དུར་བྱང་།
ཉེ་བའི་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་རྫོང་(རྫོང་འདིའི་མིང་ལ། ཡུལ་རྒན་རྫོང་། གཡུ་སྒང་རྫོང་ཞེས་ཀྱང་ཟེར། 1954 ལོར་དབུ་བརྙེས།)བཙུགས་ནས་ལོ་རྒན་ཧྲུལ་བོ་ 60 འཁོར་བའི་དགའ་སྟོན་གྱ་ནོམ་པ་ཞིག་གཙོ་སྒྲུབ་གནང་སྟེ། བདེ་ལེགས་ངང་མཇུག་བསྒྲིལ་ཡོད་པའི་གནས་ཚུལ་དྲ་ལམ་ནས་མཐོང་རྒྱུ་བྱུང་བས་ཨེན་ཙམ་དགའ་བོ་བྱུང་། ཕྲན་པའི་ལྟེ་ཁྲག་གི་རྒྱུ་བའང་གནས་དེ་རུ་འཐོར་བ་ཡིན་པས་ཞེན་ཁོག་ཐོ་རེ་ལོང་ལེ་བ་ཞིག་ཀྱང་ཡོད་སེམས་ཐག་ཡིན། རེད་དེ། ཡུལ་ངོས་ཀྱི་པར་རིས་དགོད་བྲོ་བ་དེ་དག་ཕན་ཚུན་འགྲན་པའི་ཚུལ་དུ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་ཙ་ན། ཨ་ཙི“བདེན་པ་ཡིན་ནམ། བདེན་པ་ཡིན་ནམ།” ཞེས་རང་གིས་རང་ལ་དྲི་བ་དྲིས་པའི་ཆིག་ལབ་འགའ་དབང་མེད་དུ་ངག་ནས་ཐལ།
མ་གཞི་མི་རིགས་དང་རྒྱལ་ཁབ་ལ་དུང་ཞེན་ཆེ་བའི་མཚོན་རྟགས་གང་དང་ཅི་མཆིས་པ་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་མངོན་པར་བྱེད་པ་ལ་ནི་དགའ་འོས་པའི་གཏམ་བཟང་ཞིག་ཅི་ལ་མིན། རེད་མོད། ཁྱེད་ཅག་གི་རྣམ་འགྱུར་རྩིང་བོ་དེ་བསམ་གཞིག་གི་བློ་ལས་བྱུང་བ་ཨེ་ཡིན། ཁྱེད་ཅག་གི་པར་རིས་མངོན་གསལ་ཅན་དེ་དག་ལར་ཞེན་གྱི་སེམས་ལས་བྱུང་བ་ཨེ་ཡིན།
ལོ་འགའི་སྔོན་ལ། གནས་ཚུལ་འདི་འདྲ་ཞིག་བྱུང་སྐད་ཐོས། དགྱ་ནག་གི་དཔོན་རིགས་ག་གེ་མོ་ཞིག་གིས་”ཁྱེད་ཅག་རྨ་ལྷོ་སོག་རྫོང་འདི་གཞན་དང་གཏན་ནས་མི་འདྲ་བར་འཛམ་གླིང་ན་འགྲན་ཟླ་བྲལ་བའི་ཇུང་གར་རྒྱལ་བོའི་གདུང་རྒྱུད་རེད།” ཅེས་བསྔགས་བརྗོད་དཔེ་མེད་གནང་རབས་ཟེར། གནས་ཚུལ་འདི་བདེན་པ་ཡིན་ནམ། ཕལ་ཆེར་བདེན་ཤས་ཆེ་སྟེ། དགྱ་ནག་གཞུང་གི་གཡོ་ཇུས་ལ་ཚད་དང་མཐའ་ཟེར་བ་ཞིག་ཁྱོན་ནས་ཡོད་པ་མ་རེད། འུ་ཅག་ལ་རྒྱུས་མངའ་ཡོད་པ་ལྟར། ཁོ་བ་ཚོའི་སྲིད་ཇུས་ཀྱི་དམིགས་འབེན་ནི་ག་རེ་ཡིན་ནམ། མི་རིགས་ནང་ཁུལ་གཏོར་བཤིག་དང་འགལ་ཟླ་བཟོས་ཏེ་ང་ཅག་ལ་ཤིན་ཏུ་མཁོ་ཞིང་ཁོ་བ་ཚོར་རབ་ཏུ་གནོད་པའི་ཆིག་སྒྲིལ་དང་དཔང་སྒྲིག་གི་ནུས་པ་ཡོད་ཚད་རྩ་རྫོགས་བྱ་རྒྱུ་དེ་རེད།
གོ་སྐབས་གང་དུ་ཡོད་ན་དེ་ལ་ལག་པ་འཇུས་ཏེ་བདེན་ཅོག་ཅོག་གི་གཏམ་རྒྱུད་སྙན་པོ་རེ་བཤད་ཀི་རེད་ལ། ཤ་ཐང་ཐང་གིས་འབད་པ་མང་བོ་ཞིག་བསྟེན་གི་རེད། རེད་དེ། ཆབ་སྲིད་ཀྱི་གོ་རྟོགས་ཞན་ལ་གཡོ་སྒྱུ་ལ་བྱང་ཆ་དབེན་པའི་ང་ཅག་གིས། གང་ལ་ལར་ཞེན་ཡོད་མདོག་གིས་གཞོགས་འུར་བསླངས་ཏེ། ཁྱོད་ངར་ང་ངར་གི་དཔའ་གཏམ་འཐེན་གི་རེད། འུ་ཅག་སུ་ལའང་མངའ་བའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་བཟང་བོ་རྒྱབ་ཏུ་བཞག་སྟེ་ཐོལ་བྱུང་གི་ཚོར་བ་དག་དང་དུ་བླངས་པའི་ཉེར་ལེན་ལ་བརྟེན་ནས། ད་གཟོད་དགྱ་ནག་གི་གཡོ་ཇུས་ལ་འབྲས་བུ་སྨིན་ཞིང་ཡལ་ག་རྒྱས་བཞིན་པ་ནི་མིག་ཏུ་གསལ་བ་འདི་ག་ལགས།
མཚམས་འདིར་ང་ཚོས་ལོ་རྒྱུས་ལ་རྒྱུས་ལོན་ཅུང་ཙམ་བྱ་དགོས་ཡོད། མི་དང་མི་ལ་ལོ་རྒྱུས་ཀྱི་དཔང་བོ་མེད་ན་ཁས་མི་ལེན་པའི་གོམས་གཤིས་ཤིག་སྔ་མོ་ནས་ཡོད། བོད་དང་བོད་མི་ལ་དཔང་བོ་བསྟན་ནའང་ད་དུང་ཨུ་ཚུགས་བྱེད་པའི་བསམ་བློ་རྫོབ་པོ་ཞིག་ཡོད་པ་འདྲ་མོད། གནས་ལུགས་ཀྱིས་བཅུམས་པའི་གཏན་ཚིགས་འགའ་བཀོད་པ་ལ་གཞར་ཡང་མི་སྐྱོན་སྙམ། གནད་དོན་དེར། འདས་པའི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན་ད་གཟོད་ངེས་ཤེས་འདྲོངས་ཐུབ་པ་ཡིན། ལོ་རྒྱུས་ཁྲོད་དུ་བྱུང་མྱོང་བའི་གནད་དོན་རེ་འགའ་བོད་མི་ཚོར་མཚོན་ན་བསམ་ཡུལ་ལས་འདས་ཤིང་བློ་ཡིད་དུ་མི་ཤོང་བ་ཤ་སྟག་ཡིན་པ་རེད།
༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་༸པཎ་ཆེན་སྐུ་ཕྲེང་དགུ་བ་གཉིས་ཀའི་བར་ལའང་ཛ་དྲག་ཅན་གྱི་འགལ་ཟླ་ཞིག་བྱུང་མྱོང་སྟེ། གསལ་བོར་བཤད་ན། དཔལ་འབྱོར་གྱི་གནད་དོན་ལས་འཕྲོས་པའི་འགལ་བ་རྣོ་ངར་ཅན་ཞིག་ཡིན་པ་རེད། དེ་ནི་རང་དགར་མི་སྣ་བྱེ་བྲག་པ་གཉིས་ཀྱི་འགལ་ཟླ་མ་ཡིན་ལ། གཙང་བཀྲ་ཤིས་ལྷུན་པོ་དང་བོད་གཞུང་བར་གྱི་རྙོག་འཛིང་འཇིགས་ཡེར་བ་ཞིག་རེད། སྐྱི་གཡའ་བ་ཞིག་རེད། བསམ་མི་ཕོད་པ་ཞིག་རེད། སྐད་ཆ་དོན་པོ་ནི་མཐར་༸པཎ་ཆེན་རིན་པོ་ཆེ་དགྱ་ནག་གི་སྲུང་སྐྱོབ་བྱ་དགོས་པ་ག་རེ་ཡིན་ནམ། ཁོང་རང་ཡུལ་ལ་ཕེབས་ནའང་དགྱ་ནག་གི་དམག་དཔུང་རྗེས་འདེད་བྱ་དགོས་པའང་ག་རེ་ཡིན་ནམ།
གཞན་དུ་ན། ཨ་འབྲུག་དགོན་པོ་བཀྲ་ཤིས་ཀྱིས་གསར་དུ་(1958 ལོར་དབུ་བརྙེས།)བཙུགས་པའི་<<ཆུ་བཞི་སྒང་དྲུག>>ནི་ཆེས་གཉན་འཕྲང་ཆེ་བའི་སྐབས་དེར་བོད་མི་ཚོའི་སྟོབས་ཤུགས་གཅིག་ཏུ་སྤུངས་སའི་ཆིག་སྒྲིལ་གྱི་གོང་བུ་ལྟ་བུ་ཞིག་ཆགས་པ་རེད། དགྱ་ནག་གིས་དེ་མ་ཐག་ཏུ་དེའི་ཁ་གཏད་ཀྱི་ཚོགས་པ་ཞིག་་གསར་དུ་བཙུགས་ཏེ། ཨ་འབྲུག་གིས་བཙུགས་པའི་ཚོགས་པ་དེར་མི་དམངས་ཀྱིས་ངོ་རྒོལ་བྱེད་པའི་སླད་དུའམ། ཡང་ན་དེའི་སྟོབས་ཤུགས་དང་ནུས་པ་ཉམས་དམས་སུ་འགྲོ་ཆེད་དུ་བོད་ཀྱི་སྤྱི་ཚོགས་ཁྲོད་སྐྱུག་བྲོ་བའི་བྱ་སྤྱོད་མང་དུ་སྤེལ་བ་རེད་ལ། ཏག་ཏག་ང་ཚོ་གཡོ་འོག་ཏུ་ཚུད་དེ། མཐར་གཞིས་བྱེས་གཉིས་སུ་གྱེས་པའི་སྐྱོ་གར་གྱི་གནས་བབ་འདི་འདྲ་ཞིག་བྱུང་བ་མ་ཡིན་ནམ།
དེང་སྐབས། དོལ་རྒྱལ་ཚོགས་པའི་གནད་དོན་དེ་ཅུང་ཛ་དྲག་ཆགས་བསྡད་པ་རེད། ལར་དོལ་རྒྱལ་དང་འབྲེལ་བའི་གཏམ་གླེང་དག་ཆོས་ལུགས་ནང་ཁུལ་སྲུང་མ་བསྟེན་ཕྱོགས་ཀྱི་གནད་དོན་བག་རེ་བ་ཞིག་ལས་ཆབ་སྲིད་ལ་འབྲེལ་བ་ཏིལ་ཙམ་ཡང་མེད་མོད། རིམ་བཞིན། ཆུང་བ་ཆེ་བ་དང་། ཆེ་བ་ཛ་དྲག་གི་ངོ་བོར་འཕོས་ཏེ། ད་ཆ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་གྱུར་བ་ནི་དགྱ་ནག་གཞུང་གིས་རྐང་བཙུགས་ཏེ་སྤེལ་བའི་གཡོ་ཇུས་རེད་ལ། དེའི་དམིགས་ཡུལ་ཡང་གོང་སྨོས་ལྟར་ཤིན་ཏུ་གསལ་བོ་རེད། མ་གཞི་ལྷ་མེད་སྨྲ་བའི་སྲིད་གཞུང་ཞིག་གིས་ཆོས་ལུགས་དང་འབྲེལ་བའི་གནད་དོན་དག་ལ་ཇུས་གཏོགས་བྱ་དོན་ཅི་ཞིག་ཡིན་ནམ། ཁོ་བ་ཚོས་དོལ་རྒྱལ་ཚོགས་པར་འགེམ་སྲུང་བྱ་དོན་ཡང་ཅི་ཞིག་ཡིན་ནམ།
ལོ་རྒྱུས་ཀྱི་སྐྱོ་གར་ཚན་པ་གསུམ་དྲངས་ཏེ་ཡང་སྙིང་ཞུ་འདོད་པ་ནི། གཡམ་རྒྱུགས་དང་ཧོལ་རྒྱུགས་ཙམ་པས་ཅི་ཡང་རྔོ་ཐོགས་ཀི་མ་རེད། གཞན་གྱིས་ཅི་བཤད་ལ་མི་བལྟ་བར་ཅི་བྱེད་ལ་བལྟ་དགོས་པའི་གཞེན་སྐུལ་ནན་གྱིས་ཞུ་གི་ཡོད། གོ་ཚོད་ལ། རྨ་ལྷོ་རྫོང་གི་དགའ་སྟོན་ཐོག་སོག་ལྭ་གྱོན་མཁན་ཡོད་ན་བྱ་དགའ་སྤྲོད་ངེས་ཡིན་ཞེས་རྫོང་གི་དཔོན་རིགས་འགའ་ལ་ལབ་འདུག་ཟེར། དེ་སྔ། བོད་ཀྱི་ས་ཆ་གང་སར། དེ་དང་དེ་མཚུངས་ཀྱི་དགའ་སྟོན་རབས་དང་རིམ་པ་མང་བོ་ཚོགས་པ་རེད་མོད། སྐབས་དེར། བོད་ལྭ་གྱོན་ན་བྱ་དགའ་སྤྲོད་ངེས་ཞེས་ལབ་དགོས་པ་འདྲ་ལ་མ་ལབ་པ་ཅིའི་ཕྱིར། འདི་དག་ཆབ་སྲིད་ཀྱི་གཡོ་ཇུས་མིན་ན་ཅི་ཡིན། ཞིབ་ཏུ་སོམས།
ས་གནས་རེ་འགར། ཝ་ཞྭ་དང་གཟིག་སྲམ་སོགས་ངེས་པར་དུ་གྱོན་དགོས་པའི་བཙན་སྐུལ་ཡང་བྱས་ཡོད་ཚོད། འུ་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུར་གྱུར་བའི་༸གོང་ས་མཆོག་གི་གསུང་དང་འགལ་བའི་བྱ་ལས་ཀུན་པོ་མི་འདོད་ནའང་བཙན་སྐུལ་བྱ་དོན་ག་རེ། འདིས་ནང་ཁུལ་དཀྲིག་འདོད་མིན་ན་ཅི་ཡིན། ཤིན་ཏུ་གསལ་བོ་རེད།
