གླིང་གཅེར་བུ།
ཉེ་སྔོན་ངེད་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་སློབ་གཉེར་བ་སྐོར་ཞིག་གིས་བོད་སྐད་ཡིག་གི་བླ་འབོད་ཐེངས་ཤིག་བྱས་པ་རེད། གནད་དོན་དེ་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ཟུར་ཙམ་མངོན་ཡོད་པ་རེད། ངོ་དེབ་དང་ཁ་བརྡ་དྲ་བ་སོགས་ནས་དོན་དེའི་སྐོར་ལ་གླེང་སློང་ཅུང་ཙམ་ཞིག་བྱས་སོང་ན་ཡང་། སློབ་གྲོགས་མང་པོ་ཞིག་གི་རེ་འདུན་ལྟར་གནད་དོན་དེར་ལྟོས་ས་ལྟོས་འཇོག་གིས་གྲུབ་འབྲས་ཆེན་པོ་བྱུང་ཐུབ་མེད་པ་རེད། སློབ་གྲོགས་མང་པོ་ཞིག་ལ་མཚོན་ན་བོད་སྐད་བོད་ཡིག་གི་རེ་ཐག་གཏན་ནས་ཆད་བཞིན་པའི་ཁོར་ཡུག་འདི་ལྟ་བུ་ཞིག་ནས། རང་ཉིད་ལ་སྤྱི་ཚོགས་གང་དེའི་དམའ་འབེབ་དང་མཐོང་ཆུང་སོགས་ཡོད་ཚད་རྒྱབ་ཏུ་གཡུག་ནས་སེམས་བསམ་པའི་རྩོམ་ཡིག་རེ་འབྲི་དགོས་དོན། བསམ་གཟས་ནས་ཟིང་སློང་འདོད་པ་དང་ཉོག་བརྒྱག་འདོད་པ་མ་ཡིན་པར། མིག་མདུན་གྱི་བོད་སྐད་བོད་ཡིག་གི་ལས་དབང་མ་གཟོད་པར་བཤད་པ་རེད་ལ། ད་དུང་སློབ་གྲོགས་མང་པོ་ཞིག་གི་རྩོམ་ཡིག་ནང་དུ་མཐོ་སློབ་ཀྱི་གནད་དོན་ཙམ་མ་ཡིན་པར། བཙན་བྱོལ་བའི་བོད་སྐད་བོད་ཡིག་གི་ལས་དབང་སྤྱི་ལ་བླ་འབོད་དང་སུན་འབྱིན་བྱས་ཡོད་པ་རེད།
ཡིན་ཡང་། ང་རང་གིས་ད་ཐེངས་ཀྱི་སློབ་མའི་རྩོམ་ཡིག་ལས་འགུལ་གྱི་གནད་དོན་འདིར་ཕྱོགས་ངོས་ཆེ་ས་ཞིག་ནས་ལྟ་བཞིན་ཡོད། ད་ཐེངས་ཀྱི་ལས་འགུལ་འདི་ལྟ་བུ་ཞིག་ད་ལྟ་བར་དུ་བཙན་བྱོལ་ནས་བྱུང་ཡོད་མི་སྲིད་ལ། ལྷག་ཏུ་ཆབ་སྲིད་ཀྱི་ཁེ་ཕན་རིང་ལུགས་པའི་ལས་འགུལ་ཉ་ཉོག་དང་མ་འདྲེས་པའི་སློབ་མ་རང་གིས་སད་རྟོགས་ཀྱི་ལས་འགུལ་འདི་འདྲ་ཞིག་བཙན་བྱོལ་བའི་ཤེས་ཡོན་པའི་སྡེ་དང་སྤྱི་ཚོགས་ཀྱི་ཟ་ཟུར་གང་ན་ཡང་བྱུང་མེད་པས། དོན་འདིར་ང་ཚོས་བཙན་བྱོལ་བའི་ལོ་རྒྱུས་ཀྱི་ངོས་མཐོ་ས་ཞིག་ནས་འགྲེལ་བརྒྱབ་ཆོག་པ་ཞིག་ཡིན་པ་རེད། བཙན་བྱོལ་བའི་ལོ་ངོ་ལྔ་བཅུའི་ནང་དུ་རྒྱ་ནག་གིས་བོད་སྐད་བོད་ཡིག་རྩ་མེད་གཏོང་གིན་འདུག་ཅེས་འཛམ་གླིང་ལ་སློང་བརྒྱག་བྱེད་ལྟ་བུར་བསྒྲགས་པ་ལས། རང་ཉིད་ཚོས་བོད་སྐད་བོད་ཡིག་བཀོལ་བ་དང་སྤྱོད་པ་དར་བ་དང་སྤེལ་དགོས་པའི་རྩ་དོན་དེ་གཏན་དུ་དོར་ཚར་བ་རེད། དེ་བས་ནམ་རྒྱུན་ཆབ་སྲིད་ཀྱི་ཞ་མོ་རེ་གྱོན་ནས་ཁེ་ཕན་རེ་ཡི་ཆེད་བོད་སྐད་བོད་ཡིག་ཅེས་འུར་བརྒྱག་མཁན་ཚོ་ལས། ད་ཐེངས་ཀྱི་སློབ་མའི་དྲི་མ་མེད་པའི་སྐད་ཡིག་བླ་འབོད་འདིར་རིན་ཐང་ཆེ་ཆེར་ལྡན་ཡོད།
