རྫོགས་ཆེན་ཀུན་བཟང་།
ཤར་རིའི་རྩེ་ནས་ཟླ་འོད་ཞལ་ཁ་རྒོད།།
ཀུ་མུད་བརྩེ་བའི་དགྱེས་འདབ་ཕྱོཊ་ཀུན་གྲོལ།།
བསིལ་ཟེར་ལུས་ལ་སིམ་པའི་རི་ཁྲོད་པས།།
མཚན་མོའི་ཁོར་ཡུག་ཀུན་ལ་རྒྱང་བལྟས་བྱས།།
འོད་ཀྱི་དར་ཐག་ནོར་འཛིན་མགུལ་དུ་སྒྲོན།།
ཞལ་རས་མཚོ་མོའི་ནང་ནས་དལ་བུར་འགུལ།།
ལྕུག་ཕྲན་རྩེ་ཡི་ལོ་མ་རེ་ཟུང་ཞིག །
མཚོ་ནང་ཟླ་བའི་གཟུཊ་ལ་འཐམས་ནས་འཛུམ།།
མཐོ་པོའི་བྲག་ལ་ཕོག་པའི་ཟླ་འོད་ཀྱིས།།
གསེར་མིག་འུག་པའི་ཏིང་འཛིན་དཀྲོག་དང་ལྷན།།
ཟླ་འོད་ཟས་སུ་འགམས་པའི་རི་ཁྲོད་པར།།
མི་རྟག་རྣལ་མ་ཞིག་གི་དངོས་བྲིས་བྱིན།།
བསིལ་ཟེར་ལུས་ལ་ཕོག་དུས་ཡོད་སྣང་ཞིག །
དཔྱད་པའི་བློ་ཡིས་བཙལ་དུས་མེད་སྣང་ཞིག །
སྣང་མེད་དག་པའི་བཙན་ཐབས་མ་ཟིན་པར།།
འཁྲུལ་སྣང་ཞགས་པའི་མདུད་པ་སུ་ཡིས་ལྷོད།།
སྐད་ཅིག་མི་བརྟན་མཚོ་ནང་ཟླ་བའི་རིས།།
སྣང་ཀུན་བདེན་མེད་འབྱུང་པའི་རང་རྟགས་ཏེ།།
ཟུང་འཇུག་རྩལ་ནས་ཤར་བའི་དག་གཟུཊ་ཀྱང་།།
ངོ་བོ་སྟོང་བར་རྫོགས་པའི་རང་གཤིས་མངོན།།
ཡོད་ཚད་སྟོང་བར་རྟོགས་པའི་རྣལ་འབྱོར་པས།།
རང་བྱུང་རྡོ་ཡི་བྲག་སྐྱིབས་དམ་པ་ནས།།
གུ་ཡངས་བློ་བདེའི་གནས་ལུགས་ལྟ་བའི་དབྱངས།།
འཛིན་མེད་རང་བྱུང་ཐོལ་གླུ་ལན་གསུམ་ཕུལ།།
དེ་རིང་སྣང་ཚད་ཡེ་འབྱམས་གཤིས་སུ་དག །
བཟུང་འཛིན་གཉིས་སུ་ཞེན་པ་འཁྲུལ་བ་སྟེ།།
ལྷ་ལམ་དལ་བུར་བསྒྲོད་པའི་ཟླ་གཞོན་དང་།།
མཉམ་དུ་བསྡེབས་ནས་ལྟ་བའི་མཁའ་དབྱིངས་བསྒྲོད།།
སྣང་སྟོང་དབྱེར་མེད་སྟོང་བའི་དབྱིངས་སུ་ཞུགས།
ཟག་མེད་བདེ་ཆེན་ཟུང་འཇུག་ཆེན་མོར་རོལ།
ལུས་སེམས་དགའ་བདེ་འབྱིན་དང་རྔུབས་ཀྱི་ཆ།
བདེ་སྡུག་རེས་སུ་གྲིལ་བ་འཁོར་བའི་གཤིས།