རྩོམ་པ་པོ། ཁང་གསར་ཚེ་དབང་རིག་འཛིན། རྒྱང་མིག་གིས་འོས་སྦྱོར་བྱས།
སྐྱེས་པ་གང་མང་ཞིག་གིས་རང་གི་མདུན་ཐད་ན་ལྷགས་པའི་བྱ་བ་གལ་ཆེན་མང་བོ་ཞིག་ཕལ་བར་བཞག་སྟེ་དུས་དང་རྣམ་པ་ཀུན་ཏུ་བུ་མོ་གང་ཞིག་ཀླད་པར་ཤར་ནས་དེའི་ཆེད་དུ་མངོན་ལྐོག་གང་རུང་དུ་འདུར་དེ་རང་གི་མི་ཚེའི་ཁྲོད་ཀྱི་དུས་ཚོད་རྫོགས་མེད་ཅིག་གོ་མེད་ཚོར་མེད་ངང་འདའ་བཞིན་ཡོད། ལྷག་པར་དུ་བརྡ་འཕྲིན་དུས་རབས་སུ་ཐོན་པ་ནས་བཟུང་ཀློག་ཀླད་དང་ཁ་པར་སོགས་ལས་ཡིག་རིགས་གང་རུང་གིས་འབྲེལ་བ་བྱས་ཏེ་དགའ་རོགས་འཚོལ་གྱིན་ཡོད་པ་དང་། ཡིག་འབྲུ་གཅིག་ཀྱང་མི་ཤེས་པའི་མི་ཚོགས་ཀྱིས་ཀྱང་ཁ་པར་གྱི་ཁ་བརྡའི་ལམ་ནས་སྐྱེས་པ་དང་བུད་མེད་ཀྱི་འབྲེལ་བ་འཛིན་བཞིན་ཡོད།
“ཏི་ལིང་།”གཞུང་ལས་ཁང་དུ་འཛུལ་ནས་སྐར་མ་གཉིས་གསུམ་ཞིག་ལས་མ་འགོར་བར་བདེ་སྐྱིད་ཀྱི་ལག་ཁྱེར་ཁ་པར་དུ་བརྡ་འཕྲིན་ཞིག་ཐོན། མོས་སྤོ་སྒུལ་ཀུང་སིའམ་ཡང་ན་ཀུང་སི་ག་གེ་མོ་རེས་རྒྱུན་དུ་འོང་བཞིན་པའི་ཚོང་འཕྲིན་ལྟ་བུ་རང་དང་འབྲེལ་མེད་ཅིག་ཡིན་ངེས་སྙམ་ནས་བལྟ་ཙམ་ཡང་མ་བྱས་པར་རང་འཁྲིའི་ལས་ཀའི་མགོ་བརྩམས། ཅང་མ་འགོར་བར་ཁ་པར་གྱི་དྲིལ་བརྡ་ཆེས་ཐུང་ཐུང་ཞིག་གྲགས་ནས་མཚམས་བཅད་སོང་། འདིའང་སུ་ཞིག་གིས་ཨང་གྲངས་ནོར་ཏེ་བཏང་བ་ཞིག་ཡིན་ངེས་སྙམ་ནས་ཁ་ཡ་མ་བྱས། ཡང་སྐར་མ་གཉིས་གསུམ་ཞིག་འགོར་རྗེས་གོང་ལྟར་ཁ་པར་གྱི་དྲིལ་བརྡ་ཐུང་ངུ་ཞིག་གྲགས་ཏེ་མཚམས་བཅད་སོང་།
ཐེངས་དེར་བདེ་སྐྱིད་ཀྱི་སེམས་སུ་འདི་ནི་ཅུང་རྒྱུན་ལྡན་མིན་པའི་སྣང་ཚུལ་ཞིག་རེད་སྙམ་ནས་ཁ་པར་གྱི་ཁ་ཕྱེས་ཏེ་བལྟས་པ་ན་ཐེངས་གཉིས་སུ་ཁ་པར་གཏོང་མཁན་གྱི་ཨང་གྲངས་གཅིག་ཡིན་པ་མ་ཟད་ཨང་གྲངས་དེའི་སྟེང་ནས་བརྡ་འཕྲིན་ཞིག་ཀྱང་འབྱོར་ཡོད། བརྡ་འཕྲིན་གྱི་ཁ་ཕྱེས་ནས་གཅིག་བལྟས་པ་ན། “ལྷ་ཡི་བུ་མོ་མི་ཡུལ་དུ་བབས་པ་ལྟ་བུའི་མཛེས་མ་བདེ་སྐྱིད་ལགས་སྔ་མོ་བདེ་ལེགས། ད་ལྟ་ག་རེ་གནང་གིན་ཡོད། ཕྲན་དང་གླེང་མོ་ཏོག་ཙམ་བྱེད་པའི་ཁོམ་ལོང་ཡོད་དམ། ཁྱེད་ལ་བརྡ་འཕྲིན་འདིས་ཐུགས་སེམས་བསུན་པོ་མི་བཟོ་བའི་སྨོན་ལམ་འདེབས།”ཅེས་པ་ཞིག་ཐོན་འདུག་ཡོད་ལ་ཨང་གྲངས་དེ་ནི་ཧ་ཅང་ཆ་མེད་ཅིག་རེད།
བདེ་སྐྱིད་ལོ་གསུམ་གྱི་སྔོན་དུ་གཉེན་སྒྲིག་བྱས་པ་ནས་བཟུང་སྐྱེས་པ་གཞན་དང་འབྲེལ་བ་འཛིན་མ་མྱོང་བ་མ་ཟད་འདི་ལྟ་བུའི་ཁ་པར་བརྡ་འཕྲིན་ཡང་བསྐུར་རེས་བྱས་པ་ཉུང་ཉུང་ཡིན། འོན་ཏེ་དེ་རིང་གི་བརྡ་འཕྲིན་འདིས་རང་གི་སེམས་པ་ལྷོད་པོར་མི་གཏོང་བའི་མི་མངོན་པའི་འཕྲུལ་ལྟ་བུ་ཞིག་གིས་སྒུལ་ཡོངས་བས་མོས་“སྔ་དྲོ་བདེ་ལེགས། ཁྱེད་རང་སུ་ཡིན། ང་ད་ལྟ་གཞུང་ལས་ཁང་དུ་ཐོན་མ་ཐག་ཡིན།”ཞེས་པའི་འཕྲིན་ལན་ཞིག་བཏང་། འོད་རྡོ་དངོས་གནས་མོ་ལ་དགའ་ནས་ལོ་ངོ་གཅིག་འགོར་ནའང་ཁ་ནས་ཕུད་མ་ཕོད་པར་ད་ལྟའི་བར་དུ་ལུས་པ་རེད།
མདང་ནུབ་གྲོགས་པོ་སྐོར་ཞིག་དང་མཉམ་དུ་སྤྲོ་སྐྱིད་ཇ་ཁང་དུ་བསྡད་དེ་ཁ་བརྡ་བྱས་པའི་གོ་རིམ་ཁྲོད་ཁོ་ལ་སྙིང་སྟོབས་འདི་ཐོལ་གྱིས་བྱུང་སོང་། གྲོགས་པོ་ཀ་བས།“རྒན་མོ་གཅིག་པུ་ལས་བུད་མེད་མ་བསྟེན་ན་རྒྱུན་དུ་རྩམ་པ་ལས་ཟས་སྣ་གཞན་གཅིག་ཀྱང་མ་ཟོས་པ་ལྟ་བུ་རེད། དངོས་གནས་བྲོ་བ་ཞིག་མི་འདུག” ཁ་བས།“ངས་མདང་ནུབ་མྱི་དྭངས་མར་﹙རང་གི་ཆུང་མའམ་ཟུར་བསྟེན་མར་འབོད་ཚུལ་ཞིག﹚སྐྱིད་པོ་བརྒྱབ་ནི་ཡིན་ཡ།”
ག་བས། “འཇིག་རྟེན་གཏམ་དཔེར།‘ཤ་ཚོས་རློན་གཉིས་ཀ་ཟ་དགོས། རོགས་ཡག་བཙོག་གཉིས་ཀར་འགྲོག་དགོས།’ཞེས་པ་ལྟར། རྒན་མོ་བླངས་རྗེས་ཀྱང་བུད་མེད་སུམ་ཅུ་ཡས་མས་ཞིག་ལ་འགྲོས་མྱོང་ཟིག”ཧ་ཧ་ཧ། ང་བས།“དོ་ནུབ་ངའི་གཅེས་ཕྲུག་མ་ཡོད་སར་འགྲོ་དགོས་པས་དུས་ཚོད་རིང་བོར་འདིར་འདུག་ཁོམ་མེད།” ཚང་མས།“ཁྱོད་དོ་ནུབ་དེ་འདྲའི་ལས་སླ་བོ་ཞིག་གིས་གཏོང་གི་མིན།”ཧ་ཧ་ཧ། ཧི་ཧི་ཧི།
