ཟླ་བ་གཞོན་ནུ།
བརྩེ་བ་འོད་ཀྱིས་འཕྲོ་བའི་ཟླ་ངོགས་ཀྱི་ལྡུམ་རྭ།།
སེམས་པ་ཕྱག་གིས་འགྱོགས་པའི་ན་གཞོན་གྱི་བརྩེ་འདང༌།།
བྱད་བཞིན་འཛུམ་དུ་འཁྱིལ་བའི་ཕྱུགས་ཆུང་གི་འཇོ་སྒེག།
འདོད་ལྡན་མིག་དབང་འཕྲོག་པའི་གཞི་མ་རུ་བསྟབས་འདུག།
མུ་ཏིག་ཚོམ་བུར་འཐོར་བའི་ཨ་སྔོན་གྱི་དབྱིངས་རིམ།།
བརྩེ་བ་སྤྱན་ནས་འཛུམ་པའི་དགའ་མ་ཡི་ལང་ཚོ།།
ཆེ་ཆེར་བཞད་ཅིང་འཚེར་བའི་སྐར་ཆེན་གྱི་མིག་ཞགས།།
དུང་བ་སྙིང་ལ་འཇོ་བའི་སེམས་སོང་གི་རེ་སྨོན།།
ཆུ་དྭངས་རྫིང་བུར་ཟགས་པའི་འོད་དཀར་གྱི་ཟླ་གཞོན།།
ལྗང་སྣུམ་པད་འདབ་མཉེན་མོའི་སེང་རས་ཀྱི་ཕག་ནས།།
ཤབ་ཤུབ་སྙིང་གཏམ་མཆེད་པས་མཚན་གུང་གི་ལྷིང་འཇགས།།
དཀྲོགས་ལ་མཚར་སྣང་སྟོང་གི་རྣ་བ་དེ་བླགས་འདུག།
སྐར་ཚོགས་བྱེ་བས་བཏུམས་པའི་ཉ་གང་གི་ཟླ་བ།།
མཛའ་མོ་གློ་བ་དགའ་བའི་བཞིན་སྣོད་དུ་འདོད་ནས།།
སྲིད་རིང་གནམ་སྐས་སྐྱོར་བའི་དགུ་ཚིགས་ཀྱི་རྨུ་ཐག།
ཟླ་བ་ཕྱག་གིས་ལེན་པའི་རྨི་ལམ་དུ་བཟུང་འདུག།
ཟླ་འོད་ཆེམ་ཆེམ་འབབ་པའི་སྟོན་གཞུང་གི་མཚན་ལྗོངས།།
རོགས་ལོ་སེམས་རྩ་དྲོ་བའི་གཞི་མ་རུ་ཤེས་ནས།།
དྭངས་གཙང་བྱིས་བློའི་སྦུབས་ཀྱི་ཉམས་ཆུང་གི་སེམས་པ།།
ཉིན་བྱེད་དབང་པོ་འགོག་པའི་རྔུལ་ཆུ་རུ་འཐིམས་སོང༌།།
མཁའ་ན་ཆེམ་གྱིས་བསྣར་བའི་རྒྱུ་སྐར་གྱི་མུ་ཏིག།
མཛེས་ལྡན་སྙིང་ལ་འབབ་པའི་མགུལ་རྒྱན་དུ་བསམས་ཏེ།།
རྒྱ་ཁབ་རྩེ་ལས་རྣོ་བའི་དུང་སེམས་ཀྱི་ཚོར་བས།།
ཕྲ་རིང་ཕྱི་ཐག་དུང་གི་སྲད་བུ་ལ་བརྒྱུས་སོང༌།།
ཡངས་པའི་ནེའུ་གསིང་སྤྲས་པའི་དུང་མདོག་གི་ཟླ་ཞུན།།
སྒེག་མོའི་བརླ་ཤ་གསལ་བའི་རང་བྱུང་གི་སྣོན་པ།།
ཁྲ་ཆིལ་བགྲང་ལ་ངལ་བའི་རྒྱང་རིང་གི་སྤྱན་འོད།།
དགའ་སྣང་འབུམ་གྱིས་མྱོས་པའི་སྒྱུ་རྩལ་ལ་འཕྲོས་འདུག།
དངོས་གནས་སྙན་ངག་འདིས་མཛེས་སྡུག་གི་འཆར་ཡན་ཀློང་ལ་འཁྲིད་པར་བྱེད།
དུས་དེང་སང་སྙན་ངག་འདི་འདྲ་མཐོང་རྒྱུ་ཡོད་པ་ནི་ངའི་བསོད་ནམས་རེད།
སྙན་ངག་པ་འདིའི་སྐུ་ཚེ་བརྟན་པར་ཤོག
དངོས་གནས་སྙན་ངག་གི་རོ་སྙོམ་འདུག སྙན་ངག་ཡིན་ན་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་བསམ་ཞིག་འདུག
བུ་མོ་ངས་སྙན་ངག་གི་དཔྱད་སྟངས་མི་ཤེས་པས། སྙན་ངག་དཔྱད་བརྗོད་པ་ཞིག་ལ་སྐལ་དུ་འཇོག
དགོས་མེད་ཀྱི་ཚིག་ཉོག་མེད་པར།
དྲ་གྲོགས་རྣམ་གཉིས་ཕེབས་ནས་ཡར་སྐུལ་བྱས་པར་ཐུགས་རྗེ་ཆེ་ཞུ།