སྙན་བཟང་གཡུང་དྲུང་ཚེ་རིང་།
ནུབ་ཁའི་ཉི་འོད་རྒྱ་མཚོའི་མཐའ་ལ་ཕོག །
ཆུ་ཡི་གཉེར་མ་ཁྲག་གི་མདངས་སུ་ཆགས། །
རྒྱ་མཚོའི་འཇིངས་སུ་རླུང་རླབས་དྲག་ཏུ་རྒྱུ། །
གཡོར་གྲུ་དཀར་པོའི་དར་ལྕེ་ལྷབ་ལྷུབ་གཡོ། །
གནམ་གྱི་མཐོ་སར་སྲོད་ཀྱི་འདབ་ཆགས་བསྟར། །
སྤྲིན་གྱི་རྒྱ་མཚོར་བརྒལ་བའི་སྟ་གོན་རྩོམ། །
མཚོ་ཡི་འགྲམ་དུ་ཕོ་མོ་བག་ཕེབས་བགྲོད། །
ཕན་ཚུན་གཏམ་དུ་སྙིང་གཏམ་ཤབ་ཤུབ་སྨྲ། །
ཉི་རྒས་མཐའ་ཡས་རྒྱ་མཚོའི་རྒྱབ་ཏུ་ཡིབ། །
ཁོར་ར་ཁོར་ཡུག་མུན་པ་སྟུག་པོ་རུབ། །
སྐྱེ་བོ་ཕལ་ཆེར་རིམ་བཞིན་ཁྱིམ་དུ་ལོག །
ཅ་ཅོ་འདུ་འཛི་དབེན་པའི་གནས་སུ་ཐིམ། །
རི་བོང་འཛིན་པའི་གཟུཊ་བརྙན་མཚོ་ལ་ལྷུང་།།
རླབས་ཀྱི་ཕྲེང་བས་འོད་དཀར་གཡོ་བར་བྱེད། །
ཟླ་འོད་གསལ་བས་མཚོ་ངོཊ་སྔར་ལས་མཛེས།།
ཡིད་ཀྱི་སྐྱོ་གདུང་རྦ་རླབས་ངང་གིས་འཕེལ། །
ཟླ་འོད་འོག་ཏུ་རྒུན་ཆང་ཅི་དགར་རོལ། །
མཆི་མའི་བཞུར་རྒྱུན་བྱེ་མའི་སྟེང་དུ་ཟགས། །
ཕ་ཡུལ་མ་མཐོང་དུས་བཞི་བརྒྱ་ཕྲག་འགོར། །
དོ་དགོང་གྲུ་ལ་ཞུགས་ནས་ལོག་པར་འདོད། །
རླབས་ཕྲེང་མཁའ་རུ་འཕྱོ་བཞིན་བྲག་ལ་རྡེབ། །
རྒྱ་མཚོ་ཆེན་པོར་བརྒལ་ནས་ཇི་ལྟར་བགྲོད། །
གཞོན་པའི་ལང་ཚོ་རིམ་གྱིས་ཡལ་བར་ངེས། །
ནམ་ཞིག་ལ་ནི་ཕ་ཡུལ་མཐོང་བར་འགྱུར། །
སེམས་ཀྱི་སྡུག་བསྔལ་རྒྱ་མཚོ་ཐེག་པར་དཀའ། །
ལོ་ཟླའི་འཁོར་འགྲོས་རིང་མོ་ཅི་ལྟར་སྐྱེལ། །
དོ་ནུབ་ཟླ་འོད་འོག་ཏུ་གདུང་བར་གྱུར། །
རང་གཟུགས་མཚོ་ཡི་ནང་དུ་ངུ་བ་མཐོང་།