རྨ་དུང་ཟླ།
༡༽
ཕྱི་རོལ་གྱི་སྲང་ལམ་
གློག་སྡོང་རེ་རེའི་འོད་སྣང་ཁྲོད་ན་བཟི་འདུག་ནའང་
ཁང་མིག་ནང་རོལ་ཀྱི་ལྷིང་འཇགས་རྔུབ་པའི་ང་གཉིས་
འཇིག་རྟེན་གཞན་ཞིག་གི་འཐུ་འོག་ན་
ཕན་ཚུན་གྱི་བྲང་གཞུང་ན་གབ་པའི་སྒྱུ་རྩལ་གྱི་གཏིང་མཐའ་འཚོལ་བར་བྲེལ་
༢༽
རིག་རིག་གི་མིག་ཟུང་དག་
འོད་སྣང་ལ་སུན་པའི་བྱིས་པ་ཞིག་གི་ངོ་གདོང་དང་འདྲ་བར་
ལག་པའི་གྲིབ་འོག་ན་ཞི་བར་གཟིམས་དུས་
ངས་ཆེས་མཐའ་མཇུག་གི་མཇལ་ཕྲད་ལ་མཁྲེང་བའི་སེམས་པ་མིད་ཁར་བཟུང་ནས་
ཁྱོད་དང་ཉེ་བའི་རང་ཉིད་ཀྱི་མིག་ཟུང་གཏན་ནས་ཟུམ་དུ་མ་བཅུག
༣༽
དཔའ་བོའི་གྲི་ཁ་ན་འདར་བའི་སྡར་མ་བཞིན་
ཞོགས་པའི་སྐྱ་རངས་ཀྱི་འོད་ཐིགས་མ་ལྷུང་བར་
གཉིད་ཀྱི་མུན་པ་དེ་གཏན་ནས་ཤར་རྒྱུ་མ་བྱུང་ནའང་
ལས་བསྐལ་ཞིག་གི་ཡག་ཙོག་མ་ཤེས་པས་
ངས་ད་ལྟའི་སྐབས་ཕྲད་དང་མཐའ་མའི་གཏན་བྲལ་ལ་གདམ་གསེས་མ་ཐུབ་
༤༽
ཆེས་མཐའ་མཇུག་གི་མཚན་ལྗོངས་དེ་རྨི་ལམ་གྱི་ལྷག་མ་ལྟ་བུའི་སྣང་བརྙན་
ཞིག་བཟོ་འདོད་ཆེ་ནའང་
དུས་ཚོད་ཀྱི་གོམ་ཁ་ལ་སྔར་བཞིན་དལ་ལྷོད་མི་འདུག
༥༽
མི་ཚོགས་བཞུར་བའི་བར་མཚམས་ནས་
མཐའ་མཇུག་གི་འོ་ཆུང་ཅིག་ང་གཉིས་ཀྱི་ལས་བསྐལ་དུ་སྦྱིན་དུས་
ཁྱོད་ཀྱི་ཚེར་སྣང་གི་བྱིས་བློའི་རྣམ་འགྱུར་དེས་
བདག་གི་དྲན་གདུང་ལ་ནག་ཐིགས་ཀྱི་ལྷན་པ་བརྒྱབ་