བདེ་སྐྱིད་ཀྱིས་འཕྲིན་ལན་བསྐུར་ནས་སྐར་མ་གཅིག་ཀྱང་མ་འགོར་བར་ཕྱིར་འཕྲིན་ལན་ཞིག་ཐོན། “ང་ནི་ཁྱེད་ལ་ལྐོག་ཏུ་དགའ་ནས་ལོ་ངོ་དུ་མ་འགོར་བའི་ཕ་ཡུལ་གཅིག་པའི་མི་ཞིག་ཡིན། ཁྱེད་ཀྱིས་འདི་ལྟར་ཐད་ཀར་དྲིས་ན་ངས་སུ་ཡིན་དངོས་སུ་བཤད་པའི་སྤོབས་པའང་མི་འདུག ཐུགས་རྒྱལ་མ་བཞེངས། ཧི་ཧི།” འོད་རྡོ་ལ་འཕྲིན་ལན་འབྱོར་བས་དགའ་ཐག་ཆོད་དེ་ཁ་ཡག་ངོ་དགའི་སྐད་ཆ་མང་བོ་ཞིག་གཅིག་འཕྲོར་གཅིག་བྱས་ནས་བསྐུར། དེ་ལྟར་འོད་རྡོ་དང་བདེ་སྐྱིད་གཉིས་ཀྱིས་རང་རང་བཟའ་ཟླས་མི་ཤེས་ས་ནས་བརྡ་འཕྲིན་དང་གླེང་མོལ། འཕྲིན་ཕྲན་སོགས་རྒྱང་འཕྲིན་དང་། ངོ་ཐུག མགྲོན་འབོད། རྩེ་དགོད། མཉམ་ཉལ་སོགས་ཉེ་ཐུག་གིས་ཕོ་མོའི་འབྲེལ་བ་བཟུང་སྟེ་ཟླ་བ་འགའ་འགོར།
འོད་རྡོས་གསང་བའི་ལས་ཀ་དེ་མགོ་བརྩམས་པ་ནས་བཟུང་བཟའ་ཟླ་ལ་ཐེངས་དུ་མར་རྫུན་ལབ་དགོས་བྱུང་། རྫུན་ལབ་ཐེངས་རེ་རེར་སེམས་སུ་སྨྲ་མི་ཤེས་པའི་ཚོར་བ་སྐྱུར་བོ་རེ་སྦྱིན་འོང་། རང་གི་ཚེ་གཅིག་གི་སྐྱ་ཡར་འདི་ལྟ་བུའི་སྐད་ཆ་རྫུན་མ་ཞིག་བཤད་དགོས་པ་ནི་འདོད་ཆགས་ཀྱིས་བསླངས་པ་ཁོ་ན་ལས་གཞན་གང་ཡང་མ་ཡིན་ཏེ། ཁོ་རང་སྐྱེས་ནས་ད་ལྟའི་བར་གྱི་འཚོ་བའི་ཁོར་ཡུག་སྟེ། ཡུལ་མི་གཉེན་ཉེ་དང་། སློབ་གྲོགས། ལས་གྲོགས་སོགས་སུ་དང་གང་ལའང་རྫུན་སོགས་བྱ་བ་ངན་པ་ཞིག་བསྒྲུབས་མ་མྱོང་བས་ཁོ་རང་ནི་མི་རྩིས་ཚོད་ཅན་ཞིག་ཡིན། འོན་ཏེ་ད་ལྟ་ཁོ་རང་འདི་ལྟ་བུ་ཞིག་ཏུ་གྱུར་བས་སྐབས་དང་སྐབས་སུ་རང་གིས་རང་ལ་བློ་ཕམ་ཆེན་པོ་སྐྱེ་བཞིན་ཡོད་ཚོད་རེད། འདོད་ཆགས་ནི་རྩ་བའི་ཉོན་མོངས་པ་དྲུག་གི་ཡ་གྱལ་དུ་བགྲངས་པའང་དེ་ལས་མི་འདོད་པའི་ལས་མང་བོ་ཞིག་སྐྱེད་འོང་པའི་ལོས་ཡིན།