ད་ཐེངས་ཀྱི་གནད་དོན་འདི་ཁྱབ་རྒྱ་ཆེན་པོ་དེ་ཙམ་འགྲོ་ཐུབ་མེད་པ་རེད་ལ། འགྲོ་མི་ཐུབ་པ་དེ་ལ་ཡང་རྒྱུ་རྐྱེན་མང་པོ་ཞིག་ཡོད་པ་རེད། གནད་དོན་འདིའི་ཐད་ནས་བཙན་བྱོལ་བའི་གསར་ཁང་རེ་གཉིས་ཤིག་གིས་འབྲེལ་བ་བྱས་སོང་ན་ཡང་གནས་བབ་མང་པོ་ཞིག་ལ་བསམ་ནས་ལན་བརྒྱག་ཐུབ་མ་སོང་། དོན་འདིར་ང་དང་བཅས་པའི་སློབ་གྲོགས་མང་པོ་ཞིག་ལ་བློ་ཕམ་ཚད་མེད་བྱུང་ཡོད། ཡིན་ཡང་། འུ་ཚོས་ནམ་རྒྱུན་རང་དབང་དང་མང་གཙོ་ཡིན་ཟེར་བའི་བཙན་བྱོལ་བའི་ཁོར་ཡུག་ན་ང་ཚོར་དེ་ཙམ་ཞིག་གི་ཁེ་དབང་ལས་མེད་སོང་ན་ཡང་། ང་ཚོས་འདི་ལ་ཕྱོགས་ངོས་གཞན་ཞིག་ནས་བསམ་བློ་གཏོང་གིན་ཡོད། དེ་ཡང་བཙན་བྱོལ་བའི་སྤྱི་ཚོགས་དང་ཁོར་ཡུག་གང་ཞིག་ན་ཡང་རང་ཉིད་ཚོས་ནང་ལ་འཁོར་ནས་རུལ་སུང་དང་ཉམས་ཉེས་ལ་རྒོལ་བ་དང་འོས་ལངས་བྱ་ཐུབ་མཁན་མེད་པ་རེད། དེ་ལྟར་བྱ་ཕོད་མཁན་ཀྱང་མེད་པ་རེད། གལ་ཏེ་དེ་ལྟ་བུའི་རིགས་བྱུང་བའི་དབང་དུ་བཏང་ན་ཡང་མི་དེ་སྤྱི་ཚོགས་ནས་ཕུད་གང་ཐུབ་དང་ཡང་མིན་ན་མི་དེར་ཞ་མོ་འདྲ་མིན་སྐོན་ནས་མེད་ཐབས་བཟོ་བ་གདོན་མི་ཟ་བ་ཞིག་རེད། ང་ཚོས་ནམ་རྒྱུན་གསར་འགྱུར་བརྒྱུད་ལམ་ནི་མང་གཙོའི་ཀ་བ་གཅིག་ཡིན་པ་རེད་དང་ཕྱི་གསལ་ནང་གསལ་ཡིན་དགོས་པ་རེད་སོགས་དོན་ལ་མི་གནས་པའི་སྐད་ཆ་སྐྱིད་པོ་མང་པོ་བཤད་ཅི་ཐུབ་བྱ་ཡི་ཡོད་ན་ཡང་། དོན་དམ་པར་གནད་དོན་འདི་ཙམ་ཞིག་སྤྱི་ཚོགས་དྲ་རྒྱར་ཅུང་ཙམ་ཁྱབ་པ་དེར་ནག་ཉེས་ཆེན་པོ་ཡིན་ཚུལ་དང་། ང་རང་ཚོས་གནས་ཚུལ་ཕྱི་ལ་བཅར་བ་དེ་ཞབས་འདྲེན་ཡིན་ཚུལ་སོགས་ལུང་བ་གང་བཤད་སོང་།
སྔོན་ཆད་ཅིག་ལ་བོད་ཁྱིམ་གྱི་མགོ་གཙོ་ཞིག་གིས་བོད་ཁྱིམ་ནི་གླང་ཆེན་འདྲ་བོ་ཡོད་པ་རེད། ཕྱི་ལ་སྟོན་རྒྱུའི་སོ་གཅིག་དང་ནང་ལ་སྦས་རྒྱུའི་སོ་ཞིག་ཡོད་པ་རེད་ཟེར་བ་ཞིག་དྲན་གྱིན་འདུག