[ཕྲན་བཤད། ཁྲོ་གཏུམ།]
ང་ལ་ཕྲན་དཔྱད་ཅེས་པའི་ངོས་ནས་སྙན་ངག་ཅིག་གི་ཚེ་སྲོག་གླེང་བར་སྤོབས་པས་མི་འདང་བས་ན། ཕྲན་བཤད་ཅེས་གླེང་བར་སྤྲོ་སོང་། དཔྱད་པ་ནི་ནམ་ཡང་རང་ཉིད་ཀྱི་ཚོར་ངོས་སུ་འཆར་བའི་ཀློག་ཚོར་དེ་གཅིག་པུ་མ་ཡིན་པར་སྙན་ངག་གི་ཚེ་བླ་སྲོག་གསུམ་ལ་ཤ་ཐིམ་རུས་ཐིམ། ཡང་ན་སྒྱུ་རྩལ་གྱི་ཉམས་འགྱུར་ལ་ངེས་ཆ་གསལ་ཐག་ཆོད་དང་། གནའ་དེང་ཉིས་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་སུ་སྦྱང་བ་མི་དམན་པ་ཞིག་མཆིས་ན། ད་གཟོད་སྙན་ངག་གི་ཕྱིའི་པགས་པ་བཤུས་ཏེ་ནང་གི་རྒྱུ་མ་ལྡུག་པ་དང་དེ་ཟ་མཁན་གྱིས་རོ་མཆོག་གི་བྲོ་བ་བླ་ན་མེད་པ་དང་། སྙན་ངག་འབྲི་བ་དང་ཀློག་པ། ཚོར་བ་མྱོང་བ་བཅས་སུ་ལམ་སྟོན་སྒྲོན་མེ་སྦར་ཐུབ་མཁན་ཞིག་ཏུ་གྱུར་བ་རེད། དེ་བས་ང་ལ་དེ་འདྲའི་སྤོབས་པ་མེད་དུས། ངས་གྲོགས་མཆོག་གི་ཁ་ངོ་མ་ལྡོག་ཙམ་དུ། ཕྲན་བཤད་ཅེས་པའི་ངོ་བོ་ཞིག་གི་ཐོག་ནས་བཤད་འདོད།
<<ཟླ་བའི་འོད་ལ་འཁྲེན་པ།>>སྙན་ངག་འདི་ཚིགས་བཅད་དགུ་ཡིས་གྲུབ་ཅིང་། ཚིག་མགོ་དང་ཚིག་རྔའི་དབར་གྱི་ཚོར་བའི་འབྲེལ་ཐག་ནི། རང་ཉིད་མ་ཡུམ་གྱིས་བསྐྱེད་པའི་དྲིན་ལན་སྔོན་དུ་སོང་ཞིང་། མཐའ་མའི་ཚིགས་བཅད་དུ་རང་ཉིད་ནི་ཁ་བ་གངས་ཅན་ལྗོངས་ཀྱི་རིགས་རྒྱུད་འཁྲུལ་མེད་ཅིག་ཡིན་པ་གསལ་བཤད་བྱེད་པའི་འདུན་པ་ཟབ་མོ་ཞིག་གིས་མཇུག་བསྒྲུབས་ཡོད་པས་ན། ངས་སྙན་ངག་འདིའི་མགོ་དང་མཇུག་གི་ཚིག་ཐབས་སུ་རྙེད་པའི་ཚོར་བ་ནི། དགེ་ཆོས་ཡི”རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས”ཞེས་པ་དེ་རེད།
འོན་ཀྱང་། སྙན་ངག་འདིའི་ནང་དུ་མགོ་ནས་རང་ཉིད་ཀྱི་ཨ་མ་གླེང་། རིམ་བཞིན་རང་ཉིད་སེམས་པ་ཤོར་བའི་བུ་མོ་དེ་བྲིས་པ། དེ་རྗེས་རང་ཉིད་ཀྱི་གཤིས་ཀའི་ཁྲོད་ལ་བབས་ཏེ། བོད་དྲི་ཐུལ་དུ་བཅུག་འདུག་པ་འདི་ཡིས། ཀློག་པ་པོའི་སེམས་ཁ་ཡར་མར་བཅོ་བརྒྱད་ལ་འཁྲིད་འགྲོ་ཞིང་། ཀློག་ཚོར་གྱི་ངོས་སུ་ཡིད་ཚིམ་པའི་རོལ་མྱོང་ཞིག་སྟེར་དཀའ་ལ། ཅི་ཡིན་འདི་ཡིན་མེད་པའི་རག་ཚོར་ཁ་ཤས་ཤིག་གི་མྱོང་བ་ལས་ཅང་མི་རག་པའི་ཚོར་བ་བྱུང་བས། གཅིག་ན། སྙན་ངག་འདིའི་བརྗོད་བྱ་རྒྱ་ཆེ་དྲགས་པའམ་བརྗོད་གཞིའི་གོ་རིམ་ཧ་ཅང་བསྡུས་གཟུགས་སུ་ལྷུང་དུ་བཅུག་པ་འདྲ། འོན་ཀྱང་། ངའི་བསམ་པའི་རྩིག་ལྡེབས་ངོས་སུ་འཆར་བ་ནི། སྙན་ངག་འདི་རྩོམ་པ་པོས་བློས་བསླངས་བྱེད་དུས་ནས་མཇུག་བསྡུ་བའི་བར་ལ། རྩོམ་པ་པོས་ཅུང་ཨུ་ཚུགས་ཀྱི་ཚོར་བ་འགའ་བསྲེས་ཡོད་པ་འདྲ། རྒྱུ་མཚན་ནི་ཨ་མ་བཤད་ནས་མར་ཡོང་སྟེ་དགའ་རོགས་གླེང་བ། དེ་ནས་རང་ཉིད་ཀྱི་རིགས་ཞེན་འབྲི་བ་འདི་ལས་སྙན་ངག་གི་ཚོར་བ་སླེབས་ཏེ་འབྲི་མགོ་རྩོམ་དུས། ཚོར་བ་འགྲོ་ས་ནི་ལམ་བུ་ཀྱག་ཀྱོག་གི་སྟེང་དུ་ཞུགས་པ་དང་། ཚོར་བའི་ངོས་ཀྱི་གཏིང་ཟབ་པ་གང་ཡོད་པ་དེ་འཆོལ་བའི་གཤིས་ཀ་བཞིན་དུ་གོ་རིམ་མེད་པར་ཡིག་ཐོག་ལ་གཤར་དུ་བཅུག་པ་ལས་མཚོན་ཐུབ་པ་ཞིག་ངའི་ཀློག་ཚོར་ལ་ཤར་སོང་།
སྙན་ངག་འདིའི་གྲུབ་ཆ་ནི་ཚིགས་བཅད་ཡིན་པ་མ་ཟད། ཚེག་བར་དོ་མཉམ་ཅན་དང་ཚིག་རྐང་བཞི་ལས་གྲུབ་པ་ཞིག་རེད་མོད། སྲོལ་རྒྱུན་སྙན་ངག་འབྲི་སྟངས་ལྟར་དཔེ་དང་དཔེ་ཅན། བསྡུས་དང་མ་བསྡུས་པའི་གཟུགས་རྒྱན་ལྟ་བུའི་ལག་ཆ་དག་སྒྲིག་སྲོལ་ཅན་གྱི་ངང་ནས་བེད་སྤྱོད་བཏང་བ་མ་ཡིན་པར། མཉམ་བསྲེས་ཀྱིས་སྙན་ངག་གི་ཉམས་དོད་ཅིང་། དེ་ལས་ཀྱང་བོད་སྐད་ཀྱི་བྲོ་བ་ལྡན་པ། ཚིག་ཉམས་དོད་ཅིང་བོད་སྐད་ཀྱི་གཏིང་ལ་བྱང་ཆ་ཆེ་བ་རྣམས་ཀྱིས་དམིགས་བསལ་གྱི་རོལ་མྱོང་བྱེད་ཐུབ་ཅིང་། ཐ་སྙད་ཀྱི་བྱང་ཚད་ཧ་ཅང་མཐོ་བ་མཚོན། དེ་ལྟར་ན། ངས་སྙན་ངག་འདི་ཀློག་སྐབས་རང་ཉིད་ཀྱི་ཆེས་བློར་འགྲོ་ས་ནི་ཐ་སྙད་ཀྱི་བརྗིད་ཁོག་ཡིན་ཞིང་། གཟི་བརྗིད་དེའི་བྲོ་བ་སྒྱུ་རྩལ་གྱི་རྩ་ལམ་ལ་བསྲེས་ན། བསྐྱར་ཀློག་ཁ་ཤས་ཀྱིས་ཚོར་བ་རློན་དུ་འཇུག་པ་ཞིག་རེད།