ད་ལྟའི་ཆར། རྨ་ལྷོ་རྫོང་གི་མི་མང་བོ་ཞིག་གིས་ང་སོག་པོ་ཡིན་ཁོ་ཡང་སོག་པོ་ཡིན་ཟེར་གི་ཡོད་ས་རེད། འདིའི་ཁྲོད་དུ་རྒན་རབས་པ་རེ་ཟུང་ཞིག་ལས་ཕལ་མོ་ཆེ་ཤ་དར་ཁྲག་དར་གྱི་ན་གཞོན་རྐྱང་པ་ཡིན་ས་རེད། གཞན་གྱི་རྗེས་འདེད་ལ་གོམས་ཤིང་ཅི་བཤད་ལ་ཡིད་ཆེས་སླ་བའི་འབྲོག་པ་མང་བོ་ཡོད་རབས་ཐོས་ལ། ཆབ་སྲིད་ཀྱི་གོ་རྟོགས་ཞན་ཞིང་ཅི་ཟེར་ལ་འདང་རྒྱག་མེད་པའི་གྲྭ་བ་ཡང་ཡོད་པར་སྐད།
རེད་དེ། ཕྲན་པས་སོག་པོ་ངན་རབས་དང་བོད་པ་བཟང་རབས་ཀྱི་གཡོན་ཐལ་ཆེ་བའི་སྐད་ཆ་ལར་ནས་བཤད་ཀི་མེད། སེམས་བསམ་པའི་གཏིང་ནས་<<མི་རིགས་རིང་ལུགས་ཀྱི་ལྟ་བ་>>མངོན་དུ་བྱེད་ཀྱིན་ཡོད་ན་ང་དེ་ལ་མི་དགའ་གང་ལ་དགའ། འོན་ཏང་། གང་ཞིག་གི་ངན་ཇུས་དང་མགོ་སྐོར་འོག་ཏུ་ཚུད་མེད་འགྲོ་སྙམ་པ་ནི་ཁོ་བོའི་བསམ་གཞིག་གི་ལྟེ་བ་ཡིན་ལ། རྩོམ་ཐུང་འདིའི་འབབ་ས་ཡང་ཡིན།
མ་གཞི། མི་རིགས་གང་དང་གང་ཡིན་ན་དེ་དང་དེ་ཡིན་པའི་འཇོག་བྱེད་ཅིག་ངེས་པར་དགོས་པ་ཡིན། རྒྱལ་ཕྱི་ནང་གི་མཁས་པ་ཕལ་མོ་ཆེས་འདི་ལྟར་གསུང་གི་རེད།
1 སྐད་ཡིག།
2 བསམ་པའི་འདུ་ཤེས།
3 སྡོད་གནས།
4 དཔལ་འབྱོར་གྱི་ལམ་ལུགས། ཞེས་མི་རིགས་འཇོག་བྱེད་ལ་ཆ་རྐྱེན་རྣམ་པ་བཞི་དགོས་པར་བཤད། ནན་གྱིས་གཟིགས་དང་རྨ་ལྷོ་རྫོང་གི་གསར་བུ་ཚོ། འདི་ལས་ཁྱེད་ཅག་སོག་པོ་ཡིན་པའི་སྒྲུབ་བྱེད་འདྲ་རྙེད་སོང་ངམ། ཁ་ནང་ལ་འཁོར་ཏེ་རང་གི་འགྲོ་འདུག་སྤྱོད་གསུམ་ལ་ཞིབ་འདང་རྒྱོབས། མི་ལོ་དུ་མ་འདས་པའི་ཡར་སྔོན་དུ། རྨ་ལྷོ་རྫོང་གི་མི་སྣ་ཁག་ཅིག་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸ཞིང་གཤེགས་དམ་པ་རྗེ་དགེ་འདུན་རྒྱ་མཚོ་(རྨ་ལྷོ་རྫོང་ནས་སྐུ་འཁྲུངས།)ཚང་ལ་སོག་པོ་ཡིན་མིན་སྐོར་བཀའ་འདྲི་ཞུས་པ་རེད་ཟེར། དམ་པ་གང་གིས། “ང་ནི་བོད་ཡིན་པ་ལས་སོག་པོ་མིན། ངའི་སྟེང་ན་སོག་པོ་ཡིན་པའི་སྒྲུབ་བྱེད་ཅི་ཡང་མེད། ཁྱེད་ཚོ་བོད་དང་སོག་པོ་གང་ཡིན་ངས་མི་ཤེས།” ཞེས་ལན་བཏབ་པ་རེད་ཟེར། རྣ་བ་བློགས་དང་། བསམ་བློ་ཐོངས་དང་།
