པད་མ་རྣམ་རྒྱལ་ནས།
————–
ཟླ་དང་པོའི་ཚེས་གཉིས་ཉིན་ནེའུ་ཡོག་ལ་བཀའ་ཁྲིའི་འོས་མི་གསུམ་གྱི་བགྲོ་གླེང་ལ་ཉན་དུ་འགྲོ་འདོད་སྐྱེས་ཀྱང་ལམ་ཐག་རིང་ནས་འགྲོ་མ་ཐུབ། དྲ་རྒྱ་ཐོག་ནས་ལྟ་ཉན་བྱས་ན་ཡང་བར་ཞིག་ནས་ཡག་པོ་མ་ཡོང་སྟེ་ཉན་མཚམས་བཞག་པ་ཡིན། ཉིན་འདི་གའི་རིང་ལ་ཕ་ཡུལ་དྲ་རྒྱ་ཐོག་ནས་བགྲོ་གླེང་དེ་ཆ་ཚང་ཉན་ཐུབ་པ་བྱུང་། ཉན་ནས་གཤམ་གསལ་གྱི་ཚོར་བ་སྐྱེས།
༡) ད་རེས་ཀྱི་བགྲོ་གླེང་གི་ནང་དུ་ཉེ་ཆར་ལོ་ངོ་བཅུའི་རིང་གི་བོད་དོན་ལ་ཤུགས་རྐྱེན་ཐེབས་ངེས་ཅན་གྱི་རྒྱལ་སྤྱིའི་གནས་བབ་ཀྱི་སྐོར་ལ་ཚིག་གཅིག་ཀྱང་བགྲོ་གླེང་བྱས་མ་སོང་། ཉིས་སྟོང་གཅིག་ལོའི་དགུ་གཅིག་གཅིག་གི་དོན་རྐྱེན་བྱུང་བ་དང་་། ཉེ་ཆར་གྱི་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ལ་དཔལ་འབྱོར་ཉམས་ཉེན་བྱུང་བ་ནས་འཇིགས་སྐུལ་རིང་ལུགས་ལ་རྒོལ་བ་དང་དཔལ་འབྱོར་ཉམས་ཉེན་ལས་ཐར་རྒྱུ་དེ་གཉིས་རྒྱལ་སྤྱིས་དོ་སྣང་བྱེད་ས་གཙོ་བོར་གྱུར་བ་ནས་འགྲོ་བ་མིའི་ཐོབ་ཐང་ལྟ་བུ་ལ་རྒྱལ་སྤྱིའི་ཐོག་ན་དེ་སྔ་ཡོད་པའི་ཁ་རྗེ་དབང་ཐང་དེ་ཤོར་དང་འཆོར་བཞིན་པ་དང་། ལྷག་པར་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་། ལོ་བཅུའི་སྔོན་ནང་བཞིན་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་དོན་རྩ་གང་ཞིག་གི་ཐོག་ནས་ཀྱང་གནོན་ཤུགས་སྟེར་རྒྱུའི་གོ་སྐབས་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པ་ཡིན། ད་བར་དུ་རྒྱ་ནག་གིས་འདོད་པ་མེད་བཞིན་དུ་བོད་དོན་ལ་ཡ་ལན་རེ་བྱེད་དགོས་པ་ནི་བོད་རང་གི་སྟོབས་ཤུགས་ལ་བརྟེན་ནས་བྱུང་བ་མིན་པར། གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཡིན། གནོན་ཤུགས་དེ་ཡོད་ན་ཡང་། རྒྱ་ནག་གིས་བོད་དོན་ལ་ཡ་ལན་བྱས་པ་དེས་ང་ཚོའི་འདོད་པ་ཁེངས་པ་ནི་ཧ་ཅང་ཐག་རིང་པོ་ཡིན། བོད་རྒྱ་ཞི་མོལ་ལན་བརྒྱད་དགུ་ཙམ་ཞིག་བྱས་ཀྱང་དོན་འབྲས་ཅི་ཡང་བྱུང་མེད། ད་ལྟ་གནོན་ཤུགས་དེ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་ངེས་ཆེ་བའི་སྐབས་འདིར། རྒྱ་ཕྱོགས་ནས་སྔར་ལས་ཀྱང་བོད་དོན་ལ་ཡ་ལན་བྱེད་པའི་གོ་སྐབས་ཇེ་ཆུང་དུ་འགྲོ་ངེས་ཆེ་བ་འདི་ལ་གདོང་ལེན་ཇི་ལྟར་བྱེད་རྒྱུའི་ཐད་ལ་དྲི་ལན་ཅི་ཡང་བྱས་མ་སོང་བར། ལོ་བཅོ་ལྔ་ཉི་ཤུ་ཙམ་གྱི་རིང་ལ་བཤད་ནས་བསྡད་པའི་དབུ་མའི་ལམ་ནི་སྲིད་ཇུས་རེད་དམ་ཐབས་ལམ་རེད་ཟེར་ལྟ་གྲུབ་རེ་བཤད་ནས་བསྡད་སོང་།
༢) བགྲོ་གླེང་གི་ཆ་ཀུན་ཏུ་བོད་ནང་གི་གནས་སྟངས་ཀྱི་སྐོར་ལ་དྲི་ལན་གཅིག་ཀྱང་བྱས་མ་སོང་། སྤྱིར་བཏང་དེང་སང་བོད་ནང་ལ་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་དཔལ་འབྱོར་གྱི་རྟེན་ས་བཅས་ལ་སྔོན་ལ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་འདུག དཔེར་ན་རྒྱ་གཞུང་གིས་འབྲོག་ཁུལ་མང་པོའི་འབྲོག་པ་རྣམས་རྩྭ་ཐང་ནས་གྲོང་ལ་འབེབས་པའི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དང་། ཨ་མདོ་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་སུ་བོད་ཀྱི་གྲོང་ཚོའི་སློབ་གྲྭ་རྣམས་སྒོ་བརྒྱབ་ནས་ཡུལ་ཚོའི་ནང་དུ་ཁུ་བསྡུ་བྱེད་བཞིན་པ། བོད་ཀྱི་སྐད་ཡིག་གི་སྲིད་ཇུས་ལ་འགྱུར་བ་བཏང་བོད་ཀྱི་སྐད་ཡིག་དབང་ཐང་ཇེ་ཆུང་དུ་འགྲོ་བཞིན་པ བཅས་གནས་ཚུལ་གང་མང་ཞིག་བྱུང་དང་འབྱུང་བཞིན་པ་ཡིན། ། གནས་ཚུལ་འདི་དག་ལྟ་བུ་ནི་བཀའ་ཁྲིའི་འོས་མི་རྣམ་གསུམ་དང་དྲི་བ་སྒྲིག་མཁན་རྣམས་ཀྱིས་མཁྱེན་རྟོགས་ཡོད་པའི་རེ་བ་ངས་བྱས་མེད། ཡིན་ན་ཡང་༢༠༠༨ ལོའི་ཞི་རྒོལ་ཆེན་མོ་དང་། ཟླ་ཤས་ཀྱི་སྔོན་ལ་ཨ་མདོའི་སློབ་འབྲིང་གི་སློབ་མ་སྟོང་ཕྲག་དུ་མས་ཁྲོམ་སྐོར་གྱིས་རྒྱ་གཞུང་གི་བོད་ཀྱི་སྐད་ཡིག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ནི་བཀའ་ཁྲིའི་འོས་མི་རྣམ་གསུམ་དང་