བདེ་ཆེན་སྒྲོལ་མ།
ཁུ་སིམ་ཞིང་ཚིགས་བར་གྱི་ཤིང་སྡོང་འོག་ནས།།
དཀར་གསལ་སྟོན་གྱི་ཟླ་བའི་འོད་དཀར་ཁྲོད་ནས།།
ངེད་གཉིས་སྙིང་གཏམ་བཤད་ནས་ནམ་ཐུན་བསྐྱལ་བ།།
ཟླ་ངོགས་མཆི་མས་བརླན་པའི་མཚན་གཞུང་རིང་མོ།།
འགྱུར་མེད་བརྩེ་བའི་ལག་རྡང་དམ་དུ་སྦྲེལ་ནས།།
མཚན་མོའི་ཟླ་འོད་ངོགས་ནས་འཆམ་འཆམ་བྱེད་དུས།།
ཕན་ཚུན་སེམས་ལ་དཔར་བའི་དྲན་ཤིང་རི་མོ།།
ཡིད་ཀྱི་མཚོ་མོ་སྐྱོམ་པའི་ཚོར་ཤུགས་དྲག་པོ།།
བདག་གི་ལག་ཟུང་ཁྱོད་ཀྱི་སྐེ་ལ་འཁྱུད་ཅིང༌།།
ཁྱོད་ཀྱི་མགོ་བོ་བདག་གི་བྲང་ཁར་སྦྱར་ཏེ།།
ཕར་འབྱར་ཚུར་འབྱར་ཞིག་གི་དྲོད་ཤའི་བར་ནས།།
ཁྱོད་ཀྱི་མིག་ཆུ་ངང་གིས་ས་རུ་ཟེགས་སོང༌།།
གཅིག་གིས་གཅིག་ལ་འཁྱུད་ནས་མིག་ཆུ་གཏོང་བཞིན།།
ཞིམ་མངར་སྦྲང་རྩི་ལྟ་བུའི་འོ་ཞིག་བསྐྱལ་དུས།།
ངེད་རང་གཉིས་ལ་ཁྲེལ་སྣང་ཅི་ལ་ཡོད་ཀྱང༌།།
ཟླ་བ་དཀར་པོ་སྤྲིན་པའི་ཕག་ལ་ཡིབ་སོང༌།།
ཁྱོད་ཀྱིས་འདོད་པ་རྒྱུ་འབྱོར་དབང་ཐོབ་མིན་ལ།།
ང་ཡིས་བཤད་པ་མིག་ཁའི་མཛེས་སྡུག་མིན་པར།།
མྱི་ཚེ་ཕྱི་ཐག་ཅན་གྱི་དམ་བཅའ་བཞག་པ།།
ལྷད་མེད་རིན་ཆེན་གསེར་ལས་རིན་ཐང་ཆེ་བ།།
ཁ་ལྕེ་བདེ་མོ་ཅན་པོ་ང་རང་མིན་ལ།།
བཅོས་མའི་འཛུམ་མདངས་ཅན་ཞིག་ཁྱོད་རང་མིན་ཡང༌།།
གཅིག་སེམས་གཅིག་ལ་འགྲེལ་བའི་བརྒྱུད་རིམ་ནང་ནས།།
ཁྱོད་ཀྱི་མིག་ཆུས་བདག་གི་བྲང་གཞུང་བརླན་སོང༌།།
སྟོན་གྱི་བསིལ་རླུང་དལ་གྱིས་ལྷོ་ལ་ཞོགས་སོང༌།།
ཁྱོད་ཀྱི་སྐྲ་ལོས་བདག་གི་ངོ་གདོང་བཀབ་ཐལ།།
ཕར་འདེད་ཚུར་འདེད་ཞིག་གི་བར་ནས་མཐོང་བ།།
འདོད་པའི་སྤུ་ལོང་རྒྱས་པའི་ངོ་མདངས་དམར་བོ།།
ངེད་གཉིས་མཛུབ་མོ་མཉམ་དུ་བྱང་ལ་ཀེར་ནས།།
ཁྱོད་ཀྱིས་ང་ལ་བརྩེ་བའི་སྒྲུང་ཞིག་བཤད་དུས།།
ཆུང་ཆུང་ཕ་མའི་གམ་གྱི་ལོ་ཟླ་དྲན་ནས།།
བདག་གི་མིག་མཐའ་ག་ལེར་མཆི་མས་རུབ་སོང༌།།
སྡོང་ལོ་རླུང་གིས་གཏོར་བའི་ཤག་སྒྲ་མ་གཏོགས།།
ཟང་ཟིང་འདུ་ལོང་འཇགས་པའི་ཞིང་ཚིགས་དེ་ནས།།