དོན་འདིའི་ང་ཚོར་གསལ་བཤད་ཡག་ཐོད་ཅིག་བྱས་ཡོད་པ་རེད། ཕྱི་ལ་སྟོན་རྒྱུ་ནི་ད་ལོ་༧གོང་ས་མཆོག་གིས་གསུང་བའི་ཕྱི་ལོག་འདྲ་ཆགས་པོ་དང་ནང་ལ་སྦས་རྒྱུ་དེ་ནི་རང་ཉིད་ཚོས་རུལ་སུངས་དང་འཐུས་ཤོར་དག་ཡིན་གྱི་ཡོད་པ་རེད། བཙན་བྱོལ་བའི་ཆེ་གེ་མོ་ཚོས་ནམ་རྒྱུན་མི་ཚོགས་ཀྱི་མདུན་ནས་སྐད་ཆ་བཤད་དུས་བོད་དང་བོད་མི་རིགས་སྐད་ཡིག་རིག་གཞུང་ལས་བཤད་རྒྱུ་མེད་ན་ཡང་། འདི་ལྟ་བུའི་གནད་དོན་ལ་ཐུག་དུས་བོད་སྤྱི་བ་ཕར་ཞོག་རང་ཉིད་ཀྱི་ངོ་ཚར་འགྱུར་བར་དོག་ནས་དོན་དག་ཡག་མིན་ལ་མ་ལྟོས་པར། སྐྱག་མགོ་ས་བསྟིམས་བྱེད་པར་སྒོ་ཀུན་ནས་བརྩོན་པར་བྱེད། མ་གཞི་མི་རིགས་ཀྱི་ལས་དབང་བཤད་ས་ནས་མི་སྒེར་རེ་གཉིས་ཤིག་གི་སྒེར་དོན་ལ་དོ་ཕོག་འབྱུང་སྲིད་པ་ཞིག་རེད་ལ། བྱུང་དགོས་པ་ཞིག་ཀྱང་ཡིན་པ་རེད། མང་གཙོའི་སྲིད་གཞུང་གི་དབུ་ཁྲིད་མང་པོར་དེ་རིང་སྲིད་འཛིན་ཡིན་ན་སང་ཉིན་མི་མང་དཀྱུས་མར་འགྱུར་སྲིད་པའི་སྟ་གོན་ཡོད་དགོས་པ་རེད་ཟེར་བ་ལྟར། དེ་ལྟར་མེད་པའི་དབུ་ཁྲིད་ནི་སྒེར་དབང་ཆིག་ཆོད་ལས་དམངས་ཀྱི་འདོད་མོས་ལ་བསམ་བློ་གཅིག་ཀྱང་གཏོང་མི་ཐུབ་མཁན་དག་ཡིན་པ་རེད།
གནད་དོན་འདིའི་ཐད་ལ་སྤྱི་ཚོགས་དྲ་བར་ནས་སྐད་ཆ་ཡག་བཙོག་གཉིས་ཀ་བཤད་སོང་མོད། ཡིན་ཡང་། མི་རེ་གཉིས་ཤིག་གིས་གོ་སྐབས་འདི་ལྟ་བུ་དག་བཟུང་ནས་མི་སྒེར་ལ་དམོད་པ་དང་སྡིག་པ་སོགས་མཐའ་ན་༧གོང་ས་མཆོག་གི་ནོར་འཁྲུལ་ཡིན་ཚུལ་ལྟ་བུའི་སྐབས་འཚོལ་གྱི་ལས་ལ་འབད་ཡོད་ན་ཡང་། དོན་འདི་ལྟ་བུ་དག་ནི་དུས་ནམ་ཡང་ང་ཚོས་ཀྱང་དགག་བྱ་ཁོ་ན་ཡིན་ལ། ང་ཚོས་ད་ཐེངས་ཀྱི་སྐད་ཡིག་བླ་འབོད་ཀྱི་ངོ་བོ་ཡང་དེ་འདྲ་ཞིག་མ་ཡིན་ལ། སྤྱི་ཚོགས་སྣང་ཚུལ་གྱི་གནད་དོན་འདི་ལྟ་བུ་ཁ་སྐྱག་ལག་ལ་སྐོར་མཁན་དག་ལ་ང་ཚོའི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
ང་ཚོའི་བསམ་བྱ་འདོད་བྱ་དེ་རང་ཉིད་ཀྱི་ཚེ་སྲོག་དང་འབྲེལ་བའི་བོད་སྐད་ཡིག་འདི་རང་མྱི་རང་གིས་བདག་ཏུ་བཟུང་ནས་རང་མྱི་རང་ལ་སྤྱོད་སྒོ་ཡོད་པ་ཞིག་ཏུ་བསམ་ནས་ཡིན་པ་ལས། མི་སྒེར་དང་ཚོགས་པ་གང་ཞིག་ལ་མཐའ་གཅིག་ཏུ་རྒོལ་འདོད་པ་དང་བཀའ་དྲིན་བསམ་ཤེས་མེད་སོང་བ་གཏན་ནས་མིན་ལ། མཐའ་ན་ང་རང་ཚོ་མང་པོ་ཞིག་བོད་ཁྱིམ་ནས་འཚར་ཞིང་ལག་ཆགས་པ་ཡིན་ལ། ང་ཚོས་བོད་ཁྱིམ་གྱིས་བོད་ཕྲུག་ཁྲི་སྟོང་མང་པོའི་མདུན་ལམ་ཐག་བཅད་པ་སེམས་བསམ་པའི་ཚོར་ནས་ཡོད་མོད། ཡིན་ཡང་། ང་ཚོས་བོད་ཁྱིམ་གྱིས་བོད་སྐད་ཡིག་དང་བོད་ཀྱི་བླ་མེད་ཀྱི་རིག་གཞུང་ལ་དེ་ལས་ལྷག་པའི་ཞབས་འདེགས་བསྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་པས་ཡིན་ལ། མ་འོངས་པའི་བོད་ཀྱི་སོན་རྩར་འབོད་པའི་བོད་ཕྲུག་རྣལ་མ་དང་ཕྱི་ནང་གཉིས་གར་བོད་དྲི་ཁ་བའི་བོད་པ་དྭངས་ཤིང་གཙང་བ་རེ་སྐྱོང་ཐུབ་པར་རེ་བ་ཡིན། དེ་མིན་ང་ཚོས་དཀའ་དྲིན་བསམ་ཤེས་མེད་པའི་ལས་ཤིག་གཉེར་འདོད་པ་གཏན་ནས་མིན།