དེང་སང་རུས་རྒྱུད་ཀྱི་སྒོ་ནས་མི་རིགས་དབྱེ་འབྱེད་བྱ་དགོས་པའི་ལྟ་ཚུལ་འདོན་མཁན་ཤིན་ཏུ་ཉུང་ཉུང་ཡིན། དེའང་ཅི་ཁག་སྟེ། ཕན་ཚུན་འགྲོ་འོང་མ་བྱས་པའི་མི་རིགས་ཤིག་གང་དུ་ཡོད། བོད་ལ་མཚོན་ན། དགྱ་ནག་གི་<<ལྕགས་ཕག་ལོའི་གསར་བརྗེ>>བྱུང་(1912)བའི་སྔ་གཞུག་ཏུ་བོད་ས་ནས་དགྱ་མི་ཡོད་ཚད་ཕྱིར་ཕུད་བྱས་པའི་རྫོགས་ལྡན་གྱི་བསྐལ་བཟང་ཞིག་མངོན་དུ་གྱུར་བ་རེད། སྐབས་དེར་ཕྱིར་རང་ཡུལ་དུ་ལོག་མ་ཐུབ་པར་བོད་པ་དང་ལྷན་དུ་གཉེན་སྒྲིག་བྱས་པའི་རྒྱ་བལ་གྱི་མི་མང་བོ་ཡོད་ལ། དགྱ་མི་ཡང་མང་བོ་ཡོད་པ་རེད། དེང་སང་དེ་དག་གི་རིགས་རྒྱུད་མེད་པ་མ་རེད་མོད། རིམ་བཞིན་བོད་པ་ཆགས་པ་རེད། དེ་བཞིན། སོག་པོ་གནས་སྡོད་བྱེད་སའི་ས་གནས་རྨ་ལྷོ་རྫོང་གཅིག་པོ་མ་ཡིན། ཁམས་ཕྱོགས་ནའང་ཏྲེ་ཧོར་དང་སོག་རྫོང་གཙོས་མང་བོ་ཡོད་ཚོད་འདུག་པས་ག་ལེར་སོམས་དང་། ཧ་གོ་ཡོང་གི་རེད།
ད་ཆ། ང་ཚོ་སུ་ཡིན་རུང་གང་ཞིག་གིས་འཆུམས་ཤིང་འཆུམས་ཏེ་ཡོད་པ་ཡིན། སྐབས་འདི་འདྲ་ཞིག་ལ། ལས་དབང་གཅིག་པའི་ང་ཚོས་ཆིག་སྒྲིལ་གྱི་ནུས་པ་སྐྱེད་སྲིང་བྱ་འོས་པ་ལས་ཅོལ་ཆུང་གི་བྱ་ལས་འར་པོ་དག་གི་ཅི་ཞིག་བྱ། ཕ་གི་ནས་ཚུ་རི་ལ་ན་ཟུག་བསླངས། ཚུ་རི་ནས་ཕ་གི་ལ་འཁོན་སེམས་བཟུང་ནས་ཅི་ཞིག་བྱ། ངས་སྐད་ཆ་ཞིག་དྲན་གསོས་ཀི་འདུག ལོ་འགའི་སྔོན་ལ། བླ་བྲང་དགོན་པའི་གྲྭ་བ་ག་གེ་མོ་ཞིག་གིས། གལ་ཏེ་བོད་ལ་རང་བཙན་ཐོབ་པའི་ཉིན་མོ་དེར་དགོན་པའི་ལྕགས་རིའི་ནང་ན་ཁྱི་ཁྱི་མོ་གཉིས་ཀྱི་རོ་འདྲུད་རྒྱུ་ཡོད་ཅེས་ལབ་པ་རེད། ཡིན་རྒྱུ་ནི། བླ་བྲང་བཀྲ་ཤིས་འཁྱིལ་གསར་འདེབས་སྐབས་ཀྱི་སྦྱིན་བདག་གཙོ་བོ་སྟེ། རྒྱལ་བོ་ཇུ་ལང་དང་བཙུན་མོ་རྣམ་རྒྱལ་སྒྲོལ་མ་གཉིས་ཀའི་སྐུ་གདུང་དགོན་པ་དེ་གའི་སྒྲོལ་དཀར་ལྷ་ཁང་ནང་དུ་བཞུགས་ཡོད་པ་དེ་ལ་ཟེར་གི་ཡོད། ཅི་ཡང་མི་ཤེས་ན་ཅི་ཡང་མ་སྨྲ་ན་ཆོག་མོད། ཁ་རྒོད་ལ་ཤོར་བའི་མི་བུ་འདི་ཚོ་ད་དུང་རང་བྱུང་གི་གཤིས་ཀ་ལས་སྤྱི་ཚོགས་ཀྱི་མི་རུ་གྲུབ་མ་ཐུབ་པ་དེ་གས་ལན་པ་རེད།