དྲི་བ་འགོད་མཁན་རྣམས་ཀྱིས་མ་མཁྱེན་པ་ཡོང་སྲིད་ཀྱི་མ་རེད། ད་ཕན་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་དེ་དག་ལ་བཀའ་ཁྲིའི་འོས་མི་སོ་སོས་ལངས་ཕྱོགས་ཇི་ལྟ་བུ་ཞིག་འཛིན་གྱི་ཡོད་པ་དང་། མ་འོངས་པར་བྱུང་ན་ལངས་ཕྱོགས་ཇི་ལྟ་བུ་ཞིག་འཛིན་པ་ལྟ་བུའི་བགྲོ་གླེང་གཏན་ནས་བྱས་མ་སོང་།
༣) སྤྱི་ཚོགས་དང་དཔལ་འབྱོར། ཤེས་རིག་བཅས་ཀྱི་གནས་བབ་མང་པོ་ཞིག་ལ་ཚིག་ཚོགས་མང་པོ་བཀོལ་ནས་འགྲེལ་བཤད་རྒྱག་སྡོད་པ་ལས་གྲངས་ཀའི་ལམ་ནས་བསྟན་ན་གསལ་པོ་ཡོང་གི་ཡོད་པ་རེད། དཔེར་ན་ཤེས་རིག་གམ་སློབ་གསོ་ལྟ་བུ་ལ་མཚོན་ན། ལོ་གཅིག་ལ་འཛིན་གྲྭ་བཅུ་གཉིས་ནས་བོད་ཕྲུག་ཅི་ཙམ་ཐོན་གྱི་ཡོད་པ་དང་། དེ་དག་ལས་གྲངས་ཀ་ཅི་ཙམ་ཞིག་མུ་མཐུད་ནས་མཐོ་རིམ་སློབ་གྲྭ་ལ་འགྲོ་ཐུབ་ཀྱི་ཡོད་པ་དང་། ཅི་ཙམ་ཞིག་སྤྱི་ཚོགས་ཐོག་གི་ལས་རིགས་ལ་ཞུགས་ཀྱི་ཡོད་པ་དེ་ལས་ལས་ཀ་ཐོབ་པ་ཅི་ཙམ་ཡོད་པ་དང་ལས་ཀ་མ་ཐོབ་པ་ཅི་ཙམ་ཡོད་པ། མཐོ་རིམ་སློབ་གྲྭར་འགྲོ་ཐུབ་པའི་གྲངས་ཀ་ཉུང་ན་དེའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་པ་དང་གོ་སྐབས་ཅི་ཡོད་སོགས་བྱེ་བྲག་དང་གྲངས་ཀའི་ལམ་ནས་ཉན་མཁན་རྣམས་ཀྱི་སེམས་ལ་འབབ་རྒྱུ་ཡོད་རྒྱུ་རེད། དེ་མ་གཏོགས་གཞུང་ལུགས་ལྟ་བུ་ཞིག་གི་ངོས་ནས་འགྲེལ་བཤད་བརྒྱབ་བསྡད་ན་གཏམ་བཤད་སྙན་པོ་ཡོང་སྲིད་ན་ཡང་མིའི་སེམས་ལ་དོན་དག་ཅིག་འབབ་རྒྱུ་དཀའ་མོ་རེད། དཔེར་ན་མང་ཚོགས་ཀྱི་ཁྲོད་ནས་དྲི་བ་འདྲི་མཁན་ཞིག་གིས་བཙན་བྱོལ་བོད་མིའི་ཤེས་རིག་གནས་སྟངས་སྐྱོ་བོ་ཡིན་པ་དང་། དེ་ལེགས་བཅོས་ལ་འཆར་གཞི་ཅི་ཡོད་དྲིས་པའི་ལན་དུ། བློ་བཟང་སེང་གེ་ནས་མཛུབ་མོ་ལྔ་ལ་དཔེ་འཇོག་གིས་གཞུང་དང་སློབ་གྲྭ་དགེ་རྒན་ཕ་མ་སློབ་ཕྲུག་སོགས་ཀྱི་འབྲེལ་བའི་རྣམ་གཞག་འདྲ་ཞིག་བཤད་བསྡད་པ་མ་གཏོགས། བཙན་བྱོལ་བོད་མིའི་ཤེས་རིག་གི་གནས་སྟངས་སྐྱོ་བོ་ཡིན་པའི་གནད་འགག་དང་པོ་འདི་རེད། གཉིས་པ་འདི་རེད། ང་བཀའ་བློན་ཁྲི་པར་བསྡད་ན་དེ་ལེགས་བཅོས་འདི་དང་འདི་བྱེད་རྒྱུའི་འཆར་གཞི་ཡོད་ཅེས་མང་ཚོགས་ཀྱི་སེམས་ལ་འཛིན་རྒྱུའི་དོན་རྡོག་རྡོག་ཅིག་བཤད་མ་སོང་།