ད་ལྟ་ང་ཚོས་ཕྱོགས་ཡོངས་ལ་བསམ་བློ་གཏོང་དགོས་པའི་དུས་ལ་བབ་ནས་ཡོད་པ་རེད། བོད་ནང་ལོག་གི་བོད་སྐད་བོད་ཡིག་གི་གནས་བབ་དང་བོད་ཕྱི་ལོག་གི་བོད་སྐད་བོད་ཡིག་གི་གནས་བབ་སོགས་ལ་ཧ་ཅང་ཕྲ་ས་ནས་བསམ་བློ་གཏོང་དགོས་འདུག རོབ་ཙམ་གྱིས་བལྟས་ན་ད་ལྟ་བོད་ནང་ལོག་ན་བོད་སྐད་བོད་ཡིག་གི་ཁྱབ་རྒྱ་ཆེན་པོ་དང་དར་སྤེལ་འགྲོ་བ་ཞིག་ཏུ་མཐོང་ན་ཡང་། ཕྱོགས་གཞན་ཞིག་ནས་བསམ་ན་བོད་ཡིག་བོད་སྐད་བཀོལ་བའི་བོད་པའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་ལས་ཇེ་མང་དུ་འགྲོ་མི་སྲིད་པ་ཞིག་རེད། རྒྱ་ནག་གི་སྐད་ཡིག་རྩ་མེད་ཀྱི་སྲིད་ཇུས་དང་གཞན་བསྒྱུར་སློབ་གསོའི་འོག་གི་བོད་པ་ནི་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ལྷག་ཏུ་རྒྱ་ནག་གིས་ན་ནིང་ད་ལོ་བོད་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་སྲིད་ཇུས་ལ་ཁ་གཡར་ནས་ང་ཚོའི་སྲོག་སྙིང་གི་ཕྲ་ས་ནས་གཅོད་པར་འབད་བཞིན་ཡོད་པ་རེད། དེ་བཞིན་དུ་བཙན་བྱོལ་ནས་ཀྱང་བོད་སྐད་བོད་ཡིག་གི་ལས་དབང་ལ་སྦད་དེ་ཐན་པ་ཡོང་བཞིན་པ་དང་། གཞུང་ངོས་ནས་ཡིན་ན་བོད་སྐད་བོད་ཡིག་གི་གནད་དོན་ནི་དྲིལ་བསྒྲགས་ཙམ་དང་ངོ་བོ་ཙམ་ལས་མེད་བཞིན་པའི་དུས་ཚོད་འདི་ལྟ་བུར། ང་ཚོས་བསྐྱར་དུ་རང་ཉིད་ཚོ་འཆིའམ་གསོན་གྱི་གནས་བབ་ལ་བསམ་བློ་གཏོང་རན་འདུག
འདི་ལྟ་བུའི་གནད་དོན་མང་པོ་ཞིག་ལ་བསམ་བཞིན་ང་ཚོས་སེམས་བསམ་པའི་བླ་འབོད་ཐེངས་ཤིག་བྱས་པ་ཡིན་མོད། མ་གཞི་བོད་ལ་བདེན་དངོས་ཀྱི་སྐད་ཆ་བཤད་ན་མི་འགྲིག་པ་ལོ་རྒྱུས་ཀྱིས་ང་ཚོར་ར་སྤྲོད་བྱས་ཡོང་ན་ཡང་། གནས་བབ་འདི་ལྟ་བུར་ང་ཚོར་མཚོན་ན་སློབ་ཆེན་སློབ་མ་ཞིག་གི་མིང་བྱང་ཁུར་ཡོད་པས་དང་། ལྷག་ཏུ་སྐྱབས་བཅོལ་བའི་སློབ་ཆེན་སློབ་མའི་མིང་བྱང་ཁུར་ནས་ཡོད་པས། དུས་ཚོད་འདི་ལྟ་བུར་ང་ཚོ་ནི་ཉེན་བརྡ་གཏོང་མཁན་གྱི་དང་པོ་དེ་བྱ་ཐུབ་དགོས་པ་རེད་བསམ་ཡོད། སློབ་ཆེན་སློབ་མ་ནི་