ང་ཚོས་དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གི་སྲོལ་ལྟ་བུ་ཞིག་ཕྱེ་ཅི་ཐུབ་ཀྱི་ལྟ་ཚུལ་ནི་སྙན་ངག་དཔྱད་བརྗོད་པ་དང་འབྲི་བ་བོ་ཚང་མར་ཡོང་གི་ཡོད་ཀྱང་། དེ་ལ་དམིགས་བསལ་གྱི་གསལ་ཁ་བཏོད་དགོས་དོན་མི་འདུག གཙོ་བོ་བརྗོད་བྱའི་འཚོལ་བསྙེགས་ཀྱི་ངོས་ནས་གནའ་དེང་བཀར་བ་དང་། ཚིག་གི་བཀོལ་སྤྱོད་ཀྱི་ཆ། དེ་བཞིན་སྐད་ཆའི་ཉམས་འགྱུར་སོགས་གང་ཅིའི་ཐད་ནས་སྔོན་དང་བསྡུར་ན་མ་འདྲ་བར་ཆགས་པ་ནི་ཆོས་ཉིད་རེད། དེ་བས་སྙན་ངག་གི་རོལ་མྱོང་ནི་གནའ་དེང་གང་ནས་རག་ཐུབ་ལ། འབྲི་སྲོལ་གྱི་ཆ་ནས་གོང་གི་སྙན་ངག་འདི་ནི་དེང་རབས་ཀྱི་འབྲི་སྲོལ་རེད་ལ། དེ་ཡང་སྐད་ཆའི་སྒྱུ་རྩལ་བསྲེ་སྟངས་དང་བརྗོད་དོན་གྱི་ཚོར་བ་མངོན་སྟངས་ལས་སྲོལ་རྒྱུན་སྙན་ངག་གི་སྒྱུ་རྩལ་འདེམས་སྒྲིག་ལས་ཕྱུག་པོ་རེད་ཅེས་ཕྲན་བཤད་སྤེལ་བ་ཡིན།
༢༠༡༦ཟླ་༡༠ཚེས་༣༡ཉིན་བྲིས།
[ཟླ་བའི་འོད་ལ་འཁྲེན་པ།]
རྩོམ་པ་བོ། ཁ་བ་སྐམ་པོ།
ལྟེ་ཁྲག་མེ་ཏོག་གློ་ཁ་ས་ལ་འཕོས་ནས།།
ཨག་གི་གྲེ་འགྱུར་སྟོང་ལྡན་གླིང་ལ་བསྒྲགས་དུས།།
བྱམས་སེམས་འོ་མ་རློན་པ་འོ་ཁ་ཅན་གྱི།།
དྲིན་ཅན་མ་ལོ་འོ་བརྒྱལ་ཡང་ཡང་གཏད་ཡོད།།
སྒེག་ལྡན་ཆུ་མོ་གཡུ་ཡི་མདངས་ལ་འདྲེས་པའི།།
རླབས་ཀྱི་གཞས་ཆུང་དེ་ནི་ཤག་ཤག་བཞུར་ཚེ།།
ཟླ་བའི་བུ་མོ་འཛུམ་དང་འཛུམ་ལ་བསྟིམས་པ།།
མིག་གི་ཟུར་མདའ་འཛིན་པའི་ཁབ་ལེན་གཟུ་མོ།།
གཡས་ཀྱི་སྟག་རྒོད་སྐྱ་བོ་འགྱིངས་བག་བརྗིད་པ།།
གཙུག་གི་འོད་ཟླུམ་རི་མོ་མཁའ་ལ་བཤམས་པ།།
མཛེས་ཐོག་མཛེས་བཞག་བུ་མོའི་གསེར་ནག་རྣ་ཀོར།།
མཐོང་ཞིང་མཐོང་དུས་ཤུ་རིང་བར་མེད་འཆོར་གི།
གཡང་ཊིའི་ཁ་དོག་འཛིན་པ་ཁྱུང་ཆེན་རི་བོ།།
རྨ་ཀླུང་རི་ཡི་སྲོག་ལ་གྲོང་ངེར་འབུས་པ།།
བཙུན་མོ་དམར་ཡག་སེམས་ཀྱི་རྟེན་ས་བཀན་མོ།།
བརྩེ་སེམས་གསེར་ལྡན་དྭངས་གཙང་མདངས་ལ་བཅོལ་ཡོད།།
བྱང་ན་མགར་གྱི་རིགས་རུས་ལམ་མེར་བཞད་ཡོད།
