རྐ་འོད་ཟེར།
ཕྱི་ཟླ་བཅིུག་པའི་ཚེས་བཅུའི་ས་སྲོད་སྔོན་ལ་དགོང་མོ་དེ་ནི་ལོ་ངོ་དྲུག་བཅུའི་ནང་ཟླ་བ་ཆེས་གསལ་ཤོས་ཀྱི་དགོང་མོ་དེ་རེད་ཅེས་གནམ་རིག་དང་འབྲེལ་བའི་སྐད་ཆ་ཞིག་ཁྱབ་བཞིན་མཆིས།ལས་གྲོགས་ཚོས་དོ་དགོང་ཟླ་བ་གསལ་ཤོས་དེར་ཡག་པོ་ཞིག་ལྟོས་མ་གཏོགས་ལོ་དྲུག་ཅུ་རྗེས་མ་དེ་ནི་བཤད་ཚོད་མི་ཐིགས་པ་ཞིག་རེད་ཅེས་ཕན་ཚུན་ཀུ་རེ་བརྩེ་བཞིན་འདུག ཕྲན་ལ་མཚོན་ན་སྐད་ཆ་དེ་གོ་དུས་ཀྱི་ཚོར་བ་ནི་ཅི་འདྲའི་གོ་ཞིང་ཟླུམ་པའི་ཟླ་བ་ཞིག་ཤར་རྒྱུ་ཡིན་པ་རེད་ཨང་བསམ་པ་ལྟ་བུ་ཞིག་ལས་ཅི་ཡང་མ་བྱུང་ལ། དགོང་མོ་དེར་ཟླ་འོད་གསལ་པོ་ཞིག་ཡོད་པ་ལས་དམིགས་གསལ་ཅི་ཡང་མ་ཚོར། འོན་ཀྱང་དེ་ལས་ཟློག་སྟེ་དེ་རིང་ཞོགས་པ་ནས་བོད་ནང་དུ་མི་མང་པོ་ཞིག་གིས་མདང་དགོང་ཟླ་བའི་ངོས་ནས་གོང་ས་མཆོག་གི་ཞལ་མཇལ་འདུག་ཞེས་མཚམས་རེར་ཐོས་རྒྱུ་ཡོད་པའི་གཏམ་རྒྱུད་རྒྱུས་ཡོད་དེ་སྒྲོག་བཞིན་འདུག
ང་ཚོར་འདྲིས་ཆ་ཆེ་བའི་གཏམ་རྒྱུད་དེ་གོ་ཐེངས་རེར་བཙན་བྱོལ་ནང་གི་ངའི་གྲོགས་པོ་འགས་ང་ཚོས་གོང་ས་མཆོག་ང་ཚོ་དང་ཁ་ཇེ་ཐག་རིང་དུ་གཏོང་དོན་ཅི་ཡོད་ཟེར་བ་དང་། ཡང་འགའ་རེས་བསོད་ནམས་ཅན་གྱི་བོད་མི་ཚོས་ངོ་མ་ཁོང་ཟླ་བ་ལས་ཀྱང་མཇལ་སྲིད་པ་རེད་ཅེས་ཀྱང་བརྗོད་པར་བྱེད། གང་ལྟར་སྐད་ཆ་དེས་ང་ལ་ཕྱིར་དྲན་ཞིག་སླངས་བ་ནི། ལོ་ཉི་ཤུའི་སྔོན་གྱི་བྱུང་བ་ཞིག་སྟེ། དེ་ནི་བོད་ནང་གི་ཟླ་དཀར་གྱི་དགོང་མོ་ཞིག་ལ་ངེད་ཚང་གི་ནང་མི་ཚོས་དོ་ནུབ་ཟླ་བའི་ནང་རྒྱ་བ་རིན་པོ་ཆེ་མཇལ་གྱི་རེད་ཟེར་བའི་གཏམ་ཞིག་གོ་བའི་སྐབས་དེ་རེད། དགོང་མོ་དེར་ངེད་ཚང་གི་བཟའ་མི་ཆེ་མ་ཆུང་གསུམ་པོ་ནམ་དཀྱིལ་ཞིག་ལ་ཡར་ལངས་ནས་ཟླ་བར་བལྟས་ཏེ་གསོལ་འདེབས་བྱས། ངེད་ཚང་གི་ཨ་ཡེ་ལོ་ལོན་གྱིས་ལག་གཉིས་ཐལ་མོ་སྦྱར་ནས་མིག་མཐར་མཆི་མ་འཁོར་བཞིན་ཟླ་བར་འབུར་ཚུགས་སུ་བལྟས་ཏེ་གསོལ་བ་འདེབས་སྟངས་ལ་ལྟས་ན། ངོ་མ་ཁོ་མོས་གོང་ས་མཆོག་མཇལ་བཞིན་པ་འམ་དོ་དགོང་ངེས་པར་མཇལ་དུ་ཐུབ་པ་བྱེད་རྒྱུ་ཡིན་པ་དང་ཀུན་ནས་མཚུངས།