མ་གཞི་ཚད་གཞི་ཞིག་ཡིན་གྱི་ཡོད་པ་རེད། ངས་ང་ཚོ་དེ་ལྟར་ཞིག་ཡིན་ཟེར་གྱིན་མེད་མོད། འཛམ་གླིང་ལ་མཚོན་ན་སློབ་ཆེན་སློབ་མའི་སྙིང་སྟོབས་དང་བློ་མིག་གིས་ལོ་རྒྱུས་ལ་འགྱུར་བཅོས་ཕྱིན་པ་ཧ་ཅང་མང་པ་རེད། མང་པོ་བཤད་མི་དགོས་པར་དེ་རིང་ཁ་སང་གི་ཧོང་གོང་སློབ་ཆེན་སློབ་མའི་སྙིང་སྟོབས་ཁོ་ནས་ང་ཚོར་བདེན་དངོས་ར་སྤྲོད་བྱས་ཡོང་བ་ཞིག་ཡོད་པ་རེད། ཅི་ལྟེ་ད་ཐེངས་ཀྱི་སློབ་མའི་སྐད་ཡིག་བླ་འབོད་ཀྱི་གནད་དོན་འདི་ནི་ཕྱོགས་ངོས་གང་ནས་བསམ་ན་རིན་ཐང་ཆེར་ཆེར་ལྡན་པ་ཞིག་ཏུ་གྱུར་ནས་ཡོད་པ་རེད།
ེདེ་རིང་ཉིད་ཀྱི་གླེང་བྱ་ཐམས་ཅད་བོད་མི་རིགས་འདིའི་འཆི་གསོན་ལ་ཐུག་འདུག་པའི་གནད་དོན་རེད།དེའི་ཐད་ནས་བོད་མི་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་བསམ་བློ་གཏོང་དགོས་པ་མ་ཟད།ལས་གཞི་འདི་ལྟ་བུ་ནི་ཡང་ནས་ཡང་དུ་སྤེལ་དགོས་པ་ཞིག་རེད་འདོད།
དེ་ཡང་དོན་ངོ་མས་བཤད་ན་རང་ཉིད་རང་ལ་ཤ་ཚ་བའི་བྱེད་སྟངས་ཤིག་ཡིན་པར་འདོད།གང་ལྟར་བཤད་འདོད་པ་ནི་ཁྱེད་ཅག་མཐོ་སློབ་ཀྱི་སློབ་ཕྲུག་ཚོས་བོད་སྐད་ཡིག་གི་བླ་འབོད་གནང་བ་དེ་ནི་ཆེས་རིན་ཐང་དང་ལྡན་པ་དང་མ་འོངས་པར་ལོ་རྒྱུས་སུ་བཀོད་རིན་ཡོད་པར་ཞིག་འདོད།དེ་ལྟ་བུའི་སློབ་ཕྲུག་རྐྱང་འཁྲུངས་རྒྱུ་ནི་ང་ཚོ་ལ་རེ་བ་ཡོད་པའི་སྔ་ལྟས་རེད།གང་ལྟར་དེའི་ཕྱོགས་ཀྱི་གནས་ཚུལ་ཞིག་རྩོམ་ཡིག་གཞན་ཞིག་ཏུ་བསྙད་ངེས་ཡིན།དོན་ངོ་མས་ཁྱེད་ཅག་དཀའ་ལས་མྱངས་སོང་།ཐུགས་རྗེ་ཆེ།
མི་བུ་རིགས་ཞེན་ཅན་ཁྱེད་ཚོས་རང་ཉིད་ཀྱི་དཀའ་ངལ་ལ་མ་འཛེམ་པར། ནམ་ཡང་ཁ་ནས་བོད་ཀྱི་རིག་གཞུང་དང་། ལག་ནས་བོད་ཀྱི་སྐད་ཡིག་རྨེག་མེད་དུ་གཏོང་མཁན་བོད་མི་ནག་ཉེས་ཅན་དེ་ཚོའི་སྐྱུག་བྲོ་བའི་བྱ་སྤྱོད་འགའ་ཞིག་ཐེར་འདོན་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ད་དུང་ཡང་མུ་མཐུད་དུ་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ། བདེན་པའི་རྒྱུ་མཚན་དཔང་དུ་བཅོལ་ནས་སྙིང་སྟོབས་བསྐྱེད་ཅིག
ངེད་འདི་ཞེ་ས་རེད་དམ། ཡང་ན། ངེད་འདི་གཅིག་ཚིག་རེད་དམ། མང་ཚིག་རེད། འདི་ལ་སུ་གང་གིས་དཔྱད་ཞིབ་ཐུབ་མེད་པ་འདྲ།
གནད་དོན་འདི་ལ་ནམ་ཡང་རེ་ལྟོས་བྱས་ཡོད། དངོས་ནས་ང་ཚོར་སློབ་ཆེན་སློབ་མ་མིང་དོན་ལྡན་པ་རེ་འཁྲུངས་ཐུབ་པར་རེ་བ་འདུག ཁྱེད་ཚོར་ཁ་དྲོ།