ཉིན་དེར་རྫོང་མཁར་གྱི་བག་གཡེང་ཇ་ཁང་དུ་འོད་རྡོ་དང་ཁོའི་གྲོགས་པོ་སྐོར་ཞིག་མཉམ་དུ་འཛོམས་ཏེ་ཉེ་བའི་ལོ་འདི་འགའི་ནང་དུ་རྫོང་མཁར་འདིར་རྒྱུན་ལྡན་མིན་པའི་ཕོ་མོའི་འབྲེལ་བ་ལས་བསླངས་པའི་དོན་རྣམས་ལ་སྤྱི་སྡོམ་ཞིག་བྱས། ཁ་བརྡའི་ཁྲོད་ནས་ཕོ་མོ་གང་མང་ཞིག་ལ་མཚན་མའི་ནད་ཕོགས་སྟེ་“སྡུག་གཞན་གྱིས་མི་ཤེས་ལྷམ་ནང་གི་རྡོ་ལུ།”ཞེས་པའི་དཔེ་ལྟར་གྱུར་བ་དང་། བཟའ་འཁོན་ཆེ་མ་ཆུང་གསུམ་བརྒྱུད་མར་བྱུང་བ། བཟའ་ཟླ་གཉིས་ཀ་ཁོག་རྡུང་ནས་གཞན་གྱི་ལག་ནས་བཤགས་པ་ལེན་པ། སྐྱེས་པས་ཟུར་བསྟེན་ཆུང་མར་རྒྱུ་ནོར་གྱི་འགྲོ་སོང་ཧང་སང་བ་བཏང་བ། ཆང་འཐུང་རྗེས་ཟུར་བསྟེན་ཆུང་མ་རླངས་འཁོར་སོགས་སུ་བཞག་སྟེ་འཁོར་བགེགས་ཐེབས་པ་སོགས་རྐྱེན་ངན་ལུང་བ་གང་མིག་མཐོང་ལག་ཟིན་དུ་བྱུང་བཞིན་ཡོད་པས་ཁོ་ཚོའི་ནང་གི་གྲོགས་པོ་རེ་གཉིས་ཀྱིས་དེ་རིང་ནས་བཟུང་སྟེ་ཕོ་མོའི་འབྲེལ་བ་གང་བྱུང་དུ་མི་འཛིན་ཞེས་དམ་བཅའ་འདྲ་བོ་རེའང་བཞག་སོང་མོད། འོད་རྡོས་ནི་ཁ་མ་གྲགས།
འོད་རྡོ་བརྙན་འཕྲིན་ལས་གྱོད་དོན་ཐག་གཅོད་ཀྱི་སྐོར་ལ་བལྟ་རྒྱུར་དགའ་ལ་ལྷག་པར་དུ་ཀྲུང་དབྱང་འཕྲིན་ལམ་བཅུ་གཉིས་པའི་ཁྲིམས་འགལ་གྱི་སྐོར་ལ་བལྟ་རྒྱུར་ཤིན་ཏུ་དགའ། ཁོས་ཉིན་རེ་རེའི་ཁྲིམས་འགལ་གྱོད་དོན་ཐག་གཅོད་དག་ལ་བལྟས་ཀྱིན་བལྟས་ཀྱིན་ཤ་གསེང་ལ་ཚ་ཤད་བསྟུད་མར་རྒྱུག་འོང་། གྱོད་དོན་དེ་དག་གི་བརྒྱ་ཆའི་ལྔ་བཅུ་ནི་ཁྲིམས་མཐུན་མིན་པའི་ཕོ་མོའི་འབྲེལ་བ་བཟུང་བ་ལས་བྱུང་བ་ཤ་སྟག་ཡིན་ལ། དེ་ལས་མི་ཤི་ཁྱིམ་སྟོང་། སྲོག་ཁྲིམས་ཚེ་བཙོན། དཔལ་འབྱོར་གཏོར་བརླག་སོགས་མི་འདོད་སྣ་དགུ་སློང་བཞིན་ཡོད་པས་བདེ་སྐྱིད་དང་འབྲེལ་བ་གཅོད་པའི་དམ་བཅའ་ཐེངས་འགར་བཀོད་ནའང་། ད་ལྟ་ཁོ་གཉིས་ཀྱི་བར་ལའང་བརྩེ་དུང་མི་དམན་པ་ཞིག་ཆགས་ཟིན་པས་ལས་སླ་བོས་འབྲེལ་ཐག་གཅོད་མ་ཐུབ།
