀྱི་སྒོ་ནས་ཤེས་རིག་གི་སྒོ་མོ་འབྱེད་ཐུབ་ལ། དཀའ་ཚེགས་ཆེ་བའི་མིག་མདུན་གྱི་ལམ་བུ་གང་མང་ཞིག་བཤང་ཐུབ་པ་མ་ཟད་གཞན་ལ་འགྲན་ རྩོད་ཅིག་ཀྱང་སློང་ཐུབ་ངེས་རེད།།
ང་ཚོས་བཙན་བྱོལ་སྤྱི་ཚོགས་ནང་འཛམ་གླིང་འདིར་གཞན་དང་མི་འདྲ་བའི་ཡར་རྒྱས་ཤིག་ཕྱིན་ཡོད། འོན་ཏེ་ང་ཚོས་དཔལ་འབྱོར་གྱི་ཐད་ནས་གཞན་བསྟེན་ལས་གཡོལ་སྒྱུར་འབད་བརྩོན་བྱ་དགོས་པའི་བལྟ་ཚུལ་དེ་བཤད་སྒྲོས་སུ་ལེགས་པོ་ཡོད་ཀྱང་་། ལག་ལེན་ཐོག་དེ་་ལྟར་ཡོང་མི་སྲིད་པ་ ཞིག་རེད། ང་ཚོས་དཔལ་འབྱོར་གྱི་རྒྱབ་རྟེན་གསོག་སྒྲུབ་བྱ་དགོས་པ་རེད་དམ། བེད་སྤྱོད་གཏོང་དགོས་པ་རེད། དཔལ་འབྱོར་གྱི་གནས་ཚད་ཤིན་ཏུ་བཟང་པོ་ཞིག་ཏུ་བསྒྱུར་བའི་དུས་བོད་མི་དེ་ཚོས་རང་ཉིད་རྒྱ་གར་གྱི་མི་སེར་ཞིག་ཏུ་བསྒྱུར་ཏེ་བསྡད་འདོད་དང་། ཕྱི་རྒྱལ་གྱི་མི་སེར་ཞིག་ཏུ་བསྒྱུར་འདོད་བྱས་ན་མ་གཏོགས་སྐྱབས་བཅོལ་བ་ཞིག་ལ་དེ་ལྟའི་དཔལ་་འབྱོར་བདག་འཛིན་བྱ་བཅུག་གི་རེད་དམ། དེས་ན་དཔལ་འབྱོར་ཐད་ནས་རང་ཁ་རང་གསོ་བྱ་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་ཡིན་ཀྱང་། ཆབ་སྲིད་ཀྱི་ཐད་ནས་དཔལ་འབྱོར་གྱི་དཀའ་ཚེགས་ལས་ཡོངས་སུ་རྣམ་པར་རྒྱས་མ་ཐུབ་ཀྱང་སྐྱེ་བོ་ཀུན་རྟེན་དང་རྟེན་འབྱུང་གི་འབྲེལ་བ་ལས་གཡོལ་ཐབས་མེད་སྟབས་གང་ལྟར་མི་སུ་ཡིན་ནའང་བསྟེན་དགོས་པ་གཅིག་ཡོད་པས་ང་ཚོས་དཔལ་འབྱོར་དེ་ཙམ་མེད་ཀྱང་བཟང་སྤྱོད་ཀྱི་ཤེས་ཡོན་ཡར་རྒྱས་བཏང་ན་དེ་དགེ་མཚན་ཆེ་བ་ཡོད་པ་མཐོང་གི་འདུག