ངས་ད་ཐེངས་ཀྱི་བགྲོ་གླེང་འདི་རྒྱལ་སྤྱིའི་གནས་བབ་དང་བོད་ནང་གི་གནས་སྟངས་ལ་སྦྲེལ་མ་ཐུབ་ཅིང་། བཀའ་ལན་མང་ཆེ་བ་འོལ་སྤྱི་ཙམ་དུ་གནས་པའི་བགྲོ་གླེང་ཞིག་ཏུ་མཐོང་སོང་། དེ་ནི་ཁོང་རྣམ་གསུམ་གྱི་བཀའ་ལན་གནང་སྟངས་ལ་འབྲེལ་བ་ཡོད་ན་ཡང་། རྒྱུ་རྐྱེན་གཙོ་བོ་ནི་དྲི་བ་ཇི་ལྟར་འདྲེན་རྒྱུ་དེ་རེད། གལ་སྲིད་དྲི་བ་འོལ་སྤྱི་ཙམ་ཞིག་དྲངས་དེ་ལ་ལན་ཡང་འོལ་སྤྱི་ཙམ་ཞིག་ལས་ཡོང་གི་མ་རེད། ངས་བགྲོ་གླེང་དེའི་དྲི་བ་ཚང་མ་འོལ་སྤྱི་རེད་ཟེར་གྱི་མེད་ཀྱང་འོལ་སྤྱི་ཅན་དང་དོན་རྩ་ལ་མི་ཐུག་པའི་དྲི་བ་མང་པོ་རེད། དཔེར་ན་ཤེས་རིག་གི་གནས་སྟངས་ལྟ་བུ་ལ་མཚོན་ན། བཀའ་ཁྲི་རྣམ་གསུམ་ལ་ཁྱེད་ཚོས་ཤེས་རིག་གི་གནས་སྟངས་ཇི་ལྟར་ཡར་རྒྱས་གཏོང་གི་ཡིན་ཞེས་དྲིས་ན་འོལ་སྤྱི་ཡིན་དྲག་པ་རེད། སྐབས་འདིར་ཤེས་རིག་ནི་དོན་གྱི་རིམ་པ་ཧ་ཅང་མང་པོ་ཅན་གྱི་ཐ་སྙད་ཅིག་རེད། དེ་དུམ་བུར་བསིལ་ནས་དོན་དག་བྱེ་བྲག་ཏུ་བཏང་རྗེས་དྲི་བ་དྲངས་ན་བཀའ་ལན་ཡང་བྱེ་བྲག་པ་ཞིག་ཡོང་ཐབས་བྱེད་དགོས་ཀྱི་རེད། དཔེར་ན་བཙན་བྱོལ་བོད་གཞུང་གི་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ཐོན་ན་ཡང་སློབ་མ་མང་ཆེ་བས་བོད་ཡིག་གི་གཏོང་ཡིག་ཅིག་ཀྱང་འབྲི་མི་ཤེས་པ་འདིའི་སྐྱོན་རྩ་གང་ལ་ཐུག་འདུག འདི་ལེགས་བཅོས་ཀྱི་འཆར་གཞི་ཇི་འདྲ་ཡིན་ཞེས་པ་ལྟ་བུའི་སྒོ་ནས་དྲིས་ན་བཀའ་ཁྲིའི་འོས་མིས་ཀྱང་དོན་དག་བྱེ་བྲག་པ་བོད་ཡིག་གི་གནས་སྟངས་དེ་ལ་དམིགས་ནས་བཀའ་ལན་བྱེ་བྲག་པ་ཞིག་གནང་ཐབས་གནང་གི་རེད། ཡང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ལ་ཆབ་སྲིད་ཚོགས་པ་དགོས་མིན་གྱི་དྲི་བ་དེ་ལ་མཚོན་ན་ཡང་། དོན་རྩ་ནི་ཆབ་སྲིད་ཚོགས་པ་དགོས་མིན་མ་ཡིན་པར། ཆོལ་ཁའི་ལམ་ལུགས་ཀྱི་འོག་ཏུ་ཆབ་སྲིད་ཀྱི་ཚོགས་པས་ནུས་པ་ཇི་ལྟར་འདོན་རྒྱུ་དེ་དོན་རྩ་རེད།