ཐེངས་དེར་བདེ་སྐྱིད་ལས་ཁུངས་ཀྱི་མངག་བཀོད་ལྟར་རྒྱ་ནག་གི་གྲོང་ཁྱེར་ཁྲུན་ཏུའུ་རུ་འགྲོ་དགོས་བྱུང་། མོ་དང་འོད་རྡོ་གཉིས་ལ་མཚོན་ན་དེ་ནི་མཛའ་འབྲེལ་གྱི་གོ་སྐབས་ཆེས་ལེགས་པོ་ཞིག་ཐོན་པ་མ་ཡིན་ནམ། འོད་རྡོས་ལས་ཁུངས་ལ་ཉིན་འགའི་གནང་བ་ཞུས་ཤིང་བཟའ་ཟླར་གཞུང་དོན་དུ་འགྲོ་དགོས་ཚུལ་གྱི་རྫུན་ལབ་སྟེ་ཁྲུན་ཏུའུ་རུ་བུད་སོང་། ཁོ་རང་གཉིས་ཞག་གསུམ་ལ་སྤྲོ་སྐྱིད་འཇིག་རྟེན་རྩེ་དགའི་དཔལ་དུ་རོལ་རྩིས་ཡིན་ཞིང་ཞག་གཉིས་པར་མུན་རུབ་རྗེས་ཕྱི་ལ་སོང་ནས་ནུབ་ཟས་ཟོས་པ་དང་དེ་ནས་གར་ཁང་ཞིག་ཏུ་སོང་སྟེ་བྲོ་གར་ལ་ཡིད་ཚིམ་པ་ཞིག་རོལ་རྗེས་མགྲོན་ཁང་དུ་ལོག ནང་དུ་ལོག་མ་ཐག་ཏུ་ཕྱོགས་གཉིས་ཀར་ཆགས་སེམས་ཀྱི་རྦ་རླབས་ཀུན་ནས་གཡོས་ཏེ་སྒོའི་ནང་ཟྭའང་རྒྱག་རྒྱུ་བརྗེད་དེ་ལམ་སང་འཁྱུད་སྦྱོར་གྱི་ལས་ལ་ཞུགས། ཕྱོགས་གཉིས་ཀའི་མགྲིན་པ་ནས་གང་བྱུང་གི་སྒྲ་འབྱིན་བཞིན་པའི་སྒང་ལ་གློ་བུར་དུ་སྒོ་ཕྱེས་ཏེ་མི་ཞིག་གིས་འོད་རྡོའི་མགོ་ལ་མུན་རུབ་པ་ལྟ་བུའི་རྡུང་རྡེག་ཐེབས་པ་དང་བདེ་སྐྱིད་ལའང་རྡུང་རྡེག་མི་ཉུང་བ་ཞིག་ཐེབས། མཚན་མོ་དེར་ཉེན་སྐྱོབ་རླངས་འཁོར་གྱི་སྒྲ་དང་ཉེན་རྟོག་མི་སྣ། ལྟད་མོ་བའི་མི་ཚོགས་སོགས་མགྲོན་ཁང་གི་སྒོ་ཕྱི་ནང་ཀུན་དུ་ཟིང་ཟིང་ལོང་ལོང་དུ་གྱུར།
འོད་རྡོ་བརྒྱལ་བ་ལས་སད་པ་ན་སྨན་ཁང་དུ་ཡོད་ལ་རྨས་སྐྱོན་ཚབས་ཆེན་ཕོགས་འདུག་ཅིང་ད་གཟོད་མདང་ནུབ་ཅི་ཞིག་བྱུང་སོང་བའི་དོན་དག་རིམ་བཞིན་ཀླད་པའི་རྩ་ཕྲན་རེ་རེ་ལས་མག་མོག་གིས་བརྡ་བསྐྱལ་བྱུང་། འོད་རྡོ་སྨན་ཁང་དུ་ཟླ་གཉིས་ལྷག་ལ་བསྡད་དེ་ཕྱིར་བུད་ནའང་དུས་དེ་ནས་བཟུང་མིག་ཡས་ཞར་བར་གྱུར་བ་དང་མི་ཁས་གནོན་ཤུགས་རི་འདྲ་བ་ཞིག་གིས་མི་ཚེ་ལ་འོད་སྣང་མེད་པར་བྱས། དོན་དག་དེས་རྐྱེན་པའི་རང་ལ་ཕ་མ་ལྟར་ཤ་ཚ་ཞིང་སྙིང་ཉེ་བའི་བཟའ་ཟླའང་ཁོ་དང་བྲལ་ཏེ་གཉེན་འཐོར་བྱུང་།
