(༧ཀུན་གཟིགས་པཎ་ཆེན་ཚང་ལ་ཕུལ་བ།)
གཅན་འོད་འབར།
བརྗེད་དཀའ་བའི་ཉིན་མོ་འདིའི་ནམ་ཟླའི་བཞུད་སྟངས་ཀྱིས།
ཟླ་བ་ཞིག་ཤར་ནས་ནུབ་ཚུལ་དྲན་དུ་བཅུག་ལ།
མེ་ཏོག་ཅིག་འཁྲུངས་ནས་བོར་ཚུལ་ཡང་བསམ་དུ་བཅུག
དད་བརྩེའི་མིག་ཟུང་ནས་བྲལ་བའི་ཟླ་བ།
རེ་བའི་སེམས་ཁོང་ནས་ཡལ་བའི་མེ་ཏོག
བཙལ་ནས་མ་རྙེད་པའི་ཟླ་བ་དང་མེ་ཏོག
ད་ལྟ་གང་ཞིག་ན་མཉམ་དུ་བཞད་ཡོད།
དཀར་གསལ་གྱི་ཟླ་བ།
དམར་སེར་གྱི་མེ་ཏོག
མེ་ཏོག་ཆུང་ཆུང་ཞིག་ཟླ་བའི་ཡང་སྤྲུལ་དུ་འཁྲུངས་བ་ཡང།
གློ་བུར་གཡུགས་པའི་སེམས་མེད་ཀྱི་རླུང་འཚུབ་དེས།
གང་ཞིག་ལ་བཙན་གྱིས་འཁྱེར་བ་མ་ཤེས་པའི་ཉིན་མཚན་དེ་དག
ཅི་ཞིག་ལ་སྦས་ནས་མ་མངོན་པའི་ལོ་ཟླ་འདི་ཚོ།
མུན་པས་ཧམ་སེམས་དྲགས་པའི་ལོ་ཡིན།
འཚུབ་མའི་གཡོ་སྒྱུ་སྐྱེན་པའི་དུས་ཡིན།
སུ་ཞིག་གིས་ཀྱང་དངོས་སུ་མཐོང་མ་མྱོང་བའི་མེ་ཏོག་དེ།
བཞད་ནས་ཡུན་རིང་འདས་ཀྱང་དྲི་ཞིམ་མ་ཚོར་ལ།
ཤར་ནས་རྒྱུན་རིང་སོང་ཡང་མཛེས་སྡུག་མ་རིག
ཁ་བཏགས་རལ་ཧྲུལ་ཞིག་གི་དཀྱིལ་ན་ཉི་མས་བསྲེགས་ཤིང།
དཔར་སྒྲོན་རྙིང་པ་ཞིག་གི་ནང་ན་རླུང་བུས་ཟས་པའི་ཆུང་དུས་ཀྱི་འདྲ་པར་དེས།
གབ་ཚིག་ལྟ་བུའི་དྲི་བ་མང་པོ་ཞིག་བཏང་ཡོང་ལ།
ལྐོག་གྱུར་མིན་པའི་གསང་བ་མང་པོ་ཞིག་ཀྱང་བཤད་བྱུང།
མུན་པས་བཙོན་དུ་བཅུག་པའི་མེ་ཏོག
སྐྱ་རེངས་ཀྱི་འོད་སྣང་བསུ་ཞོར།
མགོ་བོ་སྨད་པའི་གནམ་སའི་རྒྱན་དུ་བཞད་པར་ཤོག
དད་འདུན་གྱི་རུམ་ན་བཀྲ་བའི་མེ་ཏོག
མཛེས་སྡུག་གི་འདབ་མ་མངོན་བཞིན།
ལག་ཟུང་བརྐྱངས་པའི་སྐར་མའི་མགོན་དུ་ཤར་བར་སྨོན།
༢༠༡༢།༤།༢༥ཉིན་བྲིས་པ་དགེའོ།།
ཉིན་མོ་ལ་ཟླ་བ་དྲན་ཞིང་། མཚན་མོ་ལ་ཡང་ཟླ་བ་དྲན། ཟླ་བ་ཆེན་པོ། ངའི་སེམས་གཏིང་གི་ལྷ་ཟླ་དཀར་པོ། གང་ཞིག་ན་ཡོད་དམ།
གངས་ལྗོངས་ཀྱི་མཁའ་དབྱིངས་དེ་ན་། དཀར་གསལ་གྱི་དུང་ཟླ་འོད་ཅན་། སྤྲིན་ནག་གི་ཡོལ་བ་ཞིག་གིས་། ཁྱེད་ཞལ་དེ་མ་མཇལ་སྐྱོ་བ་།