མདོ་དོན། ང་ཚོས་བཀའ་ཁྲིའི་འོས་མིའི་བགྲོ་གླེང་ལ་དབྱེ་ཞིབ་བྱེད་སྐབས་བཀའ་ཁྲིའི་འོས་མིའི་བཀའ་ལན་གཅིག་པོ་ལ་དབྱེ་ཞིབ་བྱས་ན་འགྲིག་གི་མི་འདུག དེ་ལས་ཀྱང་གལ་ཆེ་བ་ནི་དྲི་ཚིག་ལ་དབྱེ་ཞིབ་བྱེད་དགོས་ཀྱི་འདུག དྲི་བ་རྗེས་ལུས་ཅན་དང་། འོལ་སྤྱི་ཅན། དོན་རྩ་ལ་མི་ཐུག་པ་ཅན་གྱིས་བཀའ་ལན་དེ་དང་མཐུན་པ་ཞིག་མ་གཏོགས་ཡོང་ཐབས་ཡོད་པ་མ་རེད།
འདིར་རྩོམ་ཐུང་ཁ་གསལ་གཏིང་གསལ་ཞིག་འདུག ངས་ཨུ་ཚུགས་བརྒྱབ་སྟེ་བགྲོ་གླེང་དེ་ལ་ཉན་ཐབས་བྱས་མོད་ཉན་ནས་ཁུངས་འཁྱོལ་མ་སོང་ལགས། ངས་རྒྱུ་མཚན་ཞིག་བཙལ་ཀྱང་མ་རྙེད་པ་དེ་རྩོམ་འདི་ན་བསྟན་འདུག ཁོང་ཚོའི་བགྲོ་གླེང་དང་ངའི་སེམས་ཀྱི་བོད་དོན་གཉིས་ཀྱི་བར་ན་ཟམ་པ་མེད་པ་དེ་རེད། ༧རྒྱལ་བ་རིན་པོ་ཆེས་ཅིག་གསུངས་ནས་ཕྱིན་ན་མ་གཏོགས་འདི་ཚོས་བོད་གཞིས་ལུས་ཀྱི་བདེ་སྡུག་གླེང་རྒྱུ་མིན་པ་འདྲ། རྒྱ་རྒྱ་དང་བོད་བོད་ཡིན་པའི་ཛ་དྲག་ལངས་བཞིན་པའི་ད་སྐབས་འདིར། དགེ་འདུན་པ་དང་བཙུན་མས་སྣེ་དྲངས། དེའི་རྗེས་ལ་མི་མང་སླེབས། ད་ནི་རྩོམ་པ་པོ་དང་གཞུང་གི་ལས་བྱེད་པ་བཅས་བཙོན་ལ་འགྲོ་བཞིན་པའི་སྒང་རེད། གཅིག་བྱེད་རྒྱུ་མེད་སོང་བ་རེད་དམ། ཡང་ཁྱོན་ནས་བྱེད་མ་ཤེས་པ་རེད།
དབྱེ་ཞིབ་གནད་ལ་འཁེལ་ཞིང་། མདོ་དོན་ཚིག་ལ་ཕབ་འདུག་པས། བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
པད་མ་རྣམ་རྒྱལ་ལགས་ནས། བགྲོ་གླེང་སྤྱིའི་སྒྲོམ་གཞི་ལ་དབྱེ་ཞིབ་གཏིང་ཟབ་དང་སྐྱོན་བརྗོད་ཁ་ཐུག
གནད་འགག་ངོས་འཛིན་བཅས་གནང་འདུག རྩོམ་འདི་འདྲ་བ་མུ་མཐུད་དུ་ཆར་བ་བཞིན་འབབ་པའི་རེ་བ་ཆེའོ།
རང་གི་འཚོར་བའི་ས྄ྐོར་བར྄ྗོད་པར་ཐུགས་ར྄ྗེ་ཆེ། ཁྱེད་ཀྱིས་ཇི་གསུངས་ལ་ངས་ར྄ྒྱབ་ས྄ྐྱོར་བྱས།