སྐད་ཆ་འདི་ཀུན་སྤྱོད་ཀྱི་ངོས་ནས་དཔྱད་ན། དྲིན་ཆེན་ལ་དྲིན་ལོག་བྱས་པའི་ནག་ཉེས་ཡོད་པ་འདྲ་ལ། སྲིད་དོན་གྱི་ངོས་ནས་དཔགས་ན། གཞན་གྱི་གཡོ་ཐབས་ལ་དང་ལེན་བྱས་པའི་ནག་ཉེས་ཀྱང་ཡོད་ལེ་འདྲ། གཟབ་པར་བྱོས་ལ་གཟབ་པར་གྱིས། མ་གཞི་བོད་པ་ཚོ་ཁ་ནང་ལ་བསྐོར་ན། གླེན་རྟགས་ཚ་བོ་སྟོན་རྒྱུ་ཡོད་ལ་གློས་རྟགས་ཀྱང་གསེང་ན་བཙུར་རྒྱུ་ཡོད་པ་རེད། བྱས་ཙང་། སྐད་ཆ་ཅི་ལྟར་བཤད་ཀྱང་རྣ་བས་ལེན་པ་ཕར་ཞོག ད་དུང་རུབ་བརྡུང་དང་འཇིགས་སྐུལ་བྱེད་པའི་རྣམ་འགྱུར་དགོད་བྲོ་བ་རེ་མངོན་སུམ་དུ་མཐོང་རྒྱུ་ཡོད་མོད། མི་སྒེར་གྱི་བསམ་ཚུལ་འགའ་ཐད་གར་བརྗོད་པ་ལ་ཉེས་པ་ཅི་ཡོད་སྙམ་སྟེ་བྲིས་པ་ཡིན་ལགས།
2014.8.13 ཉིན་སློབ་གྲྭའི་ཉལ་ཁང་ནས།
ཡག་པོ་བརྩོམ་གནང་འདུག་ཐུགས་རྗེ་ཆེ།
ད་དུང་བླ་བྲང་དགོན་གྱི་འདུ་ཁང་གི་སྒོ་གདན་འོག་ཏུ་ལ་ོཆེན་དྷརྨ་ཤྲཱི་དབུ་བསྣན་ཡོད་པའི་གཏམ་ཞིག་ཀྱང་ཡོད་རབས་ཐོས།
་་་་་ རྒྱལ་བོ་ཇུ་ལང་དང་བཙུན་མོ་རྣམ་རྒྱལ་སྒྲོལ་མ་གཉིས་ཀའི་སྐུ་གདུང་དགོན་པ་དེ་གའི་སྒྲོལ་དཀར་ལྷ་ཁང་ནང་དུ་བཞུགས་ཡོད་་་་་་་་་
ཅི་བཤད་ཀྱི་ཡོད་པ་གསལ་བོ་ཞིག་གོ་མ་སོང་ཡང་། མཚོ་སྔོན་རྨ་ལྷོ་ཧུ་ནན་རྫོང་གི་མི་རྣམས་སོག་པོ་མ་རེད། བོད་རེད་ཟེར་བཞིན་པ་འདྲ།
དེབ་ཐར་མེས་པོའི་ཞལ་ལུང་དུ