ལྷོ་ན་སོག་པོའི་རིགས་ཀྱང་ཤུགས་ཀྱིས་སྨིན་ཏེ།།
ལྷ་ཡི་འབངས་ལ་བསྐོས་པའི་རུ་སྡེ་འོད་ཅན།།
ཆུ་མོ་སྙན་འགྱུར་ཅན་དང་བསྡེབས་པ་གནང་ཡོད།།
བྲང་ཁ་སྒོར་མོའི་ཐིག་ལེ་དྲོད་དུ་རྒྱུ་དུས།།
ཡིད་ཀྱི་གློ་བ་སྨུག་པོ་ཀྲོག་སེ་སྨོན་ས།།
གནམ་སའི་འདྲེས་མཚམས་བར་གྱི་ཟེར་མ་ཕྲ་མོ།།
སེམས་ཀྱི་དཀྱིལ་འཁོར་ཐང་དུ་ལམ་ལམ་ལམ་ཡོད།།
སེམས་པ་ཁྱེད་ལ་ཕྱོགས་པའི་དུས་ཚིགས་བར་ནས།།
སྐྱིད་སྡུག་ཆར་སྤྲིན་འཁྲིགས་པའི་ལོ་ཟླའི་ཁྲོད་དུ།།
ལྷ་དང་ཀླུ་ཡི་བཀའ་ལུང་རྡོ་རྗེ་བྲག་རི།།
ཐིག་ལེའི་རྣམ་ཤེས་ཕྲ་མོར་ཞེ་རྩ་བསྡམས་ཡོད།།
ཕྱི་ཡི་ཟང་ཟིང་དེ་ལ་སྨོན་པ་མ་ཡིན།།
ལུས་ཀྱི་བཟོ་ལྟ་དེ་ཡང་དུངས་པ་མ་ཡིན།།
གནའ་བོའི་དམངས་གླུ་རིམ་པ་བཙན་པོ་མ་བོར།།
ཀུན་གཞི་ཡིད་ཤེས་རྒྱལ་མོ་འཁོར་ས་ཞིག་ཡིན།།
མཁའ་ནས་འཐོར་བའི་ཆར་སིམ་དྲོད་འཇམ་ཞིག་སྟེ།།
ཐང་ནས་འབར་བའི་དངུལ་དཀར་འོད་ཟེར་རེ་རེ།།
གཉུག་གཤིས་རུས་པར་ཐིམ་པ་ཁ་བའི་བུ་ལོ།།
རྣམ་ཤེས་རྐང་གི་ནང་ན་ལྡེམ་པོར་བཞད་ཡོད།།
2016/1/28དགོང་མོར་ཆང་འཐུང་འགའི་བཟི་གཏམ་ལ་ཉན་བཞིན་བྲིས།
རྩོམ་དངགས་སྙན་སོགས་སྒྲིག་བཞིན་ཡི་གེ་ཐོབ་སྟངས་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་མང་པོ་ཡོད། དེ་དག་གིས་བྲིས་པ་ལ་གཞིར་བཟུང་སྟེ། དག་ཡིག་ཚད་ལྡན་རྣམས་ན།་འདང་བ་ཞེས་པ་མ་ཡིན་པར་ལྡང་བ་ཞེས་བྲིས་ཏེ། སྟན་ལས་ལྡང་དང་འཁོབས་ཀྱི་ལྡང་། ཞེས་གསུངས་སོ། སྤྱོད་འཇུག་ན། དེ་སྙེད་གོ་བས་ག་ལ་ལྡང་། ཞེས་བོད་ཀྱི་ལོ་ཙ་པ་རིན་ཆེན་བཟང་པོ་སོགས་ཀྱིས་རྩོམ་པ་པོ། ཁ་བ་སྐམ་པོ།ཁྱོད་སོགས་ལ་གསུངས་སོ་སྙམ་མོ།
དགོངས་མོར་བྲིས་པ་ཡིན་ན། ཡི་གེ་མ་དག་པ་གཟིགས་ཐུབ་ན་ཞུས་དག་མཛོད་།
ཕྲན་བཤད་ཅེས་པའི་ཐ་སྙད་འདི་གསར་བ་ཡིན་པ་འདྲ། ལྡོག་ཕྱོགས་ལ་བསམ་བློ་བཏང་ན་རྒྱས་བཤད་ཅེས་པ་གནའ་སྔ་མོ་ནས་ཡོད་མོད། ཕྲན་བཤད་ཅེས་པ་ལོ་ཤས་སྔོན་བར་དུ་མཐོང་ཡུལ་དུ་མ་གྱུར།