རྣམ་པ་ཚོས་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ།
རེད སྤྱིར་ན་ངེད་མཐོ་སློབ་ཏུ་བོད་སྐད་ཡིག་དང་བོད་ཀྱི་རིག་གཞུང་ཞེས་གླེང་མཁན་ནི་མཚན་གྱི་སྐར་མ་བཞིན་ཡིན་ལ། ལག་ལེན་དུ་འཁེལ་མཁན་ནི་ཉིན་གྱི་སྐར་མ་ལྟར་རོ། ཁ་ནས་ཡིད་འཕྲོག་འཕྲོག་དང་། སྙན་འཇེབས་འཇེབས་སོགས་མང་པོ་ཞིག་བཤད་ཀྱིན་འདུག དོན་དངོས་ཐོག་ལག་ལེན་ནི་ཆུའི་སྦུ་བ་ནང་བཞིན་ཡིན། དེ་སྔོན་ངེད་མཐོ་སློབ་ཀྱི་སློབ་སྤྱི་སྦི་ཚེ་རིང་གིས་གཏམ་བཤད་གཅིག་ནང་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་དག་བདག་གཉེར་བྱེད་སའི་མཐོ་སློབ་ནི་ངེད་ཚོའི་མཐོ་སློབ་གཅིག་པུ་ཡིན་པར་བཤད་ཡོད། དེ་མ་ཟད། དུས་ནམ་བོད་སྐད་དང་བོད་ཡིག་བཀོལ་དགོས་པའི་བཀའ་གཏང་བྱུང་། འོན་ཏང་མོ་ཉིད་ཀྱི་ཉིན་རེའི་བྱ་སྤྱོད་ནང་ཨིན་བོད་འདྲེས་འདྲེས་ལས་བཤད་རྒྱུ་མི་འདུག དེའི་སྐོར་ལ་ངས་རྩོམ་ཞིག་བྲིས་ཡོད་ལ། ད་བར་ངའི་སྤེལ་ཐུབ་མ་སོང་། དེ་ནི་བློ་འཕམ་ཆེན་པོ་ཡོད།
ཟ་སྐད་དང་མཐུང་སྐད་ཙམ་ལས། བཙན་བྱོལ་བའི་བོད་མི་རྒན་གཞོན་མང་པོས་བོད་ཡིག་བོད་སྐད་གཏིང་ཟབ་པ་ཤེས་ནི་དཀོན། དེ་ནི་བོད་རིགས་རྐྱང་བའི་འཁོར་ཡུག་མེད་པ་དང་སློབ་ཚན་མང་པོ་ཞིག་དབྱིན་ཡིག་ལས་བོད་ཡིག་ལ་མེད་པ་སོགས། དཀའ་ངལ་ཞིག་ཏག་ཏག་ཡོད་རྒྱུ་རེད། འདི་ཚོ་བོད་ལ་ཤ་ཞེན་དང་རྒྱལ་ཁབ་ལ་དུང་བ་མེད་པ་དེ་འདྲ་ཡིན་མི་སྲིད་པས། ང་དང་ཁྱོད་དབྱེ་ནས་ཅིག་ཅིག་ལབ་བསྡད་ན། དགེ་བ་ཞིག་ཅང་ཨེ་ཡོད་ན་འདོད་ཀི།
རང་སོ་སོ་ཡོད་སའི་རྒྱལ་ཁབ་ནས་ཡར་ལངས་དགོས་ན། རྒྱལ་ཁབ་དེའི་སྐད་དང་ཡི་གེ། ལུག་དང་ལམ་སྲོལ་ཤེས་དགོས་བ་དེ་གལ་ཆེན་པོ་ཡིན། དེའི་སྒང་ལ། བོད་ཡིག་ཚད་མཐོ་བོ་ཞིག་བྱེད་ཐུབ་མཁན་ཚང་མ་རུས་བར་རྐང་ཡོད་པ་ཞིག་ལ་ངེས་འཛིན། ཡིན་ན་ཡང་། ང་ཚོའི་འཐབ་རྩོད་ནི་རྒྱལ་ཁབ་རེད། རྒྱལ་ཁབ་ལག་ལ་བྱུང་སྤྱད་དུ་སྐད་དང་ཡི་གེ་གང་ལ་རེ་བ་ཆེ་བ་དེ་བཀོལ་ན་ཆོག་པ་ཞིག་རེད། དེ་མིན། གཞན་སྐད་རང་གིས་མ་གོ། གོ་བརྡ་གཞན་ལ་མི་འཕྲོད་པའི་ཨུ་ཚུགས་ཙམ་གྱིས་བོད་ཡིག་བོད་སྐད་ལ་བདག་པོ་བྱས་ནས་བསྡད་ན། ཕན་ལས་གནོད་ཡོད་སྲིད།
བོད་པ་རྐྱང་བའི་མཛད་སྒོ་ལ་བོད་ཡིག་གཅིག་པོ་ཙམ་ལས་མི་དགོས་བ་འདྲ་ཞིག་འདུག།
