—-གཙང་པ་བཀྲ་སྟོབས།
བསམ་ན་སེམས་ལ་སྐྱིད་པ། །
བལྟས་ན་ཡིད་ལ་འོང་མོ། །
ཕན་ཚུན་ཆ་རྒྱུས་མེད་ཀྱང་། །
བློ་ལ་ཤིན་ཏུ་བབས་བྱུང་། །
ངོ་དང་ངོ་ཐུག་མེད་ཀྱང་། །
ལུས་དང་ལུས་འཕྲད་དཀའ་ཡང་། །
སེམས་དང་བསམ་པ་གཅིག་པས། །
སྙིང་གི་དཀྱིལ་ན་ཉར་ཡོད། །
བར་ན་ས་ཐག་རིང་ཡང་། །
བསྐྱོད་ན་མྱུར་དུ་སླེབས་པས། །
ཁྱོད་དང་ང་ཡི་བར་གྱི།
རྒྱང་ཐག་འདི་ལ་སྐྲག་མེད། །
བཤད་ན་སྤྲོ་བ་ཇེ་ཆེ། །
འདྲིས་ན་དུང་བ་ཇེ་ཟབ། །
ཟླ་བ་སྒྲོལ་མའི་མཉམ་དུ། །
འཚོ་འདོད་བསམ་པ་སྐྱེད་བྱུང་།།
གོ་ན་སྣང་པ་སྐྱིད་པ།
མཐོང་ན་ཉམས་རེ་དགའ་བའི། །
འདྲ་འདྲ་དུ་མའི་ནང་གི། །
མི་འདྲ་བ་དེ་ཁྱོད་ཡིན། །
སེམས་ལ་ལྷག་བསམ་ཆེ་ཞིང་། །
ལུས་ལ་བརྩོན་འགྲུས་ལྡན་པ། །
ལས་དང་སྨོན་ལམ་ཞིག་ལ། །
ནམ་ཡང་འཁོར་བའི་སྒྲོལ་མ། །
ཁོག་ལ་ཤེས་རྒྱ་ཆེ་ལ། །
ཁ་ལ་ཅ་ཅོལ་མེད་ཅིང་། །
རྒྱུད་པ་ལྷ་ལ་གཏུགས་ཀྱང་། །
སྐྱོན་ཆ་མེད་པའི་སྒྲོལ་མ། །
ཡོད་ན་ཨ་ཕོའི་སྤོབས་པ། །
མེད་ན་ང་ཡི་སྡུག་བསྔལ། །
འཕགས་པའི་ནོར་མཆོག་ཟེར་ཡང་། །
སྒྲོལ་མ་འདི་ལས་གཞན་མེད། །
སྙིང་དམར་ཁོག་ནས་བཏན་པ། །
རྐེ་ལ་ཐག་པ་བརྒྱབ་ནས།།
ལུས་དང་སྲོག་ཡང་གཏོང་བའི། །
བརྩེ་གདུང་ཡོད་པ་བདེན་ནོ། །
ལས་ན་ལས་ཞོར་དྲན་གྱི །
ཉལ་ན་གཉིད་ཀྱང་མི་ཁུག །
དུས་ཚོད་སྟོང་པ་ཡོད་ཚད། །
ཁྱེད་རང་གཅིག་པུ་དྲན་ཡོད། །
རབ་ན་དགའ་མ་བསམ་མོད། །
དེ་ལ་འཐད་པ་མེད་ཀྱང་། །
ཁྱེད་ཀྱི་ཉེ་ས་ཞིག་ཏུ ། །
ཁོ་བོ་ཉར་བ་མཛོད་ཅིག །
བྱུང་ན་ཁྱིམ་གཞིས་བཟུང་རོགས། །
དེ་མ་འདོད་པ་མེད་ཀྱང་། །
ཁྱེད་རང་མཐོང་ས་ཞིག་ན། །
ཁོ་བོ་ཉར་པ་གནང་རོགས། །
བརྒྱ་ལ་བསམ་དོན་འགྲུབ་ཚེ། །
ཁྱོད་རང་ཁོ་ན་མཁོ་བའི། །
བདག་སེམས་ཤེལ་དཀར་ལྷུན་པོ། །
ནམ་ཡང་ཁྱེད་ལ་འབུལ་ཆོག །
ཉར་ན་སེམས་ལ་དཀའ་ཞིང་། །
བཤད་ན་སེམས་ལ་སུན་པའི། །
རྫོགས་པར་དཀའ་བའི་སྙིང་གཏམ། །
མ་བཤད་ཀ་མེད་གྱུར་སོང་། །
2015/11/10 ཉིན།
ང་ཡི་སྙིང་སྡུག
མཐོང་ཚད་ཁྱོད་ཀྱི་ཞལ་རས། །
གོ་ཚད་ཁྱོད་ཀྱི་གསུང་སྙན། །
བསམ་ཚད་ཁྱོད་ཀྱི་ཐུགས་བརྩེ། །
ང་ནི་ཁྱོད་ཀྱི་སྙིང་སྡུག །
ང་ཡི་སྙིང་སྡུག་སྒྲོལ་མ། །
་
ཁྱེད་རང་བཙལ་བཙལ་ངང་ལ། །
ང་ཡི་རྐང་པ་ན་སོང་། །
ཁྱེད་རང་འཁྲིས་ལ་ཡོད་ཀྱང་། །
འདི་འདྲའི་རྒྱང་ཐག་རིང་ང་། །
་
ད་ནི་རེ་ཐག་ཆོད་པ། །
ཧཧཧ་འུ་ཐུག་འདོག་ལ་།
རྒྱལ་ཁམས་ཕོ་ཕྱེད་མོ་ཕྱེད་།
བཀྲ་ལོ་གཡས་བཞག་གཡོན་བཞག་།
རྟ་ལ་སུག་རྩེ་ཡོད་ན་།
འཛམ་གླིང་བསྐོར་ནས་བལྟ་ཆོག་།