རྣམ་གྲོལ་གླིང་། དགའ་དགའ་ནས།
ཚེས་ཆེན་བཅོ་ལྔའི་ཟླ་འོད་འོག །
ཞི་འཇམ་བསིལ་རླུང་དལ་གྱིས་གཡོ།།
ལྗང་མདོག་ལྗོན་པའི་མཛེས་སྡུག་རེས།།
འཇིག་རྟེན་གསར་དུ་བསྐྲུན་པར་བྱེད།།
གཙང་ཆུ་སྔོན་མོའི་རླབས་སྒྲ་རེས།།
གླིང་བུའི་འགྱུར་ཁུགས་བཏེགས་ནས་བཞུད།།
གསེར་གྱིས་གཡོགས་པའི་ས་གཞི་ལ།།
ཐོ་རངས་སྐར་ཆེན་ཞབས་ཀྱིས་བཅགས།།
མི་མེད་ནགས་ཀླུང་སྟུག་པོའི་ནང་།།
སྐྱེས་བུའི་སྐྲ་ལོ་ཕོན་པོ་ཡིས།།
རལ་གྲིའི་དངོ་ལ་འོ་ཞིག་སྦྱིན།།
བདེན་པའི་རྒྱལ་ཁ་ཐོབ་ཏུ་བྲེལ།།
ཏིང་འཛིན་ཟས་དང་གོས་བྱེད་པའི།།
སྙིང་སྟོབས་སྙིང་ནས་བཞད་པ་པོས།།
ལུས་ཀྱི་རྒྱན་ཆ་རྒྱབ་ཏུ་བསྐྱུར།།
བྱམས་དང་བརྩེ་བའི་བཟི་ཁ་རྒོད།།
ཉི་མ་མཁའ་ནས་ལྷུང་བ་དང་།།
ཟླ་བ་ས་ལ་ཟགས་ཡོད་ན།།
རྒྱང་ནས་བརྒྱ་བྱིན་འདར་སོང་བ།།
རྒྱལ་བུ་དོན་གྲུབ་རྒྱལ་སོང་སྐད།།
ཞིབ་ཅིང་ཕྲ་བའི་གནས་མོ་ལ།།
གསེད་ཅིང་བརྡར་བའི་ཕྱག་ཟུང་གིས།།
བྱམས་པས་བྱིལ་དོར་བྱེད་པ་ན།།
འཛུམ་པའི་སོ་ཕྲེང་མངོན་དུ་གྱུར།།
ཞབས་རྗེན་འཁོར་ལོའི་མཚན་མ་ཅན།།
མྱང་ངམ་ཐང་དུ་ཐེངས་ཤིག་དཔར།།
ཐར་ལམ་འོ་མས་བསྐྲུས་ཤུལ་དུ།།
དོན་གྱི་རྟ་ཕོ་ཆིབས་ཏེ་བསྐྱོད།།
འདོད་ཆགས་ཁྲག་གི་རྒྱ་མཚོ་དང་།།
ཞེ་སྡང་མེ་ཡི་སྤུ་གྲི་སོགས།།
ཐུགས་ཀྱི་དཀྱིལ་ནས་སྤུར་སོང་བའི།།
འཇིགས་པའི་ཆོས་དག་ཨེན་ཙམ་མོ།།
གནས་ལུགས་གནམ་གྱི་རྒྱལ་མོ་ལ།།
དྲང་སྲོང་ཁྲོས་པ་རྙི་ལ་ཐེབས།།
སྟོན་པས་བསྟན་པའི་སྒོ་ཆེན་ཞིག །
ནམ་མཁའི་རྒྱ་ཁྱོན་ཡོངས་སུ་འཚེར།།
ཆོས་ལྔའི་ལམ་དུ་ཁྲིད་པ་ཡི།།
གསུང་གི་བདུད་རྩི་འཐུང་བ་ཀུན།།
ཕྱིར་མི་ལྡོག་པའི་བདེ་ཆེན་གྱི།།
དག་པའི་ཞིང་ལ་བརྟས་ཏེ་བསྐྱོད།།
2017-4-18-ཉིན་བལ་ཡུལ་ནས།