ངེད་གཉིས་མགོ་བོ་གཏུགས་ནས་གཉིད་ལ་རོལ་ཡང༌།།
སེམས་པའི་དུང་ཕྱོགས་ཤིག་གིས་གཉིད་ཀྱང་བསླུས་འདུག།
གཡོ་མེད་སེམས་ཀྱི་གསང་བ་ཕར་བཤད་ཚུར་བཤད།།
ལྷད་མེད་བརྩེ་བའི་ངོ་གདོང་འཛུམ་མདངས་ཀྱི་ལེར།།
རྒྱུས་མེད་ཡུལ་ནས་འཕྲད་པའི་ཁྱོད་དང་ང་ལ།།
སྐྱེས་བ་སྔོན་གྱི་ལས་འཕྲོ་ཅི་ཞིག་ཡོད་ན།།
བདག་གི་ལག་ཟུང་ཁྱོད་ཀྱི་བྲང་ལ་བཞག་ནས།།
འཇམ་མཉེན་འོ་མ་ཟུང་གི་དྲོད་ཁོལ་མྱོང་དུས།།
ཁྱོད་ཀྱིས་ཉམ་ཆུང་མགོ་བོ་ནང་དུ་སྒུར་བཞིན།།
བྲང་གཞུང་བདག་ལ་གཏད་པས་ང་རང་བཟི་སོང༌།།
སེམས་ཀྱི་སྐད་ཆ་བཤད་ཀྱང་སེམས་ཁ་མ་ཁེངས།།
བྲང་ལ་སྦྱར་སྦྱར་བྱས་ཀྱང་མིག་ཆུ་མ་ཆད།།
ཕན་ཚུན་སེམས་ནས་དུངས་བའི་དུངས་བ་འདི་ལ།།
བདེན་བདེན་གཏན་ཚིགས་ཅན་གྱི་འགྲེལ་བཤད་མ་རྙེད།།
སེམས་ཀྱི་བརྩེ་བའི་རིན་ཐང་མིག་ཆུ་ཡིན་ན།།
ངེད་རང་གཉིས་ཀྱི་བརྩེ་དུང་ཆུ་མིག་རང་བརྡོལ།།
བར་ཆད་བྲག་རི་ཆེན་པོའི་ཁ་གཅོད་བྱས་ཀྱང༌།།
རང་བྱུང་རང་གི་ཆུ་རྒྱུན་འགག་པ་མི་སྲིད།།
ན་ནིང་དོ་ཚིགས་ཡུལ་བྱོལ་འཚོ་བའི་ཁྲོད་ན།།
ཅི་འདོད་ལོངས་སུ་སྤྱོད་པའི་ཆ་རྐྱེན་དཀའ་ཡང༌།།
མ་བཅོས་སེམས་ཀྱི་བརྩེ་བ་མ་འགྱུར་བསྡད་ན།།
འདོད་རྒུ་ལོངས་སུ་སྤྱོད་པའི་བསམ་པ་ཡིན་ཞེས།།
འདི་འདྲ་འདི་འདྲའི་གླེང་བྱ་མང་པོ་ཞིག་གིས།།
སྟོན་ཁའི་ཟླ་ངོགས་འགྲིམས་པའི་གཏམ་རྒྱུད་འདི་གོ།།
མི་ཚེར་བརྗེད་དུ་མེད་པའི་ཟིན་ཐོར་བཀོད་པ།།
ན་ཆུང་དུང་བ་གླེང་བའི་སེམས་ཀྱི་རི་མོ།།
སྐོམ་ན་ཡུར་ཆུ་མི་འཐུང་བ། ཁ་དཀར་རྐྱང་གི་ངང་ཚུལ་ཡིན། སྡུག་ན་མཆི་མ་མི་གཏོང་བ། སྐྱེས་པ་ཕོ་ཡི་ངང་ཚུལ་ཡིན། ཞེས་པ་ལྟར་ངུ་བ་ནི་ཉམས་མྱོང་མེད་པའི་ཕོ་གསར་ཚོ་ལས་སྐྱེས་ཕོ་རབ་ཚོ་ག་ལ་ཡིན། ཉིན་ཞིག་ཁྱོད་ཀྱིས་འཁོར་བའི་རང་གཤིས་དང་སེམས་ཁམས་ཀྱི་འགྱུར་རྡོག་གི་བསླུ་བྲིད་ལ་ཡིད་ཐང་ཆད་པའི་ཉིན་དེར་ཁྱོད་བཅིངས་འགྲོལ་ཐོབ་ངེས། སེམསཁམས་ཀྱི་དུང་སྣང་འབུར་ཐོན་དང༌། ཚིག་སྦྱོར་གྱི་བྱང་ཆ་སོགས་ལ་ལེགས་ཆ་གང་མང་འདུག་གོ། །