དེང་སང་ནི་ཆ་འཕྲིན་གྱི་མཛད་པ་ཧ་ཅང་རྒྱས་ཤིང་འཕྲུལ་ལས་ལག་རྩལ་གྱི་འཇོན་ཐང་ཀུན་ནས་ཆེ་བའི་དུས་ཤིག་ལགས་པས་ཡིན་པ་འདྲ་སྟེ། ངེད་བོད་པ་ཚོས་ཀྱང་འཕྲིན་ཕྲན་དང་ངོ་དེབ་སོགས་སུ་གོང་ས་མཆོག་ཟླ་ངོས་སུ་ཤར་བའི་པར་བཟོས་ནས་གཏོང་བཞིན་འདུག་ལ། ད་དུང་གསར་བུ་ཞིག་ཟླ་ངོས་སུ་ཤར་བ་ལྟ་བུ་བཟོས་ནས“ཨོ་ད་ཤར་འདུག་ཡ”སོགས་ཟེར་བཞིན་ཕན་ཚུན་ཀུ་རེ་ཟུར་ཁ་ཅན་རེ་ཡང་བརྩེ་བཞིན་གདའ། ངས་མདང་དགོང་གི་བྱུང་བ་དང་དེ་རིང་གི་ལབ་གླེང་དེ་དག་སེམས་སུ་ཀོང་བུ་སྒྲིག་བཞིན། འདི་ལྟར་དྲན་ཚུལ་ཞིག་ཡ་ཆུང་ནས་ལྷོག་ལྷོག་རྡོལ་བྱུང་། གང་ལྟར་ང་ཚོར་ཧ་ཅང་རྒྱུས་ཡོད་ཀྱི་གཏམ་རྒྱུད་དེ་ནི་ཀུ་རེ་ཞིག་གམ་རྨོངས་དད་ཞིག་དུ་མཐོང་ཆོག་ཆོག་ཡིན་ནའང་། གཏམ་རྒྱུད་དེའི་གསེབ་དུ་སྐུངས་འདུག་པ་ནི་མི་རིགས་ཤིག་གི་ལྷད་མེད་ཀྱི་མིག་ཆུ་སྟེ་རེ་སྒུག་གི་མཆི་མ་དང་། སུ་ཞིག་ལ་བཞག་པའི་ཆེས་མཐོ་བའི་རིན་ཐང་དེ་རེད་འདུག་ཨང་སྙམ། ད་དུང་དབང་བསྒྱུར་བ་ཞིག་ལ་མཚོན་ན་འགོག་ཐབས་བྲལ་བའི་ཆབ་སྲིད་ཀྱི་མེ་རི་འཇིགས་སུ་རུང་བ་ཞིག་ཀྱང་ཡིན་ངེས་ཏེ། དེ་ནི་མི་རེ་རེའི་སེམས་སུ་གསང་སྟབས་སུ་འཁྱིལ་ནས་ཐོལ་བྱུང་དུ་རྒོལ་ཡོང་བ་མ་ཡིན་ནམ།
ད་དུང་གཏམ་རྒྱུད་དེ་ནི་སྙན་ངག་ཚན་པ་ཞིག་དང་ཡང་འཕྱུག་འགྲོ་སྟེ། ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་གསལ་ཟླ་བ་ཤར་བྱུང་།། ཡིད་བཞིན་ནོར་བུའི་ཞལ་རས།། ཡིད་ལ་ཝ་ལེར་ཝ་ལེར།།ཟེར་བ་དང་ཨ་ན་མ་ན་རེད། མདོར་ན་འདི་ནི་དྲན་གདུང་གིས་མནར་བའི་སེམས་པ་རྨས་མ་ཞིག་གི་ན་ཟུག་ཡིན་འདུག འུ་ཚང་གི་མིག་མཐར་འཁྱིལ་བའི་འཁྱག་སོབ་སོབ་ཀྱི་གཏམ་རྒྱུད་དེ་འང་ཡིན་འདུག ལོ་ངོ་དྲུག་བཅུའི་རིང་རེ་ཞིང་སྒུག་པའི་ཟླ་བ་གསལ་ཤོས་དེ་ཅི་ལ་མིན་ཏེ། མེ་ཚེ་ཧྲིལ་པོ་སྒུག་པའི་ཟླ་ངོས་ཀྱི་ཞལ་རིས་དེ་ཡིན་ནོ།
ཞལ་རས་ཞེས་བཅོས་རོཊ
དྲུག་ཅུ།
ཚེ་བཅོ་ལྔ།
ཞལ་རས། བཅས་སུ་བཅོས་རོཊ།
གོང་གི་༧རྒྱལ་པན་རྣམ་གཉིས།།
དགོང་གི་ཉི་ཟླའི་རང་གཟུགས།།
མགོ་ནག་བོད་ནང་སྡུག་བསྔལ།།
ཞུ་ས་གཞན་ལས་མི་འདུག།
རྨོངས་བ་འཁྲུལ་བ་མི་སྲིད།
དད་དམ་གཙང་བའི་མི་ལ།།
ཞལ་གཟིགས་གསུང་འབྱོན་རྣམ་རོལ།།
རང་བྱུང་རྩིས་ཚོད་མི་འདུག།
དད་པ་ཡོད་ནི་ཞིག་དང་།།
དད་པ་མེད་ནི་གཉིས་ཀྱིས།།
སུས་སུར་རྨོངས་འདུག་བཤད་རྒྱུ།
དེ་ལས་རང་དོན་མ་ནོར།།
སྤྱིར་ཟླའི་ཚད་ཚོད་མ་བརྟགས།
ཟླ་བ་ཆེ་ནོ་མ་ཤེས།།
གསལ་ནོ་བདེན་པ་ཡིན་ཐལ།།
སྐར་རྩིས་མཁས་བར་ལས་གསལ།།
ཟླ་དཀར་ = moon
ཟླ་བ་དང་པོའི་གཟའ་ཟླ་བའི་ཟླ་དཀར་ཤར་ཟེར་ན་བློ་ལ་ཤིནད་ཏུ་ཐད་པ་ཅིག་འདུག