༼ ཏིས་ཆིང་ཁོ་ཤོས་ཆིའམ་རྒྱལ་པོ་འཇུ་ནང་ནས་ཁོའི་མངའ་འབངས་སོག་སྡེ་རྣམས་མདའ་ བཅུ་གཅིག་ཏུ་བགོས། ༡ཁུ་བེད་སོ་མོན། ༢དུར་བེད་སོ་མོན། ༣བ་རོན་སུ་རུག་ཆེ་སོ་མོན། ༤བུ་རད་སུ་རུག་ཆུང་སོ་མོན། ༥ཨོས་རོད་བེ་སི་ཆེ་སོ་མོན། ༦ཧོད་པ་ལོད་བེ་སི་ཆུང་སོ་མོན། ༧ཉོད་སོ་མོན། ༨ཡ་ཝོར་སོ་མོན། ༩ཇུན་གལ་སོ་མོན། ༡༠ཡོང་ཤ་སོ་མོན། ༡༡ཧོ་ཤོས་ཆེ་སོ་མོན་སྟེ་མདའ་བཅུ་གཅིག་ཏུ་བགོས་ཤིང་། ཁུ་བེད་དུར་བེད་གཉིས་ལ་ཁྱིམ་སྟོང་ཕྲག་རེ་དང་། བ་རོན་སུ་རུག་ཆེ་ལ་ཁྱིམ་ཉིས་སྟོང་ལྔ་བརྒྱ། བུ་རད་སུ་རུག་ཆུང་ལ་ཁྱིམ་སྟོང་། ཨོས་རོད་བེ་སི་ཆེ་ལ་ཁྱིམ་ཆིག་སྟོང་ལྔ་བརྒྱ། ཧོད་པ་ལོད་བེ་སི་ཆུང་ལ་ཁྱིམ་ཆིག་སྟོང་། ཉོད་ལ་ཁྱིམ་ཆིག་སྟོང་། ཡ་ཝོར་ལ་ཁྱིམ་ཆིག་སྟོང་། ཇུན་གལ་ལ་ཁྱིམ་ཆིག་སྟོང་། ཡོང་ཤ་ལ་ཁྱིམ་ཆིག་སྟོང་། ཧོ་ཤོས་ཆེ་ལ་ཁྱིམ་བཞི་སྟོང་ཙམ་བཅས་བགོས་ནས་མདའ་བཅུ་གཅིག་ཏུ་ཐོག་ལ་ཁྱིམ་ཁ་ ཆིག་ཁྲི་དྲུག་སྟོང་ལྷག་ཡོད། སྔར་ཡོད་ཐུ་མེད་སོག་སྡེ་སྟོང་རུ་གཅིག་ལྷག་ཡོད་པ་གོང་གསལ་ཧོ་ཤོས་ཆེའི་སྡེའི་ གཞི་མར་བྱས་ཤིང་། ཐོར་གོད་ཁྱིམ་ཚང་བཞི་བརྒྱ་ཙམ་ཡོད་པའང་དེར་བསྡུས་ཞེས་འཁོད་འདུག་པ་དང་།རྒྱ་ནག་གི་དབང་བསྒྱུར་བྱས་ནས་རྫོང་གསར་དུ་བཙུགས་པའི་སྐབས་སུ་རྨ་ལྷོ་སོག་རྫོང་ཞེས་བཏགས་འདུག།ཡུལ་རྒན་ནི་རྫོང་རྒྱབ་རི་བརྟེན་ནས་བཏགས་པ་དང་།ཡུལ་རྒན་རྒྱན་ཚིག་གྱིས་ཚུལ་དུ་བཏགས་སེམས།རྨ་ལྷོ་བོད་རིགས་ཁུལ་གྱི་འོག་ཏུ་རྫོང་བཞི་ཡོད་ལ།གཅན་ཚ་བོད་རིགས་རང་སྐྱོང་རྫོང་དང་།རེབ་གོང་བོད་རིགས་རང་སྐྱོང་རྫོང་།རྩེ་ཁོག་བོད་རིགས་རང་སྐྱོང་རྫོང་།རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཞེས་འབོད་ཀྱི་ཡོད།
སོག་མདའ་ལགས། དུར་བྱང་ཟེར་ན་ཅི་རེད་དམ།
རྨ་ལྷོ་བོད་རིགས་རང་སྐྱོང་ལྗོངས། མཚོ་ལྷོ་བོད་རིགས་རང་སྐྱོང་ལྗོངས་མ་གཏོགས་རྫོང་ཞེས་བྲིས་ན་འགྲིག་གི་ཡོད་དམ། རྨ་ལྷོ་ཁུལ་དང་ཡུལ་རྒན་རྫོང་ཞེས་འབྲི་དགོས། ཁུལ་དང་རྗོང་། ཞང་དང་ཏ་ཏོས་གི་ཁྱད་པར་མ་ཤེས་ན་ཉོག་གི་རེད་དོ།