བཙན་བྱོལ་བའི་ར་མ་ལུག་གི་བོད་སྐད་དེ་ནི། དེ་འདྲ་དགོས་ངེས་ཅན་ཞིག་ཅང་ཨེ་ཡིན་ནམ་འདོད།
བོད་ནང་ནས་བོད་སྐད་བཤད་པ་ལ་ཤུགས་རྒྱག་དགོས་བ་དང་། བོད་སྐད་དེ་རྒྱག་ཆོག་བ་དང་རྒྱག་ཐུབ་པའི་ཆེད་དུ། བཙན་བྱོལ་པས་ནུས་ཤུགས་གང་ཡོད་ཞིག་འདོན་དགོས་བ་ནི་མ་བྱས་མི་ཡོང་བ་ཞིག་རེད་འདོད། དེ་མིན། བཙན་བྱོལ་བས། པ་བ་འདྲ། མང་དམངས་འདྲ་བརྩད་ནས། བོད་ཡིག་སྲུང་གི་ཡིན་ཟེར་ན། ངས་ནི་འབྲས་བུ་མི་ཐོག་པའི་ལམ་ལོག་གི་ཉི་མ་ཟད་སྤྱད་ཙམ་ལས། ཁ་ཚ་དགོས་གཏུག་ཞིག་ཅང་ཨེ་ཡིན་ནམ་འདོད།
་་་་་་་་་ བོད་ནང་ནས་བོད་སྐད་བཤད་པ་ལ་ཤུགས་རྒྱག་དགོས་བ་དང་། བོད་སྐད་དེ་རྒྱག་ཆོག་བ་དང་རྒྱག་ཐུབ་པའི་ཆེད་དུ། བཙན་བྱོལ་པས་ནུས་ཤུགས་གང་ཡོད་ཞིག་འདོན་དགོས་བ་ནི་མ་བྱས་མི་ཡོང་བ་ཞིག་རེད་འདོད། ་་་་་་་་
གནམ་ལགས་སུ་བཤད་རྒྱུར། མ་གཞི་བཙན་བྱོལ་བའི་བོད་སྐད་ཡིག་གི་གནས་བབ་འདི་ལྟ་བུ་ཞིག་ཏུ་གྱུར་དོན། ང་ཚོས་ནམ་རྒྱུན་འདི་ལྟ་བུའི་རང་ཉིད་ཀྱི་ཉེས་པ་གཞན་ལ་འགེལ་བ་དང་ཁོར་ཡུག་སོགས་ཀྱིས་མ་བ་མི་ཐུབ་པའི་སྒྱུད་ལུག་དང་གུ་ཡངས་གཏོང་ཚུལ་གྱི་བར་ནས་འཐུས་ཤོར་སོང་བ་རེད། ང་ཚོས་ད་དུང་བོད་སྐད་བོད་ཡིག་ལས་གཞན་པའི་འཐབ་རྩོད་ཅིག་བྱ་དགོས་ཚུལ་དང་ཐོབ་བྱ་ཞིག་ཡོད་པར་འདོད་ནས། མི་ལོ་ལྔ་བཅུར་ཆབ་སྲིད་ཀྱི་རོལ་རྩེད་ཁྲོད་ནས་འཐོམ་བསྡད་པ་ལས་ང་ཚོར་གྲུབ་འབྲས་ཆེན་པོ་ཞིག་ག་རེ་བྱུང་ཡོད་པ་རེད། དེ་ལས་ཀྱང་དེང་སང་རྒྱ་ནག་གིས་སྐྲག་དགོས་ས་དེ་ཕྱི་ལོག་གི་ཁ་བྲལ་བ་མིན་པར། བོད་ནང་ལོག་གི་གཞོན་སྐྱེས་ཚོར་ཁ་གཏད་གཅོག་དགོས་པ་བཤད་ཀྱིན་ཡོད་པ་རེད། འདི་ང་ཚོས་བོད་སྐད་བོད་ཡིག་ལས་ཀྱང་རྒྱལ་ཁབ་ལེན་པར་འབད་འབྲས་བུ་ཨེ་རེད། ནམ་རྒྱུན་དབུ་མའི་ལམ་ལ་ཤར་སྐྱོད་ཡིན་ཟེར་མཁན་ཚོས་ཀྱང་འདི་ལྟ་བུ་དག་ཧ་གོ་དགོས་ཡོད་པ་རེད། ༧གོང་ས་མཆོག་གིས་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཕྱོགས་དོན་ནམ་རྒྱུན་བོད་དོན་ཟེར་ནས་ཆེན་པོ་དང་དྲིལ་བསྒྲགས་ཙམ་གྱི་ངོ་བོ་ལས། རྩ་བའི་རྩ་དོན་དེ་བོད་སྐད་བོད་ཡིག་འདི་ཤོར་མ་བཅུག་ན་ང་ཚོས་སྲོག་རྩ་འདི་རེད་ལབ་ནས་གསུངས་ཡོད་ཨ། འདི་དག་ང་ཚོས་ངེས་དགོས་པ་རེད། ཆེན་པོ་བཤད་ནས་འདུག་ས་མེད་པ་ཧ་གོ་དགོས་