༢༠༡༣ལོའི་སྤྱི་ཟླ་༥བའི་ནང་དུ་ཕ་ཡུལ་ནས་བྲིས།
༼ན་གཞོན་གསར་བ་ལས་དྲངས།༽
སྒྲུང་ཐུང་བྱིས་པ་མགོ་འཁོར་བྱེད་ཅིག་འདུག ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་རིགས་ཇི་ཙམ་ཡོད་དམ།
ཕོ་གསར་ཚོ། གསེར་གྱི་སྟ་རེ་ཆུང་ཆུང་སེམས་ཆུང་བྱོས་ན་མ་གཏོགས་ཆད་ཡོང་། ཧཧཧཧཧ
ཧ་ཧ་ཧ་སྙན་པོ་འདུག།
(བོད་ཀྱི་དུས་བབ། ནང་གནས་ཚུལ་འདི་འདྲ་ཞིག་འདུག) ལི་ཐང་དགོན་ཆེན་ལ་མེ་སྐྱོན་བྱུང་ཡོད་འདུག
(ལི་ཐང་དགོན་ཆེན་ལ་མེ་འབར་འདུག་ཞེས་བཀོད་ན་ལེགས།)
འདོན་སྤེལ། ༢༠༡༣/༡༡/༡༦
ད་ལྟ་རང་འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་དགོང་དྲོའི་བོད་ནང་གི་ཆུ་ཚོད་ ༡༠།༤༠ ཙམ་ལ། ཁམས་དཀར་མཛེས་ཁུལ་ལི་ཐང་རྫོང་ལི་ཐང་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་ཡོད་པ་དང་། དགོན་པའི་གྲྭ་མང་གིས་མེ་གསོད་ཐབས་བྱེད་ཀྱི་ཡོད་ཀྱང་། མེ་ཤུགས་ཧ་ཅང་ཆེ་བའི་དབང་གིས་མེ་སྐྱོན་གྱི་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག མེ་སྐྱོན་ཐོག་མར་ཇི་ལྟར་བྱུང་མིན་དང་། ད་ལྟ་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཐུབ་མ་སོང་བས། གནས་ཚུལ་འཐོན་རིམ་བཞིན་ཇེ་རྒྱས་སུ་གཏོང་རྒྱུ་ཡིན།
ལི་ཐང་དགོན་ཆེན་གྱི་ལོ་རྒྱུས་རོབ་ཙམ་རིག་འཛོད་དྲ་བར་འཁོད་པའི་ནང་། “ ལི་ཐང་དགོན་ཆེན་འདི་ལ་དགོན་མ་ལག་བརྒྱ་དང་བཅུ་གསུམ་ཞེས་ངག་རྒྱུན་ཞིག་ཡོད་ཀྱང་ད་ལྟ་རེ་རེ་ནས་བརྙེད་དཀའ་ཙམ་སྣང༌། དེང་སང་ལི་ཐང་དགོན་ཆེན་ཞེས་གྲགས་པ་འདི་རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱི་ལོ་ ༡༥༨༠ ལྕགས་ཕོ་འབྲུག་གི་ལོར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་དོན་ཁོ་ནར་གཟིགས་ནས་ཡུལ་འདིར་ཞབས་སོར་བཀོད། འཇང་ས་དམ་རྒྱལ་པོས་དགོན་པ་འདེབས་པའི་འུར་ལག་དང༌། ཤིང་བཟོ་སོགས་འབུལ་རྒྱུའི་འགན་ལེན་ཞུས་པ་དང་དགའ་ལྡན་ཕོ་བྲང་ནས་དབུས་གཙང་གི་རྡོ་བཟོ་དང༌། ཤིང་བཟོ། ལྕགས་དང༌། ཟངས། གསེར། དངུལ་སོགས་ཀྱི་བཟོ་པ་དང༌། བལ་བོའི་ལྷ་བཟོ་སོགས་གཏོང་གནང་མཛད་དེ་བདེ་བར་འབྱོར།
ལོ་དེའི་ཟླ་ ༥ ཚེས་ ༡༢ ཉིན་ནས་གཙུག་ལག་ཁང་རྟེན་དང་བརྟེན་པའི་ལས་གྲྭ་དབུ་འཛུགས་གནང༌། དེ་ཡང་གཙུག་ལག་ཁང་ཀ་བ་བཅོ་བརྒྱད་དང༌། འདུ་ཁང་ཆེན་མོ་ཀ་བ་བརྒྱད་ཅུ་གྱ་གཉིས། མགོན་ཁང་ཀ་བ་བཞི། གཟིམས་ཁང་ཀ་བརྒྱད། གཟིམས་ཆུང་དབེན་ཀ་བ་དྲུག་ཅན་ལ་སོགས་པ་རྣམས་དང༌། རྒྱུ་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་པཱུའི་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་ སོགས་རྟེན་དང་བརྟེན་པའི་རྨང་ལེགས་པར་བཏིང་སྟེ་དགོན་པའི་མཚན་ཡང་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་ྋརྒྱལ་བའི་སྡེ་ཞེས་བསྩལ། དེ་ནས་གོ་བོ་དཔོན་གྱིས་གདན་ཞུ་དོས་དྲག་པས་ལི་ཐང་དགོན་པའི་མཇུག་རྣམས་སྐུ་སྐྱེ་རིན་པོ་ཆེ་བསོད་ནམས་ཡེ་ཤེས་དབང་པོ་ལ་བཀའ་མངགས་གནང་ནས་ཧོར་ཟླ་ ༡༡ ནང་ཆིབས་ཁ་ནུབ་ཏུ་བསྒྱུར། དགོན་ཆེན་འདིའི་མཁན་རབས་དང་པོ་རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་དང༌། གཉིས་པ་སྐུ་སྐྱེ་བསོད་ནམས་ཡེ་ཤེས་དབང་པོ་ནས་བཟུང་ད་ལྟ་བར་དུ་མཁན་རབས་དགུ་བཅུ་ལྷག་ཙམ་བརྩི་སྲོལ་འདུག” ཞེས་བཀོད་འདུག
གཅར་རྡུང་གཏོང་མཁན་དང་གཏོང་དགོས་ཅི་ཡིན་ནམ།
གཅར་རྡུང་ཕོག་དོན་ནི་གཞན་གྱི་ཆུང་མ་རྐུ་འཕྲོག་བྱས་པ་དང་། རང་གི་ཆུང་མར་ཚུལ་མིན་མགོ་སྐོར་བཏང་བས་རེད། དེར་བརྟེན་གཅར་རྡུང་གཏོང་མཁན་ནི་སུ་ཡིན་མ་བརྗོད་ཀྱང་ལོས་ཤེས། ཧཧཧ