པ་རེད། བོད་སྐད་བོད་ཡིག་ལས་གཞན་པའི་སྐད་ཡིག་ཅིག་གིས་ང་ཚོར་ཕན་ཐོག་གི་ཡོད་ན། ཟམ་གདོང་བླ་མས་མི་ལོ་ཉི་ཤུ་སུམ་ཅུར་ཕྱིའི་སྐད་ཡིག་དང་རིག་ཚན་ནང་དུ་མཁས་པ་གང་མང་རེ་ཨེ་བྱུང་བར་འདོད་ནས་རེ་བ་བརྒྱབ་ཡིན་མོད། དེ་འདྲིའི་རིགས་ནི་གང་ཡང་བྱུང་མ་སོང་ཟེར་ནས་བསྡོམས་ཡག་ཐག་ཆོད་ཅིག་བརྒྱབ་འདུག བློ་སེང་ཁྱེད་གཉིས་ཀྱིས་ད་དུང་ཕྱིའི་སྐད་ཡིག་ལ་མཁས་པ་དང་ཕྱི་སྐད་བོད་ལ་ཕན་པ་ཅན་རེ་དང་དེ་ལྟ་བུའི་འབུམ་རབ་པ་མང་པོར་རེ་བ་བརྒྱབ་ནས་འདུག་གི་ཡིན་ནམ། ཧཧཧཧ། དེ་འདྲ་ཞིག་ཨེ་རེད།
སྐབས་འདིར། ངས་སྐད་ཆ་དེ་འདྲ་ཞིག་བཤད་དགོས་དོན་འདི་འདྲ་ཞིག་ཡིན། གླིང་གཅེར་བུ་ལགས།
སང་ཉིན་ང་ཚོས་བོད་ལྭ་གོན་ནས་དམགས་ལ་འགྲོ་སྐབས། ལག་ལ་མ་ཎི་འཁོར་ལོ་དང་འཕྲེང་བ་ཁྱེར་ན་རྒྱལ་ཁ་ཡོད་དམ། ཡང་ན། ཨེཁེ-༤༧ (AK-47)དང་ཨེམ༡༦ (M16)ཁྱེར་ན་ལྟ་ས་ཡོད་དམ། དཔེ་འདི་འབྱོར་ན་མ་འབྱོར་ན་ཡང་སེམས་ལ་དེ་འདྲ་ཞིག་འཁོར་ནས་བཤད་པ་ཡིན།
ང་བོད་སྐད་དང་བོད་ཡིག། བོད་སྲོལ་དང་བོད་ཟས་ལ་གོམ་གོམ་ཞིག་གང་ལ་ཡང་གོམ་མེད། ཡིན་ན་ཡང་། ང་ཚོས་ང་ཚོ་ཕྱག་སྟོང་ལྗགས་སྟོང་ཞིག་བྱེད་མ་ཐུབ་ན་ཡང་། ཕྱག་བཞི་ལྗགས་བཞི་བ་རེ་བྱེད་ཐུབ་ན། དགེ་མཚན་མེད་པ་ཞིག་རྩ་བ་ནས་མིན།
ཁྱེད་རང་བོད་ཡིག་ཡག་པོ་ཤེས་ནི་ཞིག་ཡིན་ན། ད་སྐད་ཡིག་གཞན་ལ་ལྟ་ཙམ་ལྟ་ཙམ་བྱོས་དང་། བོད་གང་ཅན་ལ་ཕན་ཐོག་པའི་ཤེས་བྱ་ཡོན་ཏན་མང་པོ་ཡོད་ངེས་གཏན་ཡིན་པས། བྱུང་ན། གྲོགས་པོ་ཨུ་ཚུགས་དང་ཁེངས་རའི་སྐོག་ཤུན་ནས་ཡུབ་མ་བཞུགས་རོགས་ཞུ།
ང་སློབ་བཟང་སངས་རྒྱས་ལ་དགའ་ལི་མ་རེད། ཡིན་ན་ལ། ཁོས་བོད་སྐད་མ་ཤེས་བའི་རྒྱུ་མཚན་གྱིས་ཁོ་ལ་མ་དགའ་བ་རྩ་ནས་མིན།
སྐད་ཀྱི་སྒྲ་གདངས་འགྱུར་བའི་དབང་གིས། ངས་དང་ངའི་གཉིས་ལ་གོ་བ་གཅིག་པ་རེད། སེམས་མཁན་ལོ་ངོ་དྲུག་ཅུ་རེ་གྲངས་ལྷག་སྔོན་དུ་བོད་ཀྱི་མཁས་པ་འགས་བྲིས་པ་མཐོང་། མཆན་བུ་འདིར་ཡང་དེ་འདྲ་ཡོད་པ་རྒྱུན་མི་ཆད་དུ་འོང་ངོ་སྙམ། ལུག་དང་ལུགས། ལོགས་དང་ལོག་གི་ཁྱད་པར་ཤེས་པ་དཀོན། ངས་བོད་དུ། ཐང་གཅིག་ཟེར་བ་མ་གཏོགས། ཐེངས་གཅིག་ཟེར་བ་གོ་མ་མྱོངས། དེ་ཡང་བོད་མཁས་པས་བྲིས་པའི་དཔེ་ཆ་ན། ལན་གཅིག ལན་གསུམ་སོགས་ཡོད་ཀྱང་དེ་བཞིན་ལག་ལེན་བྱེད་མཁན་ནི་ཉིན་སྐར་རེད་འདུག་གོ །